སྒོམ་པ་ཚེ་རིང་། ༼ལྡོང་སྲས་ཀྱིས་འོས་སྦྱོར་ཞུས།༽
ཕྱོགས་ཞེན་རིས་གཅོད་ཀྱི་གཡོན་ཐལ་རབ་ཏུ་རྒོད་ཅིང་དུངས་ཞེན་ལད་ཞེན་གྱི་ཚིལ་དྲེགས་ཡོངས་སུ་འཐིབས་པ། ལྐོག་ཟ་ལྐོག་རྔམ་གྱི་ལྐོག་ལས་བྱང་དུ་ཆུད་ཅིང་རུལ་སུངས་གཡོ་སྒྱུ་ཡི་རྫུན་ལ་རིང་ནས་གོམས་པ། ནང་འཚོང་ལྐོག་ཞུ་ཡི་ནང་དམེར་ཀུན་ནས་བྱང་ཞིང་ཕྲག་དོག་མེ་ལྕེ་ཡི་དུག་ཆུ་ཤིན་ཏུ་ཚ་བ། རང་ས་བརྟན་སྲུང་གི་བློ་རིག་ཀུན་ནས་བྲལ་ཞིང་དངོས་ཡོད་གནད་དོན་གྱི་གནས་ལ་ཡོངས་སུ་རྨོངས་བ། སྤུན་ཟླ་ནང་དམེ་ཡི་ཁྲག་གིས་འཁོར་ལོ་བསྐོར་ཞིང་གཡོ་སྒྱུ་སྤྱོད་ངན་གྱི་ལས་ལ་རྣམ་པར་ལོབས་པ། མདོ་དབུས་ཁམས་གསུམ་གྱི་དབྱེ་དགར་ཕྱོགས་སུ་མཆེད་ཅིང་ས་དགེ་བཀའ་རྙིང་གི་གྲུབ་མཐའ་འཐེན་ནས་འཁྱེར་པའི་སྒང་བ་བོད་ཡུལ་གྱི་ཁོར་ཡུག་འདི་ནས་ནམ་ཡང་རང་གི་ཅ་ནེ་ཁོ་ན་ཤོར་དོགས་ལ་སེམས་ཁྲལ་ཆེ་ཞིང་དོན་དངོས་ཀྱི་མདུན་དུ་དཔའ་ཞུམ་ལ་ངག་ལྐུགས་ཏེ་དྲང་བདེན་གྱི་ཁུར་བོ་རིང་དུ་གཡུག
གཡོ་རྫུན་གྱི་རྡོག་ཁྲེས་འཕྲེད་དུ་འཁུར་བའི་བོད་ཀྱི་ཁ་བདེ་མགོ་ཡང་དང་སྨྲ་བཅད་ངག་བསྡམས་ཀྱི་མི་རྒན་གྱིམ་པོ་ཚོ་དང་ཤེས་རྒྱ་དང་སེམས་རྒྱ་དང་བསམ་རྒྱ་དང་བློ་རྒྱ་དོག་ཅིང་བོད་མིའི་ཡོན་ཏན་པར་རློམ་མཁན་ཚོས་གཞན་ལ་ཕོག་ཐུག་དང་གནོད་སྤྱད་ཀྱི་འདི་འདྲའི་ཁ་བྱང་ཞིག་རིག་མ་ཐག་ཚོད་ཚོད་དུ་ངར་ལངས་ཤིང་མཚམས་མཚམས་སུ་དགོད་བྲོ་བའི་ཁ་ཤེད་འཇིགས་པོ་རེ་དང་ཡ་མཚར་བའི་ཤོམ་སྐད་སྦོམ་པོ་རེ་འཐེན་ཏེ་འཆར་གཞི་དང་དམིགས་ཡུལ་ཡོད་པའི་སྒོ་ནས་ཕ་རོལ་པོའི་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་དང་། བསམ་བློའི་རང་དབང་ལ་དཔུང་འཇུག མི་གཞིའི་ཐོབ་ཐང་ལ་མཐོང་ཆུང་། རིག་གནས་དཀྱེལ་ཡངས་ལ་རྡོག་བརྫིས། དགའ་ཁ་འཁྱེར་ཕྱོགས་ལ་དམའ་འབེབ། མི་གཤིས་ཀུན་སྤྱོད་ལ་གཞོགས་གཏུབ་སོགས་བྱེད་བཞིན། ཡང་ཞོགས་དུང་གི་རྒྱུགས་ཁྱི་དང་བདུད་ལྷ་རྒྱལ་གྱི་བདུད་ཕྲུག སངས་རྒྱས་བསྟན་པའི་ཞབས་འདྲེན། དམར་པོ་ཚང་གི་རྒྱུགས་ཁྱི་ཞིག་སླེབས་འདུག་སོགས་དོན་གྱི་སྙིང་བོའི་དབེན་ལ་དཔྱོད་པའི་རིན་ཐང་བྲལ་བའི་སྐད་ཅོར་མི་རྒྱག་པའི་ངེས་པའང་ཁྱོན་ནས་མེད་ཅིང་དེ་ལྟར་སྨྲ་མཁན་ཚོ་ནི་རྒྱུན་གྱི་དུས་སུ་དཔའ་བོ་ཞིག་དང་གནད་ཀྱི་སྐབས་སུ་ཝ་མོ་ཞིག གོང་ལ་འཕྲད་ན་ཞུམ་ཞུམ་ཞིག་དང་འོག་ལ་ཐུག་དུས་དྲག་དྲག་ཅིག བར་ལ་འཕྲད་དུས་ལྷོད་ལྷོད་ཅིག་མ་ཡིན་ནམ།
ཁོ་བ་ཚོའི་བདེ་ཞིང་མྱུར་བའི་ཁ་དེ་ལ་ནམ་ཡང་སེམས་ཅན་ཐམས་ཅད་དང་བྱམས་དང་སྙིང་རྗེ་དང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའམ་དུག་སྦྲུལ་གྱི་ཚང་སོགས་ཐོགས་ཏེ་དོན་ལ་སྒེར་གྱི་ཁེ་ཕན་ཉི་ཚེ་བ་རེ་སྒྲུབ་ཅིང་སྣོག་ལས་རྐྱང་རྐྱང་གི་ཁྲོད་ན་ནམ་ཡང་གཡམ་རྒྱུགས་ལ་དགའ་ཞིང་ཕྱོགས་རྒྱུགས་ལ་ལོབས་པའི་གྱང་ཁའི་རྩྭ་དང་འདྲ་བའི་སྐྱེ་བོ་ཅང་མེད་དག་དང་གྲྭ་གཟུགས་མདོ་མེད་པ་དེ་ཚོ་ནི་ཁ་ཕྱོགས་མེད་པའི་སྐྱི་བསེར་རླུང་བུས་ཀྱང་སྒུལ་སླ་ཞིང་འཁུར་སྐྱེན་ལ་སྒོར་རྡོག་བཅུ་ཁ་ཞིག་གིས་ཀྱང་ཉོ་ཐུབ་ཅིང་འགུག་སླ།
སྐབས་འདིར། ངས་ནི་ཏག་ཏག་འདི་ལྟར་འཆད་འདང་ཡོད་དེ། ནམ་རྒྱུན་བོད་མི་དང་བོད་ཡུལ། བོད་ཆོས་དང་བོད་རིགས། བོད་སྲོལ་དང་བོད་གཤིས། བོད་རྒྱུན་དང་བོད་ཁྲག བོད་སེམས་དང་བོད་སྐད། བོད་དབང་དང་བོད་རྒྱུད། བོད་ཡིག་དང་བོད་ལྭ། ཕ་ཡུལ་དང་ཕ་མ། ཕ་ཆོས་དང་ཕ་ཁྱིམ། ཕ་སྐད་དང་ཕ་ནོར། ཕ་མེས་དང་ཕ་རྒྱུད། ཕ་ས་མ་ཁུངས་དང་ཕ་མེས་ཡང་མེས། ཕ་ཚ་བུ་རྒྱུད་དང་ཕ་རྒྱུད་བུ་འཛིན། ཕ་གཞིས་དྲོན་མོ་དང་ཕ་ཡུལ་གསར་འཛུགས་བཅས་ལ་མནོ་བསམ་ཞིབ་ཏུ་གཏོང་མཁན་ཞིག་ཡིན་ཕྱིན་དང་ལྷག་དོན་བོད་མིའི་འདུ་ཤེས་རྒྱ་འགྱུར་དང་བོད་ཀྱི་ཕ་སྐད་སྦྲགས་འགྱུར་ཏུ་འགྲོ་བཞིན་པའི་དངོས་ཡོད་གནས་ཚུལ་ལ་ཕངས་སེམས་རབ་ཏུ་སྐྱེས་ཤིང་ཕ་ཡུལ་ཁྲག་དམར་གྱི་ཆོལ་ཁ་དང་ཕྲག་དོག་གི་དོ་རར་གྱུར་བ་ལ་བསམ་གཞིག་ཀྱང་གནད་དུ་ཐིངས་བ་རེ་བཏང་ཡོད་ཚོད་རེད།
དེ་བས། བོད་མིའི་སྐྱབས་མགོན་མཆོག་གིས་ཀྱང་། “ཁྱོད་ཚོ་བོད་ནང་གི་སྤུན་ཟླ་ཕན་ཚུན་བར་མི་གསོད་ཁྲག་སྦྱོར་གྱི་ལས་ལ་བརྩོན་དུས་ང་བློ་ཕམ་ཞེ་དྲག་ཡོང་གི་འདུག”ཅེས་སི་ཏའི་མིང་གི་བཟླས་བརྗོད་བཞིན་དུ་ཡང་དང་བསྐྱར་དུ་བཟླས་ན་ཡང་། སྒང་བ་བོད་པ་ཚང་གི“དད་པ་ཅན”གྱི་བོད་མི་ཚོས་ད་དུང་ཡང་ཁ་ནས་ཆོས་སྐད་ལྷང་ལྷང་གིས་ནེ་ཙོས་མ་ཎི་འདོན་འདོན་དང་ཁོག་ལ་དུག་རླངས་འཐིབས་འཐིབས་ཀྱིས་མི་དྲན་དགུ་དྲན་དང་མི་ལས་དགུ་ལས་ཀྱིས་ངན་སེམས་རང་ལ་གཏད། གྲི་ཁ་ནང་ལ་བསྐོར། རང་ཤ་རང་གིས་ཟོས། རང་ཁྲག་རང་གིས་འཐུང་སྟེ་རྩྭ་ས་སོར་གང་དང་འཐུང་ཆུ་ཁམ་གང་གི་ཆེད་དུ་ནང་མི་དམར་གསོད་ཀྱི་སྐྱོ་གར་ལོ་རྒྱུས་རྒྱུན་མཐུད་ཅིང་དགྲ་ཤ་ལེན་རེས་ཀྱིས་ཁྲག་གི་འཁོར་ལོ་བར་མེད་དུ་བསྐོར་འོང་ཚེ། ངས་མར་གྱུར་སེམས་ཅན་ཐམས་ཅད་ཅེས་མིག་ཟུང་བཙུམས་བཙུམས་དང་ཁ་ཤ་བརྫེས་བརྫེས་ཀྱིས་ལག་ཟུང་བྲང་ཁར་སྦྱོར་བའི་བོད་པ་ཕལ་ཆེར་ཞིག་ལ་དད་པ་ཡོད་མེདXརེད་འདོད་ལ། དེ་ལྟར་འདོད་ནས་ཀྱང་ཡུན་རིང་འགོར་ཡོད། དོན་ལ་དད་པ་ནི་སྐུ་འདྲ་ཙམ་ལ་ཕྱག་འཚལ་བ་དང་་མཆོད་རྟེན་ཙམ་ལ་བསྐོར་བ་ཡང་བསྐོར་བྱས་ཏེ་ལག་ལེན་གྱི་སྟེང་དུ་ཁ་ནས་བཤད་པ་དེ་བསྒྲུབ་མ་ཐུབ་པ་ཡིན་ཚེ་དད་པ་རྣལ་མ་ཞིག་ཡིན་རྒྱུ་མ་རེད་སྙམ།
ཡང་ཀུན་དགའ་དོན་འགྲུབ་དང་མི་སྒེར་གྱི་ཅ་ནེའི་ཆེད་དུ་བོད་མི་ཚོས་རང་གི་ངོ་གདོང་བོར་ཞིང་བཙིར་གནོན་གྱི་འཇིགས་སྐྲག་སྣ་ཚོགས་དང་བཙན་བསྒྱུར་གྱི་དངངས་འདར་གྲངས་མེད་ཁྲོད་ནས་རང་ཉིད་ཀྱི་མིང་ཡིག་ཀྱང་བརྗེད་དེ་ཆེ་ཆེ་གྲགས་གྲགས་ཀྱི“ཆེན་པོ”དག་གསོན་པོ་ཡིན་དུས་སུ་ཨོ་ཁྲུ་མོ་ལོ་ཧྥུ་དང་འདྲ་བའི་རང་རེ་བོད་ཀྱི་རྒྱུག་ཁྱི་སྐོར་ཞིག་གིས་གུས་གུས་ཞུམ་ཞུམ་དང་མགོ་བོ་སྒུར་སྒུར་གྱིས“ཆེན་པོ”དག་གི་འཕོངས་ཚོས་རྒྱུན་ཆད་མེད་པར་ལྡག་ཅིང་། ཡང་ཆེ་ཆེ་གྲགས་གྲགས་ཀྱི“ཆེན་པོ”དག་རྣམ་ཤེས་དང་བྲལ་ཏེ་བེམ་པོར་གྱུར་དུས་ཀྱང་མི་གཞི་དང་སྒལ་ཚིགས་དང་ཤེས་རྟོགས་དང་ཕྱིར་རྟོག་བྲལ་ཞིང་བོད་དྲི་དང་རྩམ་དྲི་དང་མར་དང་མི་དྲི་མི་བྲོ་བའི་བོད་ཀྱི་རྒྱུག་ཁྱི་དེ་དག་གིས་མིག་ཆུ་བཞུར། མྱ་ངན་བྱེད། མགོ་བོ་སྒུར། གུས་ཕྱག་འཚལ། སེམས་པ་སྡུག་ནས་ཅི་བྱེད་འདི་བྱེད་མེད་པར་ཆགས་འགྲོ་བའི་དུས་སྐབས་འདིར་ངས་མཚར་སྡུག་འོད་སྟོང་རབ་ཏུ་འབར་མྱོང་བ་དང་སུམ་ཉིས་གོ་ལ་ཡོངས་སུ་བཟུང་བར་གྲགས་པའི་རང་རེ་ཚོ་ལ་ཇི་ལྟར་གདེང་འཇོག་བྱེད་དགོས་པ་དང་ཇི་ལྟར་ཕྱིར་རྟོག་བྱེད་དགོས་པ་དང་ཇི་ལྟར་བསམ་གཞིག་བགྱི་དགོས་པའང་རྨང་ནས་ཤེས་མ་བྱུང་།
བོད་ཀྱི་ལས་བྱེད་པ་དང་གཞུང་ཞབས་པ་དང་ཡོན་ཏན་པ་དང་འགོ་ཁྲིད་པ་དང་ཆེད་མཁས་པ་དང་རྩོམ་པ་པོ་དང་ཞིབ་འཇུག་པར་རློམ་མཁན་པ་འདི་ཚོས་ཁྱི་སྤྱང་ངན་འབྲེལ་གྱིས་གོ་སྐབས་གང་རུང་གི་ལྟག་སྒོའི་འགྲམ་ན་ཅི་ཞིག་ལ་འགྲམ་ཆུ་ལྡང་བཞིན་རྒྱལ་ཁབ་ཀྱི་གླ་ཕོགས་དང་ཁྱད་འཕགས་ཀྱི་གོ་སའི་ཆེད་དུ་རང་ཉིད་ཀྱི་རུས་མིང་བརྗེད་ཅིང་ངོ་གདོང་བོར་ཏེ་བླ་སྲོག་ལྟ་བུའི། རྣམ་ཤེས་ལྟ་བུའི། རུས་རྐང་ལྟ་བུའི། ཟུངས་ཁྲག་ལྟ་བུའི་བོད་ཀྱི་སྐད་དང་ཡི་གེ་དང་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་རིག་གནས་དག་ཁྱུད་མིད་གཏོང་བར་བརྩོན་དུས་ངས་ཁྱོད་ཚོ་ལ་མི་གཟུགས་འཛིན་པའི་ཁྱི་རྒན་དང་རང་རིགས་གསོད་པའི་སྲིན་པོ་རེད་ཅེས་ཡང་ཡང་བརྗོད་འདོད་ལ། དེ་བས། བོད་མིང་རྫིག་པོ་རེ་བཏགས་ཤིང་བོད་ཀྱི་ལ་རྒྱ་དང་བོད་ཀྱི་འདུ་ཤེས་ཡོད་ཟེར་མཁན་གྱི་ཕུང་གསུམ་པ་དེ་དག་གིས་རྒྱུ་འབྲས་བརྩི་མིན་དང་བློ་མིག་ཡོད་མེད་དང་རིག་ཞེན་ཆེ་མིན་དང་ལ་རྒྱ་བརྟན་མིན་དང་དད་པ་ཡོད་མེདXཡིས་མཚོན་འདོད་སྐྱེས།
ཡང་འུ་ཚང་གི་ཤིན་ཏུ་མང་པོ་མང་པོ་ཞིག་གིས་ཆང་ཁ་ན་ཆོས་རྩོད་རྒྱག་ཅིང་ཇ་ཁ་ན་ལ་རྒྱ་རྩོད་ཀྱིན་སྐད་ཡིག་གི་རང་དབང་དང་མི་རིགས་ཀྱི་ལས་དབང་གླེང་མོད། ཆང་གི་བཟི་དྭངས་རྗེས་གྱང་ཁའི་རྩྭ་དང་ནམ་མཁའི་སྤྲིན་དང་འདྲ་བའི་ཁོ་བ་ཚོ་ནི་ཅི་ཡང་མེད་པའི་དབུགས་ལྒང་ཞིག་ལས་ཅི་ཡང་མིན་པ་ཧ་ལོས་གོ་ཨང་།
དུས་ད་ལྟར་ང་ཚོ་ཐུན་མོང་ལ་ངེས་པར་དུ་མཁོ་བ་ནི་ཆང་ལ་རྒྱ་དང་མཉམ་དུ་འཐུང་ཞིང་ལ་རྒྱ་ཆང་དང་མཉམ་དུ་སྐྱུག་རྒྱུ་དེ་མིན་ལ། ཁ་ཚོད་མེད་ཀྱི་ནང་དུ་ཆང་རྫོགས་མེད་འཐུང་ནས་གཏམ་ཚོན་པོ་དང་སྐད་སྦོམ་པོ་བཤད་རྒྱུའང་མིན་པར་སེམས། ལྷག་ཏུ། གྲྭ་ཆས་སྤྲས་ཤིང་དང་སྤྲུལ་མིང་དང་བླ་མིང་བཏགས་ཡོད་པ་དག་གིས་ཀྱང་ཆོས་ལུགས་སྨད་འཚོང་ཁང་ན་སྤེལ་གྱིན་པ་དང་ཆོས་བཤད་རྒྱ་ཡུལ་གྲོང་ན་རྒྱག་གིན་ཡོད་པ་ངས་མ་བཤད་ཀུན་གྱིས་ལོས་མཁྱེན་ཨང་། དེའི་ཕྱིར། འུ་ཚང་གི་བོད་ཕྲུག་དག་གིས་དཔའ་ཡོད་མདོག་གིས་རལ་གྲི་ངོམས་ཤིང་ཁ་མཁས་མདོག་གིས་ཁ་ཤ་བརྫེས་བརྫེས་བྱེད་རྒྱུ་དེའང་མིན་པར་འདོད། ཆོལ་གསུམ་གྱི་དབྱེ་དགར་དང་ས་ཕྱོགས་ཀྱི་དབྱེ་འབྱེད། ཨ་མདོ་དང་ཁམས་པ། ཁམས་པ་དང་ལྷ་ས། འབྲོག་པ་དང་རོང་བ། སྟོད་ཕྱོགས་དང་སྨད་ཕྱོགས། ས་སྐྱ་དང་རྙིང་མ། ནང་བ་དང་བོན་པོ། རྙིང་མ་དང་དགེ་ལུགས་ཞེས་གླེང་རྒྱུ་ནི་དེ་བས་མ་རེད་སྙམ། འདང་རྒྱག་རྒྱུ་དང་ཡིན་རྒྱུ་ནི་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྦྲེལ་རྒྱུ་དང་མི་སེམས་ཀྱི་བརྩེ་འོད་ཀུན་ལ་འཕྲོ་རྒྱུ་དེ་ཡིན་ནོ།།
བོད་ལ་དད་པ་ཡོད་མེད་དེ་ཡང་གཅིག་བཤད་ན། ང་ཚོ་བོད་པ་ཚང་མས་པན་ཆེན་སྐུ་ཕྲེང་བཅུ་བ་ཁོང་ཚང་ལ་ཟློག་ཏུ་མེད་པའི་དད་པ་ཡོད་ཟེར་རྒྱུ་རེད། སྤྱིར་པཎ་ཆེན་ཁོང་ཚང་ལ་དད་པ་བྱེད་དགོས་ན་ཁོང་ཚང་གི་གསུང་ཚིག་ཀྱང་བརྩི་དགོས་པ་ལོན་ཡིན། ཁོང་ཚང་གིས་བོད་སྐད་བཤད་དགོས་པ་དང་བོད་ཡིག་སྦྱོང་དགོས་པ། བོད་ལྭ་གྱོན་དགོས་པ༼རང་ཉིད་ཀྱིས་དུས་རྒྱུན་བོད་ལྭ་མི་གོན་པ་ནི་དངོས་གནས་ངོ་ཚ་ཞིག་ཅིས་མ་ཡིན༽སོགས་ཀྱི་གསུང་ཚིག་མང་དུ་འབྱོན་མྱོང་བ་ངས་འདི་ནས་མ་བཤད་ཀྱང་ཀུན་གྱིས་མཁྱེན་སྲིད་མོད། འུ་ཚང་གིས་སྔར་བཞིན་ཁོང་ཚང་གི་སྐུ་འདྲ་ཙམ་ལ་ཕྱག་རེ་འཚལ་བ་ལས་ངེས་པ་དོན་གྱིས་ཁོང་ཚང་གི་གསུང་ཚིག་བརྩི་མཁན་འུ་ཚོའི་ཁྲོད་ན་སུ་སུ་ཡོད། གང་གང་ཡིན། དེའི་ཕྱིར། ངས་དད་པ་ཞེས་པ་ལྷ་སྐུ་ཐང་ག་ཙམ་དང་རི་མོའི་སྒྱུ་རྩལ་ཙམ་ལ་ཐོད་པས་གཏུག་དགོས་པ་ཙམ་ལ་གོ་བ་ལེན་མི་འདོད།
དེ་ན་པཎ་ཆེན་ཚང་ལ་དད་པ་བྱེད་ན་ཁོང་ཚང་གི་སྐུ་འདྲ་ལ་དད་དགོས་པ་མ་ཟད། གཙོ་བོའི་ནང་གི་གཙོ་བོ་ནི་ཁོང་ཚང་གི་གསུང་ཚིག་བརྩི་དགོས་པའང་མ་མཐའི་རྒྱུན་ཤེས་སུ་འདོད་ཀྱིན་ཡོད། རང་གི་རྩ་བའི་བླ་མ་ལ་དད་པ་ཡོད་ན་དེའི་གསུང་ཚིག་ལ་དད་པ་མ་བྱས་པར་སྐུ་འདྲ་དང་གཟུགས་བརྙན་ཁོ་ན་ཞིག་ལ་དད་པ་བྱས་ནས་དུས་འདའ་བར་བྱས་ཚེ་བླ་མའི་དགོངས་པ་དང་ཡང་ཡོངས་སུ་འགལ་ཡོད་ལ་ཚད་ངེས་ཅན་ཞིག་ནས་བཤད་ན་བྱ་སྤྱོད་དེ་དག་ནི་རྨོངས་དད་ཅིག་དང་དད་འགལ་ཅིག་མིན་པའི་རྒྱུ་མཚན་དང་གནས་ལུགས་ཀྱང་བགྲང་དཀའ་ཚོད་དུ་གདའ།
བོད་ཁྱིམ་ཕལ་མོ་ཆེ་ན་པཎ་ཆེན་ཁོང་ཚང་གི་སྐུ་འདྲ་བཀལ་ནས་་ཉིན་མཚན་དབྱེ་མེད་དུ་མཆོད་པ་མཆོད་མེ་རྒྱ་ཆེར་བཤམས་ནས་ཕྱག་འཚལ་གྱིན་ཡོད་ན་ཡང་། ཁོང་ཚང་གིས་བོད་སྐད་བོད་ཡིག་སྦྱོང་དགོས་པའི་གསུང་ཚིག་དག་ང་ཚོས་ཆུ་ནང་དུ་གཡག་བཏང་བ་ལྟར་གཡུག་པ་དེས་ཅི་ཞིག་མཚོན་ཡོད་དམ། འདི་ནི་རང་གི་རྩ་བའི་བླ་མའི་གསུང་ཚིག་ལ་རྒྱབ་འགལ་བྱེད་པ་མིན་ནམ། གསལ་བརྗོད་ཅིག་བྱས་ན་འདི་ལྟ་སྟེ། དད་པ་གསུམ༼དང་བའི་དད་པ། ཡིད་ཆེས་ཀྱི་དད་པ། མངོན་འདོད་ཀྱི་དད་པ༽ལས་ཡིད་ཆེས་ཀྱི་དད་པ་འདི་ནི་རང་གི་རྩ་བའི་བླ་མའི་གསུང་ཚིག་དག་ལ་ཡིད་ཆེས་ནས་དད་པ་བྱེད་དགོས་པ་མིན་ནམ། ཡིན་ཡང་སྒང་བ་བོད་ཀྱི་ཡུལ་ལ་གཞིར་བཅོལ་ཏེ་བཤད་ན། བོད་ཡིག་སྦྱོང་མཁན་ཤིན་ཏུ་ཉུང་བ་དང་བོད་སྐད་བཤད་མཁན་དེ་བས་ཉུང་བ། ཐ་ན་བོད་སྐད་གཙང་མ་བཤད་ན་ངོ་ཚ་དགོས་པ་དང་བོད་ཡིག་སྦྱོང་ན་མདུན་ལམ་རྩ་བ་ནས་མེད་ཚུལ་སོགས་འཆད་པའང་རང་གི་རྩ་བའི་བླ་མ་སོགས་ལ་དད་ལོག་དང་རྒྱབ་འགལ་བྱེད་སྟངས་ཤིག་མིན་ནམ།
གལ་ཏེ་པཎ་ཆེན་ཁོང་ཚང་གི་གསུང་ཚིག་བརྩིས་ནས་བོད་སྐད་བོད་ཡིག་ཕྱོགས་ནས་ལག་ལེན་དོན་འཁྱོལ་ཡོང་བར་བྱས་ན་གཅིག་ནས་ཁོང་ཚང་ལ་དད་པ་བྱས་ཏེ་ཁོང་ཚང་གི་དགོངས་པ་དང་མཐུན་པ་རེད་ལ། གཉིས་ནས་བོད་ཀྱི་སྐད་དང་ཡི་གེ ཡུལ་སྲོལ་གོམ་གཤིས། ཆོས་ལུགས་རིག་གནས་སོགས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐད་ལའང་ནུས་པ་བླ་ལྷག་བཏོན་སོང་བ་རེད། གསུམ་ནས་རྗེས་རབས་པས་བོད་སྐད་བོད་ཡིག་སྦྱོང་བ་ལ་མིག་དཔེ་བཟང་བོ་བསྟན་ཏེ་དེའི་རྗེས་སུ་འཇུག་པར་རྨང་བཏིངས་བའང་རེད་འདུག་པས་ཅིས་ཀྱང་དོན་སྙིང་གལ་ཆེན་ལྡན་པར་འདོད། ཡིན་ཡང་ང་ཚོའི་དད་པ་དེ་དུས་ད་ལྟར་ཞྭ་ཕུད་དེ་ཕྱག་འཚལ་རྒྱུ་དང་ལག་མི་ཁོམ་ཕྲེང་བ་འདྲེན་རྒྱུ་དང་ཁ་མི་ཁོམ་མ་ཎི་བར་མེད་དུ་འདོན་རྒྱུ་ཁོ་ནར་གྱུར་འདུག
ཡང་ཕར་བལྟས་ཚོད་ཀྱིས་བོད་པ་མང་ཤོས་ཤིག་དད་པ་ལ་དགའ་ཞིང་དག་སྣང་ལ་སྦྱངས་བ་ནི་འདྲ་མོད། འོན་ཀྱང་དེ་ལ་ནི་ཡིད་ཆེས་རྒྱུ་ཞིག་དང་སེམས་གཏོད་རྒྱུ་ཞིག་ཀུན་ནས་མེད་དེ། ཅིའི་ཕྱིར་ཞེ་ན། བོད་པ་དེ་དག་གལ་ལ་ཐུག་ཅིང་འགལ་བར་འཕྲད་ན་སེམས་ཀྱི་དད་པ་ཡལ་འགྲོ རྒྱུད་ཀྱི་དག་སྣང་ཚར་འགྲོ སེམས་ཀྱི་སྙིང་རྗེ་བརྗེད་འགྲོ་བས་སོ།། ཁོ་བ་ཚོས་ཐ་ན་རིགས་རྒྱུད་མཐུན་ཞིང་སྟོན་པ་གཅིག་པའི་བོད་རིགས་ནང་མིའི་མི་ཡིན་ཡང་གྲི་ཡིས་བསྣུན་ནས་ཚལ་བར་བཏང་འཇོག་ལ་ཕ་མ་གཅིག་གི་བྱང་ཁོག་བརྒྱུད་པའི་ཕུ་ནུ་མིང་སྲིང་དངོས་ཡིན་ཡང་ཀུ་ཡངས་དང་བཟོད་སྒོམ་མེད་པར། སྙིང་རྗེ་དང་བསམ་ཞིག་མེད་པར། བསམ་དབང་དང་དྲན་དབང་མེད་པར། རྒྱུ་མཚན་དང་གནས་ལུགས་མེད་པར་དམར་པོ་ཁྲག་གིས་དམར་མཆོད་བྱ་ངེས་ཡིན། འགྱོད་པ་རྗེས་སུ་སྐྱེས་ནས་ཡོང་ངེས་ཡིན།
དེ་བས་ཁོ་བ་ཚོའི་ལུས་ཀྱི་སྲུང་འཁོར་ནི་གྲི་ཡིན་ལ། གྲི་ཡི་འགྲོ་སྒོ་ནི་སྲོག་ཡིན། སྲོག་གི་གྱོང་གུན་ནི་བོད་པ་རང་ཡིན་པ་ནི་ནམ་ཡང་བསྒྱུར་ཏུ་མི་བཏུབ་པའི་ལས་སུ་སྒོམ་ནས་ཡོད། སྒོམ་ནས་སྒྲུབ་བཞིན་ཡོད། སྒྲུབ་ནས་ཚར་བཞིན་ཡོད། ཚར་ནས་ངུ་བཞིན་ཡོད། ཏག་ཏག་སྐབས་དེ་དག་ཏུ། ཁོ་བ་ཚོའི་དད་པ་འཕུར་སོང་། དག་སྣང་ཡལ་སོང་། སྙིང་རྗེ་བརྗེད་སོང་། རང་ཉིད་བོར་སོང་། མི་རིགས་མེད་སོང་། ངོ་ཚ་ཉོས་སོང་། འདི་ལྟ་འདི་ལྟར། ཚང་མ་ཤུལ་མེད་རོ་མེད་དུ་གྱུར་ཚར་དུས་གཞི་ནས་འགྱོད་སེམས་རབ་རིབ་ཅིག་སླར་ཡང་འཁོར་འོང་། དད་པ་གློ་བུར་ཞིག་རིམ་གྱིས་སླེབས་འོང་། སྙིང་རྗེ་བཅོས་མ་དག་ག་ལེར་སྐྱེས་འོང་། བོད་རིགས་སྤུན་ཟླ་ཡང་ཡུན་གྱིས་དྲན་འོང་། འདི་ལྟ་བུའི་དངོས་བྱུང་གི་དོན་དངོས་འདི་དག་བརྙན་འཕྲིན་འཕྲུལ་ཆས་དང་སྨྱན་མང་སྨྱན་གཟུགས་བརྒྱུད་མི་དགོས་པའི་མིག་མཐོང་ལག་ཟིན་གྱིས་མཐོང་ཐུབ་པའི་མ་བཅོས་རྒྱུ་ཆ་དག་མ་འབའ་ཞིག་ཏུ་བལྟ་ཆོག་གོ།
འདི་ལྟར་བརྗོད་འོང་ན་མང་མང་གིས་ལྟ་ལོག་པ་དང་བསྟན་དགྲ་བ་ཞེས་པའི་རྣ་ལ་མི་སྙན་པའི་བདག་སྒྲ་རེའང་སྦྱར་ཡོང་མོད། ཡིན་ཡང་འདི་འདྲའི་ཐ་སྙད་དག་གིས་འཚང་ཁ་རྒྱག་འོང་བ་ངས་སྔ་མོ་ནས་མངོན་དཔག་བྱས་ཟིན། དོན་ངོ་མར་ངས་ནི“ལྟ་བ་ལོག་སོང”ཞེས་པའི་ཐ་སྙད་འདི་དང“གཉིད་ལས་སད་བྱུང”ཞེས་པའི་ཐ་སྙད་འདི་གཉིས་ལ་མཚུངས་རྟགས་རྒྱག་འདོད་ཀྱང་སྐྱེས་ལ། སྐྱེས་ནས་ཀྱང་དེ་ལྟར་བསྒྲགས་འདོད་སྐྱེས། བསྒྲགས་ནས་ཀྱང་དེ་ལྟར་སྒྲུབ་འདོད་སྐྱེས། ང་ལ་མཚོན་ན་ཐ་སྙད་གསོན་པོ་འདི་གཉིས་ཀྱིས་བཤད་པར་དཀའ་བའི་སྤྲོ་སྣང་ཞིག་དང་བརྗོད་ཐབས་བྲལ་བའི་གསོན་ཤུགས་གསར་བ་ཞིག་ངང་ངམ་ཤུགས་ཀྱིས་བསྐྱལ་འོང་། བསམས་ཤིང་བསམས་ཏེ་དཔྱད་ཅིང་བརྟག་ན་ཐ་སྙད་འདི་གཉིས་ནི་ཇི་འདྲའི་གསོན་ཤུགས་ལྡན་པ་དང་མི་སྐད་ཀྱིས་ཕྱུག་ལ་དོན་ལ་གནས་ཤིང་གནད་ཀ་འབྱིན་པའི་སྐད་ཆ་རྨ་མེད་ཅིག་རེད་ཨང་སྙམ་བྱུང་།
བོད་ཡུལ་ལུང་པ་འདི་ནས་ལྷ་མོ་རྩིས་གཏོ་དང་བླ་གྲྭ་སྤྲུལ་གསུམ་གྱི་ལུང་བསྟན་འཕྲལ་འཕྲུལ་དང་བྱ་སྤྱོད་རྫན་རྫུན་མ་གཏོགས་དྲང་མོ་དྲང་རྐྱང་གི་སེམས་གཏམ་དམར་པོ་ཡི་ས་བོན་འདེབས་སའི་ཞིང་ས་གཤིན་པོ་ཞིག་གང་ན་ཡོད་དམ། དེའི་ཕྱིར། ཁྱོད་ཚོས་ཐ་སྙད་ཆེན་པོ་ཆེན་པོ་རེ་དང་མིང་ཚིག་ཚོན་པོ་ཚོན་པོ་རེ། བྱ་སྤྱོད་རྫིག་པོ་རྫིག་པོ་རེ་བེད་སྤྱད་དེ་གནས་ལུགས་རླབས་ཆེན་རླབས་ཆེན་རེ་བཤད་པ་ལས། དོན་དག་ཆུང་ཆུང་ཆུང་ཆུང་ནས་མགོ་རྩོམ་ཞིང་མི་བུའི་ཉེ་ས་ཉེ་ས་ནས་བཅར་འོང་ན་མི་འོས་སམ།
བོད་པ་ཚོ་རྒྱུ་མཚན་མེད་པར་བླ་སྤྲུལ་ལ་དགའ་བ་འདི་དང་གནས་ལུགས་མེད་པར་དགོན་བཞེངས་ལ་སྤྲོ་བ་འདི་ཡང་ཨ་མཚར་ནང་གི་ཡང་མཚར་ཞིག་རེད་ལ། ཁྱི་རྒྱག་དབྱུག་པ་ལའང་མི་དོ་ཞིང་དོན་གྱིས་སྟོངས་བའི་ཏང་བླ་དང་ཏང་སྤྲུལ་དང་སྐྱག་སྤྲུལ་དང་སྤྲུལ་རྫུན་དང་སྙིགས་བླ་དང་རྒྱ་བླ་དེ་ཚོས་བྱ་ངན་སྤྱོད་ངན་རེ་བསྟན་འོང་ན་རྒྱུ་མཚན་ཅི་ཡང་མེད་པར་དད་མཁན་དང་གཏད་སོ་གང་ཡང་མེད་པའི་བོད་པ་ཚོས་དེའང་ཏང་བླ་དང་ཏང་སྤྲུལ་དང་སྐྱག་སྤྲུལ་དང་སྤྲུལ་རྫུན་དང་སྙིགས་བླ་དང་རྒྱ་བླ་དེ་དག་གི་མཛད་པ་ཡིན་ཟེར་བར་ཁོ་བོ་དེ་བས་ཨ་མཚར་ཞིང་། མདོར་ན། གལ་ཏེ་སྤྲུལ་སྐུ་ཞིག་གིས་བོད་ཡུལ་འདི་ནས་མི་ཞིག་བསད་པའི་དབང་དུ་གཏོང་རྒྱུ་ན་ཡང་། འུ་ཚང་གི་བོད་པ་ཚོས་དེའང་ཏང་བླ་དང་ཏང་སྤྲུལ་དང་སྐྱག་སྤྲུལ་དང་སྤྲུལ་རྫུན་དང་སྙིགས་བླ་དང་རྒྱ་བླ་དེ་ཚོའི་མཛད་པ་མིན་མི་ཟེར་བའི་ངེས་པ་ཡོངས་སུ་བྲལ། ལྷག་ཏུ་བོད་མི་མང་ཤོས་ཀྱིས་རང་གི་བྱིས་པ་སློབ་གྲྭ་བསྐྱལ་དགོས་ཞེ་ན་སློབ་ཡོན་སྤྲོད་རྒྱུ་མི་འདུག་དང་འཚོ་བར་དཀའ་ངལ་ཆེ་གི་ཅེས་བརྗོད་འོང་ཞིང་། ཡང་ཏང་བླ་དང་ཏང་སྤྲུལ་དང་སྐྱག་སྤྲུལ་དང་སྤྲུལ་རྫུན་དང་སྙིགས་བླ་དང་རྒྱ་བླ་དེ་ཚོ་ལ་གཟིམ་ཁང་ཞིག་བཞེང་དགོས་ཞེས་བརྗོད་འོང་དུས་རང་ལ་སྒོར་མོ་མེད་ཀྱང་ཅི་ནུས་གང་ལྕོགས་ཀྱིས་གཞན་ལ་གཡར་ཞིང་དང་ཐབས་བརྒྱ་ཇུས་སྟོང་གིས་བཙལ་ཏེ་ཐོན་འོང་བ་ནི་དངོས་གནས་དད་པའི་སྟོབས་ཤུགས་ཡིན་ནམ་རྨོངས་བའི་བྱ་སྤྱོད་ཡིན་པ་ཀུན་གྱིས་དཔྱོད་ཅིག
ད་དུང་ཏང་བླ་དང་ཏང་སྤྲུལ་དང་སྐྱག་སྤྲུལ་དང་སྤྲུལ་རྫུན་དང་སྙིགས་བླ་དང་རྒྱ་བླ་དེ་དག་གིས་སྒོར་མོ་ཁྲི་ཚོ་མང་པོས་བཞེངས་པའི་གཟིམ་ཁང་དེའི་བཀོལ་སྤྱོད་ཀྱི་རིན་ཐང་ལའང་ཕྱིར་འདང་རེ་བརྒྱབ་ཏེ་ཕྱིར་རྟོག་རེ་བགྱིས་ན་མི་དགའ་འམ། དེ་བས་བླ་སྤྲུལ་ཚོ་བོད་པའི་རིག་གནས་ཀྱི་ཁོར་ཡུག་དང་ནང་བསྟན་ཆོས་ལུགས་ཀྱི་གར་སྟེགས་སྟེང་ནས་རྒྱང་ཕུད་དུ་མ་བཏང་ན། ཤུལ་མེད་དུ་མ་བཟོས་ན། རྩ་རྫོགས་རང་མ་བྱས་ན་སྒང་བ་བོད་ལ་རེ་བ་མེད་པར་ཁོ་བོས་ཁ་ཚོན་བཅད་དེ་སྨྲ་འདོད། ཡོད་པས་ཡོད་གོ་ཆོད་ན་སྤྲུལ་སྐུ་མིན་ཡང་ཆོག་ལ་ཡོད་པས་ཡོད་གོ་མི་ཆོད་ན་སྤྲུལ་སྐུའི་རྫིག་མིང་ཇི་ལྟར་བཏགས་ཀྱང་དོན་གྱིས་སྟོངས་བའི་ཐ་སྙད་སྟོང་བ་ཞིག་དང་རིན་ཐང་མེད་པའི་མིང་གི་ལྷག་མ་ཙམ་ལས་ཅི་ཡང་མ་རེད།
ཡང་ཁབ་ཤུལ་སྐུད་པས་མི་ཁེབས་པའི་སྤྲུལ་མིང་དང་བླ་མིང་འཛིན་པ་སྐོར་ཞིག་གིས་བོད་མི་ཚོར་སྒོ་ཕྱུགས་ཡོད་ཚད་ཡོངས་སུ་ཚེ་ཐར་དུ་ཐོངས་ཞེས་ཁ་སྟོང་ནང་གི་ཚིག་སྟོང་བཤད་ཅིང་བོད་མི་ཚོ་ཡང་རྨོངས་དད་གཡམ་དད་ཀྱིས་དེ་མ་ཐག་དེར་ཧུར་གྱིས་འཇུག་བཞིན་འདུག་ལ། སྤྱིར་བཏང་དུ་སྡིག་པ་མེད་པའི་འཚོ་བ་ཞིག་བསྐྱལ་ཐུབ་ན་ནི་མཆོག་གི་རྩེ་མོ་ཞིག་དང་ལེགས་པའི་ནང་སྙིང་ཞིག་ཡིན་པ་སྨྲས་མེད་རེད་མོད། མི་རབས་ནས་མི་རབས་སུ་སྒོ་ཕྱུགས་རྐྱང་རྐྱང་ལ་བརྟེན་ནས་འཚོ་བ་རོལ་ཡོང་བའི་མི་རིགས་ཤིག་གིས་གློ་བུར་དུ་སྒོ་ཕྱུགས་རྣམས་ཚེ་ཐར་ལ་བཏང་སྟེ་ཁ་ཉི་མར་སྡེབ་ནས་བསྡད་ན་དེའི་འཚོ་བའི་གུན་གསབ་སུ་ཞིག་གིས་འཇལ་ལམ། གང་ཞིག་ནས་འཁྱེར་ཡོང་ངམ། ཡང་ན་གནམ་ནས་འབབ་དགོས་སམ་ས་ནས་སྐྱེ་དགོས།
འོ་ན་གླེང་རིན་དང་བཀུར་རིན་དང་དད་རིན་ཡོད་པའི་པཎ་ཆེན་རིན་པོ་ཆེ་དང་རྗེ་ཀརྨ་བ་སོགས་འབུར་དུ་དོད་ཅིང་རྨད་དུ་བྱུང་བའི་སྐྱེས་ཆེན་དགུང་གི་ཉི་མ་འདྲ་བ་ལ་ལ་ཞིག་ལ་སྤྲུལ་སྐུ་ཞེས་པ་སོགས་ཀྱི་ཆོ་ལོ་
འདི་ཡོད་པ་ཁོ་ནས་སྐྱེ་བོ་ཐམས་ཅད་ཀྱི་ཡིད་སྨོན་འཆོར་ས་ཞིག་དང་དད་པ་སྐྱེས་ས་ཞིག་ཏུ་གྱུར་སོང་བ་མ་རེད་འདོད་དེ། འོ་ན། གང་རེད་དམ་ཞེ་ན། པཎ་ཆེན་རིན་པོ་ཆེ་དང་ཀརྨ་བ་ཁོང་ཚོ་ལ་ཡོན་ཏན་དང་འཇོན་ཐང་། འགན་ཁུར་དང་ནུས་པ། སྙིང་རྗེ་དང་སྙིང་སྟོབས་ངོ་མ་ཡོད་པའི་དབང་གིས་ཐུན་མིན་གྱི་འོད་ཟེར་ཀུན་ལ་འཕྲོས་སོང་བ་རེད་ལ་ཁྱད་འཕགས་ཀྱི་དྲི་བསུང་གང་སར་འཐིབས་སོང་བས་རེད་སྙམ།
རྒྱལ་བ་ལྟ་བུ་ནི་རྒྱལ་བ་ཡིན་པས་སྤྲུལ་སྐུ་ཞེས་པའི་ཆོ་ལོ་འཇིགས་པོ་འདི་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་སྟེ། སྤྲུལ་སྐུ་མིན་ན་ཡང་བོད་མིའི་སྐྱིད་སྡུག་ཞུ་ས་ཉན་ཁོ་ཐག་ཡིན་ནི་རེད། དེ་ཡང་པཎ་ཆེན་སྐུ་ཕྲེང་བཅུ་བ་ཚང་དང་ཐོག་སྤྲུལ་སྐུ་ཡིན་པ་ཚང་མས་ཁས་བླངས་མེད་པ་དང་རྗེས་སུ་ཁོང་གི་བྱིན་རླབས་དང་ནུས་པ་དང་ལ་རྒྱ་དང་སྙིང་སྟོབས་སོགས་ས་འོག་གི་གསེར་འོད་མཁའ་ལ་འཕྲོས་བས་ད་གཟོད་བོད་འབངས་ཀུན་གྱིས་ཐང་ནས་བླངས་ཏེ་ཐོད་པས་གཏུག་ཅིང་ཁ་ཁོག་མེད་པར་ཁས་ལེན་བྱས་ཏེ་ཕྱག་འཚལ་བ་མ་ཡིན་ནམ། རྒྱལ་བ་ལ་སྤྲུལ་སྐུ་ཞེས་པའི་ཆོ་ལོ་ཡོད་པའི་དབང་གིས་སྤྲུལ་སྐུའི་རིགས་ལ་དགག་པ་རྒྱབ་ཏེ་ཐེར་འདོན་བྱ་མི་ཐུབ་ན་རྐུན་མ་དང་ཇག་པ་དང་མི་གསོད་མཁན་དང་ཤོབ་ལབ་མཁན་དག་ལའང་དགག་པ་རྒྱབ་ཏེ་ཟུར་ཟ་བྱེད་མི་ཐུབ་པ་ཡིན་ཏེ། རྒྱུ་མཚན་གང་ཡིན་ནམ་ཞེ་ན། རྒྱལ་བ་ཡང་མི་ཡིན་ལ་རྐུན་མ་དང་ཇག་པ་མི་གསོད་མཁན་སོགས་ཀྱང་མི་ཡིན་པས་སོ།།
དུས་ད་ལྟར། གོ་ལའི་སྟེང་གི་འགྲོ་བ་མིའི་རིགས་ཀྱི་མི་ཆོས་རིག་གནས་ཆེས་ཆེར་འཕེལ་ཁ་དར་ནས་ཟླ་བ་ཡར་ངོ་བཞིན་དུ་འཕེལ་བཞིན་པའི་དུས་སུ་མི་ཆོས་རིག་གནས་ཤིན་ཏུ་དར་ཞིང་ཚན་རིག་ལག་རྩལ་དང་དགག་སྒྲུབ་སྙིང་སྟོབས་ཀུན་ནས་མངའ་བའི་ཕྱིའི་རྒྱབ་ཁབ་ཕལ་ཆེར་དང་ནང་གི་མི་རིགས་འདྲ་མིན་ཚོས་ཚན་རིག་དང་སློབ་གསོ་དང་དཔལ་འབྱོར་དང་ཆབ་སྲིད་དང་རིག་གནས་དང་ཕྱི་འབྲེལ་དང་དམག་དོན་དང་ཆ་འཕྲིན་དང་ལག་རྩལ་དང་མཉམ་འབྲེལ་སོགས་ཀྱིས་གྲུབ་འབྲས་སྣ་ཚོགས་བཟོས་ཤིང་ས་སྒང་སྟེང་གི་ཡང་སྟེང་ན་འཚོ་བའི་འུ་ཚང་གི་སྐྱ་ཆད་སྔོ་སྡུག་དང་ལྟོ་སྐྱ་གོས་ཧྲུལ་ལ་བལྟས་ཏེ་མཐོང་ཆུང་གི་མིག་གིས་བར་མེད་དུ་བལྟ་ཞིང་དམའ་འབེབ་ཀྱི་དགོད་སྒྲ་ལྷང་ལྷང་དུ་གྲགས་འོང་དུས། ང་ཚོས་ད་དུང་ཡང་སྔོན་གྱི“རྐང་ལམ་ཕྲ་མོའི”སྟེང་ནས་སོས་དལ་བག་ཕེབས་ཀྱིས་རང་རེའི་མི་རིགས་འདི་ནི་བྱམས་སེམས་ཅན་ཞིག་ཡིན་ཚུལ་དང་ལས་རྒྱུ་འབྲས་བརྩི་མཁན་ཞིག་ཡིན་ཚུལ། སྦྱིན་གཏོང་ལ་སྤྲོ་མཁན་ཞིག་ཡིན་ཚུལ། བོད་ཀྱི་རིག་གནས་ནི་འཛམ་གླིང་གི་རིག་གནས་ཁྲོད་ན་འོད་སྟོང་འབར་ཚུལ་གྱི་བསྟོད་པ་ཡ་མཚན་དང་འུད་བསྟོད་ཡ་མེད་རེ་འཐེན་དུས་ང་ཨ་ཐང་ཆད་འགྲོ་ནི་ཞིག་རེད།
དུངས་ཞེན་གྱི་དབང་གིས་བསྟོད་པ་བྱེད་པ་དེའང་སེམས་ཀྱི་འདུ་ཤེས་མཚོན་སྟངས་ཤིག་ཏུ་བགྲང་ཆོག་མོད། རྒུད་པ་ནས་རྒུད་པའི་ཕྱོགས་སུ་འགྲོ་བའི་མི་རིགས་ཤིག་ལ་མཚོན་ན་བསྟོད་པ་གཙོ་བོ་རེད་དམ། སྨད་པ་གཙོ་བོ་རེད། ཤ་ཚ་བའི་ཚིག་ལ་སྙན་མོ་མེད་ཅེས་པ་མིན་ནམ། ཡང་ན་་་་་་སྤྱིར་སྦྱིན་པ་གཏོང་བ་དང་སྙིང་རྗེ་སྐྱེས་བ་སོགས་ནི་སྟོབས་ཆེན་རྒྱུ་ཆེན་དབང་ཆེན་མིང་ཆེན་ཞིག་གིས་སྟོབས་མེད་ནུས་མེད་རྒྱུ་མེད་དབང་མེད་ཅིག་ལ་རོགས་བྱེད་རྒྱུའི་ལས་ཀ་ཡིན་པ་ལས་དུས་ད་ལྟ་ད་དུང་ཡང་རང་བྱུང་གི་མིའི་སོ་མཚམས་ན་གནས་ཤིང་ཁ་ལ་ཟ་རྒྱུ་ཡིད་ཚིམས་པ་ཞིག་དང་རྒྱབ་ལ་གོན་རྒྱུ་དྲོན་པོ་ཞིག་ཀྱང་མེད་པ་དག་གིས་སྦྱིན་པ་ཇི་ལྟར་གཏོང་། རོགས་རམ་ཅི་ལྟར་བྱེད་དགོས་སམ་སྙམ། ཁ་ལ་ཟ་འཐུང་དང་རྒྱབ་ལ་གོན་རྒྱུ་ཡི་གནད་དོན་ཡང་ཐག་གིས་མི་ཆོད་པ་ཞིག་གིས་མི་རིགས་ཤིག་ཡིད་ལ་དྲན་ཐུབ་ས་ཨེ་རེད་དཔྱོད་ཅིག ཡང་འགའ་རེས་ཅི་ཡང་མེད་ཀྱང་སྙིང་རྗེ་སྐྱེས་ཆོག་གི་རེད་ཅེས་བཤད་འོང་ན་ནི་ངས་ཅི་ཡང་བཤད་མི་འདོད་དེ། ཁྱོད་ཀྱིས་དེ་དེ་ལྟར་དུ་སྒྲུབས་ཤིག་ཟེར་རྒྱུ་ལས་མི་རྙེད་དོ།། རྟོག་བཏགས་དང་འཆར་ཡན་གྱིས་ཕྱུག་པའི“དྲི་མེད་ཀུན་ལྡན”གསོན་པོ་ཞིག་དང“སྤྲེལ་རྒྱལ་ལེགས་མཛེས”དངོས་མ་ཞིག ཡང་ན་རྫུ་འཕྲུལ་ལ་མངའ་རྙེད་པའི་གྲུབ་ཐོབ་པ“ཅི་གོང”ངོ་མ་ཞིག་ཡིན་ན་མ་གཏོགས་དངོས་གནས་དཀའ་ས་རེད།
འདས་པའི་ལོ་འགའི་སྔོན་དུ་བྱམས་དང་སྙིང་རྗེའི་བདག་པོ་རུ་ཁས་འཆེས་པའི་ང་ཚོ་བོད་མི་རིགས་ཀྱིས་རི་སྐྱེས་སྲོག་ཆགས་སྲམ་ལྤགས་དང་ཝ་ལྤགས་དང་གཟིག་ལྤགས་དང་སྤྱང་ལྤགས་སོགས་སྤྱད་སྤྱད་མཐར་གློ་བུར་དུ་རྒྱན་དུ་བྱེད་པ་བཅད་དེ་མེར་བསྲེག་གི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་ཧ་ལས་ལས་དང་ཧང་སང་སང་གིས་ཅི་ཞིག་ཧ་གོ་སོང་བ་དང་གང་ཞིག་རྟོགས་སོང་བ་ལྟར་དུ་སྣང་མོད། ངས་བསམ་ན་དེ་ལྟར་བྱེད་དགོས་དོན་དེ་ཡང་མདོར་དྲིལ་ན་འདི་ལྟ་སྟེ། ང་ཚོ་བོད་མི་རིགས་ཚོ་ལ་བྱམས་སྙིང་རྗེ་ཆེ་བ་དང་གཞན་ཕན་གྱི་དོན་དུ་སེམས་དཔའ་བ་དང་སྦྱིན་པ་ལ་དགའ་བ་དང་རོགས་རམ་ལ་དུངས་བ་སོགས་ཅི་ཡང་མ་ཡིན་ཏེ། ཡིན་རྒྱུ་ནི། འཇིག་རྟེན་སྟེང་གི་ཚེ་སྲོག་ཡོད་ཚད་ལ་འདྲ་མཉམ་དང་རིས་མེད་དུ་ལྟ་ཞིང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་ཕྱོགས་མེད་དང་ཐུགས་ཁུར་རྫོགས་མེད་དང་བྱམས་སྐྱོང་རྣལ་མ་གནང་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཁོར་ཤུགས་དྲག་པོས་ཀུན་ནས་གཅུམ་འོང་ཞིང་ཡོངས་སུ་བསྡམས་དྲག་པས་ཡིན་པར་སྙམ་ལ། འུ་ཅག་གིས་མི་ལས་དགུ་ལས་དང་ཁྲིམས་མེད་ལུགས་འགལ་སྒོས་འགྲོ་བ་མིའི་རིགས་ཀྱི་སྤྱིའི་འཁོར་ལམ་དེར་མ་བསྟུན་པར་མུ་མཐུད་དུ་ཤེས་མེད་ཚོར་མེད་དང་ཨུ་ཚུགས་མཁྲེགས་འཛིན་དང་རང་ལྟ་མཆོག་འཛིན་དང་རྨོངས་འཐོམ་ལས་འགུལ་གྱིས་འདི་ནི་ང་ཚོའི་ཕ་མེས་ཡང་མེས་རིང་ནས་བརྒྱུད་པའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་དང་གོམས་སྲོལ་ཡིན། འོད་སྟོང་འབར་པ་ཡི་རིག་གནས་ཡིན།
ཐུན་མིན་གྱི་ཁྱད་ཆོས་ཡིན་ཟེར་ནས་མུ་མཐུད་དུ་རྨོངས་ལམ་དེར་ཞུགས་ན་ནི། ཚེ་སྲོག་གཅེས་འཛིན་གྱི་འདུ་ཤེས་ཟབ་ཅིང་འགྲོ་འོང་འདུག་གསུམ་ལ་ལ་བྲེད་ཤ་དོད་པའི་འཛམ་གླིང་ཕྱུག་པོ་ཚོས་ཕྱི་ཚུལ་ཁོ་ན་ཁྲ་ཁྲ་ཡིན་པའི་ང་ཚོ་བོད་པ་ཚོ་ལ་ཅི་ཞིག་ཟེར་རམ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོ་བོད་པ་དག་གོ་ལ་ཟླུམ་པོ་འདིའི་ཡང་སྟེང་ནས་ཀུ་ཡངས་དང་བཟོད་སྒོམ་མེད་པར་རྒྱང་ཕུད་དུ་མི་གཏོང་བའི་ངེས་པའང་ཁྱོན་ནས་མེད་པར་སྙམ།
འུ་ཚོས་ད་དུང་ཡང་རང་སེམས་རང་གིས་གསོ་བའི་སྣང་བ་ཐན་ཐུན་གྱི་ཤུགས་གླུ་རེ་ལེན་ནམ། ས་ཁུལ་དབྱེ་འབྱེད་དང་མདོ་དབུས་ཁམས་དགར་གྱི་ལས་ཀ་ལྷག་མ་ལ་བརྩོན་ནམ། ཁྱོད་ཤི་ང་གསོན་གྱི་སྐྱོ་གར་བསྐྱར་འཁྲབ་བྱེད་དམ། ས་དགེ་བཀའ་རྙིང་གི་འཐེན་འཁྱེར་འཛིན་ནམ་བན་བོན་འཁྲུག་རྩོད་ཀྱི་སྙིང་ནད་རྩོད་དམ། ཡང་ན་མགོ་བོ་དགྱེས་དགྱེས་དང་ལུས་པོ་ཁེངས་ཁེངས་དང་ཁ་ཤ་བརྫེས་བརྫེས་དང་སྣ་ཤ་གཉེར་གཉེར་བྱེད་དེ་ང་ཚོ་ལ་འདི་ཡོད་གན་ཡོད་དེ་ཡོད་སོགས་ཀྱི་ངོམ་སོ་བྱེད་པ་དང་། ཁྱོད་བཟང་ང་བཟང་ཁོ་བཟང་གི་བསྟོད་གླུའི་འཁོར་ལོ་བསྐོར། ཡང་ན་མཚར་སྡུག་འོད་སྟོང་འབར་བའི་འདས་ཟིན་གྱི་ལོ་རྒྱུས་ཤི་བོ་ཞིག་ལ་ཤི་འཐམ་རོ་འཐམ་རེ་བྱེད་ཞོར་ཡིད་ཚིམས་རིང་ལུགས་ཀྱིས་ཡིད་ཚིམས་ཤིང་སེམས་དགའ་རིང་ལུགས་ཀྱིས་སེམས་དགའ་ནས་འདུག
ཡང་ན་རྒྱུ་མཚན་མེད་པར་སྣང་བ་སྐྱིད་པ་གཅིག སྣང་བ་སྐྱིད་པ་གཉིས། སྣང་བ་སྐྱིད་པ་གསུམ། ཞེས་རང་སེམས་རང་གིས་བཅོས་ནས། རང་གི་རང་གིས་གཡོག་ནས། རང་ཉིད་རང་གིས་བསད་དེ། རང་ཤ་རང་གིསབཟོས་ཏེ་དུས་འདའ་བར་བྱེད། ངོ་མ་བཤད་ན་དུས་ད་ལྟ་བོད་ཁུལ་གྱི་ས་ཆ་འགའ་རེ་ན་གཟིག་ལྤགས་དང་ཝ་ཞྭ་སྲམ་ལྤགས་ཡང་བསྐྱར་གྱོན་པའི་ཚ་རླབས་ཤིག་ཀྱང་འཕྱུར་གྱིན་འདུག གནད་དོན་འདིའི་སྟེང་ནས་ཀྱང་བོད་པ་དག་ལ་དད་པ་ཡོད་མེད་དེ་བདེན་དཔང་བྱེད་མི་ཐུབ་བམ། ཡང་རྒྱའི་རྩོམ་པ་པོ་གྲགས་ཅན་ཡུས་ཅེ་ལགས་ཀྱིས་ཀྱང་། དོན་ངོ་མར་རྒྱལ་ཁབ་ལ་དགའ་མཁན་གྱིས་དུས་རྒྱུན་རྒྱལ་ཁབ་ལ་དགའ་ཞེས་མི་བསྒྲགས་ཞེས་པར་གོ་བ་བླངས་འོང་ན་འདི་འདྲ་ཞིག་ཀྱང་མི་བརྗོད་ག་མེད་ལགས་ཏེ། བྱམས་སྙིང་རྗེ་གླེང་མཁན་བོད་པ་རེད།། དེར་རྡོག་བརྫིས་གཏོང་མཁན་བོད་པ་རེད།། ཅེས་སུའང་བརྗོད་ན་འདོད་ལ་བརྗོད་ནའང་ཐལ་མི་ཆེ་བར་འདོད་ཅིང་ཡང་བསྐྱར་བོད་ལ་དད་པ་ཡོད་མེད་Xཞེས་བརྗོད་ནའང་དོན་ལ་གནས་བར་སྙམ་མོ།།
ཡང་འདིར་ཆེས་བརྗོད་པར་འདོད་པའི་དོན་ཞིག་ནི། ཁ་ཆེའམ་ཟ་ལར་མགོ་དཀར་བ་འདི་ཚོས་རང་གི་ལྷག་པའི་ལྷ་ལ་མཆོད་འབུལ་དང་གུས་ཕྱག་འཚལ་དུས་སུ་ཕྱི་དགྲ་བོ་ཡོང་ནས་གྲིས་བསྣུན་པ་དང་ནང་སྤུན་ཟླ་ཡོང་ནས་ཀི་འདེབས་པ། མི་ཆ་མེད་ཡོང་ནས་སྒོ་བརྡུང་བ། མི་ཆ་ཡོད་ཡོང་ནས་གྲོས་བྱེད་པ། ཡང་ན། ས་ཆེན་གྱིས་བརྡབ་གསིག་བྱེད་པ་དང་གཡུ་འབྲུག་གིས་ངར་སྐད་སྒྲོག་པ་སོགས་དོན་རྐྱེན་ཅི་ཞིག་སླེབས་ཀྱང་ཁོ་བ་ཚོ་སྣང་དོགས་དང་འཇིགས་སྣང་མེད་པར་འགུལ་མེད་དུ་བསྡད་ཅིང་གཡོ་མེད་དུ་གནས་ཏེ་དད་པ་བརྟན་པོས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་དེ་ནི་འུ་ཚོས་ངེས་པར་དུ་ལེན་དགོས་པ་དང་སློབ་དགོས་པ་དང་ཤེས་དགོས་པའི་གནད་ཀྱི་དོན་པོ་རེད་སྙམ།
རང་རེར་ལྷ་བླ་མ་ཡེ་ཤེས་འོད་ལྟ་བུའི་ཐུབ་པའི་བསྟན་པ་ཡི་ཆེད་དུ་རང་ཉིད་ཀྱི་ཚེ་མཇུག་ཀྱང་དུག་སྦྲུལ་གྱི་ཚང་ཡིན་ཡང་འབུལ་ཐུབ་མཁན་གྱི་ངེས་པ་དོན་གྱི་སྐྱེས་བུ་དད་པ་ཅན་དང་མི་རིགས་ཀྱི“དཔའ་བོ”དུ་ཡོད་དམ། རང་རེ་ལ་མི་རིགས་ཀྱི་རྟོགས་པ་སད་ཆེད་ཚེ་སྲོག་གི་དུངས་བརྡ་རྒྱག་མཁན་གྱི་སྔོན་སྐྱོད་སུ་དང་སུ་ཡོད། ད་དུང་བོད་མིའི་འཚོ་བ་ལ་ཆེས་མཁོ་བའི་རྒྱུན་སྤྱོད་ཅ་ལག་དང་མཁོ་རྫས་དག་ཀྱང་ཁ་ཆེའམ་ཟ་ལར་དེ་དག་གིས་བདག་པོ་རྒྱབ་སྟེ་བདག་གིར་བཟུང་ཞིང་རིན་གོང་ལྡབ་འགྱུར་གྱིས་བླངས་ཏེ་མི་དགའ་བའི་རྣམ་འགྱུར་གང་མང་དང་མི་མངོན་པའི་ཐུབ་ཚོད་སྣ་ཚོགས་བཏང་ནའང་འུ་ཚོ་བོད་པ་ཚོ་རང་གི་རིགས་མཐུན་གྱི་ནང་ལ་སྡང་བ་ལས་གཞན་པ་ཚོར་ཅི་ཞིག་བྱེད་ནུས་སམ། གང་ཞིག་ཤོད་སྲིད་དམ། དེའི་མི་ཚད་དངོས་པོ་ཅ་ལག་དག་ལ་རིན་གོང་ལྡབ་འགྱུར་གྱིས་བླངས་ཏེ་ང་ཚོ་ལ་བཙོང་ནའང་ང་ཚོས་ལེ་བདའ་རེ་དང་ཞུ་བ་རེ་བྱེད་རྒྱུ་ལས་ཅི་ཞིག་ནུས་སམ།
འུ་ཚང་གི་བོད་པ་ཕལ་ཆེ་བས་ད་དུང་ཧོས་ཧོས་དང་ཟ་ལར་ཚོས་གདུག་རྩུབ་ཀྱིས་ཟོག་ལུག་བཤའ་གིན་འདུག་ཟེར། སྙིང་རྗེ་ཟེར་བ་ཞིག་མི་འདུག་ཟེར། དད་པ་ཟེར་བ་ནི་མི་འདུག་ཟེར། མི་དྲི་ཟེར་བའང་མི་བྲོ་ཟེར།༼ཁོ་ཚོ་ལ་དད་པ་ཡོད་པ་དང་ཡོད་པའི་མི་ཚད་བརྟན་པོ་ཡིན་པའང་གོང་དུ་སོང་ཟིན་པས་བསྐྱར་བཟློས་ཀྱི་ངལ་བ་བསྟེན་རྒྱུ་མིན༽ངས་བསམ་ན་སྙིང་རྗེ་དང་དད་པ་མེད་མཁན་དང་གནས་ལུགས་དང་རྒྱུ་འབྲས་མི་བརྩི་བའི་མི་རིགས་དེ་འུ་ཚང་ཡིན་པ་ལས་གཞན་མ་ཡིན་པར་འདོད། མ་ཟད། ཤ་བཟའ་མཁན་གྱི་རྨང་དང་གཙོ་བོ་གྱུར་བ་དག་ནི་བྱམས་དང་སྙིང་རྗེའི་བདག་པོ་རུ་ཁས་འཆེས་པའི་འུ་ཅག་བོད་པ་ཚོ་མིན་ན་གཞན་སུ་ཞིག་ཡིན་པ་ང་ལ་ལན་ཡང་དག་ཅིག་ཐོབས་དང་། རང་གི་མགོའི་ཁང་སྐྱ་བཞག་ནས། གཞན་གྱི་མགོའི་བ་མོ་བཤད་པ་ནི་མ་གཞི་ནས་འུ་ཚང་གི་འཚོ་བ་ཡི་མན་ངག་ཅིག་དང་ཀུན་སྤྱོད་ཀྱི་བདེན་པ་ཞིག་ཏུ་གྲུབ་ཚར་འདུག
ཡང་ཚད་ངེས་ཅན་ཞིག་ནས་བཤད་ན། བོད་མི་མང་ཆེ་ཤོས་ཤིག་གི་དད་པ་བྱེད་སྟངས་དེ་ནི་གཞན་ལ་ངོམས་སོ་ཁོ་ན་བྱེད་སྤྱད་ཅིག་ཏུའང་གྱུར་ཡོད་པ་འདྲ། ད་དུང་ཧོས་ཟས་མི་ཟ་ཞེས་མནའ་ཆེན་རེ་ཟོས་ནས་ཅི་ཞིག་ཡིན་ཁུལ་གྱི་བཟོ་ལྟ་སྣ་ཚོགས་སྟོན་གྱིན་འདུག་མོད། ལྟོགས་བཞག་ན་འུ་ཚོས་ཟ་ནི་རེད། སྐོམ་བཞག་ན་འུ་ཚོས་འཐུང་ནི་རེད། ལོ་སྔོན་མའི་ཕག་གི་ལོ་ཞིག་ལ། འུ་ཚོས་ཕག་ཤ་ཟ་ལེ་མིན། ཕག་ཁུ་འཐུང་ལེ་མིན་ཞེས་གང་སར་སྒྲོག་གིན་འདུག་མོད། སྒྲོག་སྒྲོག་པའི་མཐའ་མར་ཕག་ཤ་ཟ་མཁན་དེ་སླར་ཡང་འུ་ཚོ་མིན་ན་སུ་ཡིན་ནམ། ཕག་ཁུ་འཐུང་མཁན་ཡང་ང་ཚོ་བོད་མིན་ན་སུ་ཡིན། འདི་ལས་ཀྱང་བོད་མི་ཚོའི་གཤིས་ཀ་མངོན་སྟངས་ཤིག་དང་འུ་ཚང་གི་དད་སྟངས་གཞན་ཞིག་གི་ངོ་བོ་ལྷང་ལ་བུད་ཡོད་པ་རེད།
ཡང་གཅིག་བཤད་ན་བོད་ལ་དད་པ་ཡོད་མེད་Xརེད་ཅེས་པའི་གནད་ཀའང་འདི་ན་ཡོད། “སྐྱ་བོ་ཆོས་སྨྲ”ཅན་དང“ཀླད་པ་དྭངས་མ་ཅན”དང“ཆོས་སྲིད་མཐུན་སྨྲ་བ”འགའ་རེས་བོད་མི་རིགས་ནི་རྗེས་ལུས་ཀྱི་མི་རིགས་ཡིན། འོན་ཀྱང་བོད་མི་རིགས་ཀྱི་རིག་གནས་ནི་འཛམ་གླིང་སྟེང་གི་ཆེས་སྔོན་ཐོན་གྱི་རིག་གནས་ཤིག་ཡིན་ཞེས་འུར་བརྗོད་བྱེད་ཀྱིན་འདུག འོ་ན། ཁྱེད་ཀྱི་འཛམ་གླིང་གི་ཡང་རྩེར་སོན་པའི་རིག་གནས་དེས་ཁྱེད་རང་རྗེས་ལུས་ཀྱི་མུན་དོང་དང“གནའ་བོའི་གྲོག་རོང”དེ་ནས་ཡར་འཐེན་ཏེ་སྔོན་ཐོན་གྱི་རི་རྩེར་བསྐྱལ་ཏེ་སྔོན་ཐོན་གྱི་ཕོ་བྲང་ཡ་མཚན་རེ་བཞེང་ན་ཅིས་མི་ཆོག ཇི་སྐད་དུ། ཤ་ཚ་བའི་ཚིག་ལ་སྙན་མོ་མེད་ཅེས་བ་ནང་བཞིན། འདི་ལྟར་ཁ་ཐུར་ནས་ཐུར་དུ་འགྲོ་བཞིན་པའི་མི་རིགས་ཤིག་ལ་མཚོན་ནས་བཤད་ན་བཟང་བཤད་མི་དགོས་ཏེ་སྐྱོན་བཤད་ན་འོས་སོ།།
མདོར་ན། ངས་ནི་རིག་གནས་ཤིག་གི་ངོས་ཟུར་དང་། འཐེན་འཁྱེར་ཞིག་གི་ཆགས་སྟངས། ཕྱོགས་རིས་ཤིག་གི་ཉམས་ཉེན། མི་རིགས་ཤིག་གི་གླེན་རྟགས། དུས་རབས་ཤིག་གི་འགྲོ་སྟངས། བོད་མི་ཚོ་ཡི་རྨོངས་དད་བཅས་གླེང་བ་ལས་གཞན་ཅི་ཡང་མིན་པས་མི་ཤེས་བར་སྨྲ་མཁན་གྱི་མི་བུ་ཡན་གར་བ་རེས་བསྡུས་གྲྭའི་རིག་འཕྲུལ་གྱི་རྩོད་པ་འཕངས་ཏེ་མགོ་བོ་ཉོག་བྱེད་ཀྱི་རྒྱུ་རྐྱེན་མ་འཚོལ་ཨང་། ཡང་ཤེས་ནས་སྨྲ་བ་དག་གིས་ཁྱད་དུ་འཕགས་པའི་ཚིག་རྩལ་དང་གནད་དུ་ཁེལ་བའི་བསམ་གཞིགས་ཀྱི་ཁ་ཕྱོགས་འདི་ལ་སྐོར་ན་ནི་བསམ་པ་རྣམ་དག་གིས་དང་ལེན་དང་ཁ་ཞེ་གཉིས་མེད་ཀྱིས་དཀྱེལ་ཡངས་ཤིག་འཛིན་ངེས་ཡིན། ལྷག་ཏུ་མདའ་མེད་པར་སྟག་མོ་སོད་སོང་ཁུལ་དང་རྙི་མེད་པར་གླ་བོ་ཟིན་སོང་ཁུལ་གྱི་གཏམ་རྫིག་རྫིག་དང་ངར་ལངས་ལངས་དང་མགོ་ཀྲོག་ཀྲོག་ལུས་ཁེངས་ཁེངས་དང་སྣ་གཉེར་གཉེར་དང་ཁ་བརྫེས་བརྫེས་ཀྱང་མི་བྱེད་པར་རེ་བ་བརྒྱ་དང་ཞུ་བ་སྟོང་ཞུ་ཞུ། རྒྱུ་མཚན། ངས་ནི་རང་དོན་འབའ་ཞིག་གླེང་གིན་མེད་པས་སོ།།
2012.9.9ཉིན།
[ཡོང་ཁུངས། ན་གཞོན་གསར་བ།
ཞིབ་ཀློག་ཐེངས་ཤིག་བྱས་པ་ཡིན། རྒན་མོ་ཧོན་ལོག་ཅིག་གི་ཉོག་བཤད་དང་འདྲ་བྱུང་། གང་དྲན་དྲན་དུ་ལབ་བརྡོལ་འབྱིན་པ་ལས། བསྒྲུབ་བྱ་བསྒྲུབ་བྱེད་དང་བརྗོད་བྱ་བརྗོད་བྱེད་ཅི་ཡང་མི་འདུག
རྩོམ་ཡིག་འདིས་ད་ལྟའི་བོད་ཕྱི་ནང་གི་མི་སྤྱི་དང་། སྒོས་སུ་མི་མགོ་བདེ་ཚོའི་བྱ་སྤྱོད་ལ་ཐེར་འདོན་གནང་ཡོད་པས། བརྣག་ཁྲག་འབྱིན་པའི་གཙག་བུ་ངོ་མ་ཞིག་རེད།
མངོན་པར་བསྟོད་་་་་
སྒོམ་པ་ཚེ་རིང་ཁོས་སོ་སོ་མེར་སྲེག་དཔའ་བོ་ཞིག་གི་རྣམ་ཤེས་ཕྱིར་བསླེབས་ནས་བྲིས་བ་འདྲ་བོ་བྱས་འདུག། ད་ཁ་གསོན་པོ་འདིས་གང་ཡོང་། རང་ལས་གཞན་མི་མཐོང་དུས། གཉིད་སད་ཡ་མང་དྲག་པའི་སྐྱོན་ཡོད་ནི་རེད།
བོད་པ་ཚང་ལ་མྱི་བྱོན་མི་འདུག་ཟེར་ན། ཨ་ཕོ་ཁྱོད། ཁ་ཆེ་ཚང་ལ་བསྒྱུར་ནས། ཡི་གུར་བའི་འཐབ་རྩོད་ལ་ཞུགས་པ་ཡིན་ན་ཡང་། ང་ཚོ་ལ་འབྱོད་པ་ཤོར་མི་ཡོང་།
གཅེས་སྐྱོང་མི་ཤེས་ནིའི་ཨ་ཕས་རང་གི་བུ་རྟ་རྔར་འདེགས་ནི་རེད། ཁྱོད་ཡང་དེ་འདྲ་ཞིག་ཡིན་ས་རེད། ལྷ་སྡེ་བ་དེ་འདྲ་ལ་དགའ་བསུ་བྱེད་མཁན་ཞིག་ཡིན་ས་རེད། ལྡོང་སྲས་ཁོ་དེ་འདྲ་ལ་དད་པ་སྐྱེ་ནི་ཞིག་ཡིན་ས་རེད། ཁྱེད་ཚོའི་ལྟ་སྤྱོད་ཀྱི་དུས་ཚོད་དིང་སང་རྫོགས་ཚར་རེད། མགོ་རུམ་ལ་བཅུག་ནས་ཡོག་ཐོངས། ཡོག་དྲི་མར་སྣོམ་ནས་གཉིད་ཁོལ། ལས་དེ་ལས་གཞན་པ་ཞིག་ཅང་མི་འདུག། དགའ་དགའ་ཚོ།
༼རང་དོན་མི་གླེང་ན་ལྐུག་པ་རེད། གཞན་དོན་མི་བསམ་ན་ལྐུག་པ་རེད། ལྐུག་པ་མིན་པ་དེ་སུ་ཞིག་རེད། དེ་ཡི་འཁོར་ཚོགས་ཞུགས་པར་ཤོག།༽ འདི་བརྒྱ་ཚར་ཞིག་ཀློག་དང་དེ་ནས་་་་་་་་་།
སྨན་བཟང་དྲུག་ཅན་ལ་མངར་རིགས་མེད།།
གཏམ་ཤ་ཚ་ཅན་ལ་སྙན་མོ་མེད།།ཅེས་གསུངས་ཡོད།
དོན་དངོས་དང་སྦྱར་ནས་བཤད་དུས་གཡོ་སྒྱུ་ཅན་གྱི་མི་སྣ་ཚོས་དགའ་བསུ་བྱ་ཐབས་བྲལ།།
དེང་སང་ཁ་བརྡ་ནང་ལ་ཁུང་ལུང་མེད་པའི་གཏམ་འཆལ་བཤད་མཁན་མང་གི
ཧ་ཧ་ཧ། རྩོམ་ཡིག་འདི་ལུང་རྟོགས་སོགས་ལ་ལྟོས་་ནས་བྲིས་པ་འདྲ་པོ་ཞིག་འདུག ནད་ངོས་འཛིན་གནང་པ་ཞེ་དྲག་ཡག་པོ་རེད།
ཀར་བློ་སོགས་ངན་པ་ཁ་མཐུན་བྱས་ནས་བྲིས་ཡོད་ཚོད་རེད།་ཧཧཧ