ཨ དོན་ཉི།
སྒྱུ་རྩལ་པའི་གླུ་ངག་གི་མཆོང་སྐྱོད་ཁྲོད་ནས
སྐུའི་འཁྲུངས་སྐར་རོལ་བའི་སྤྲོ་བ་ཤུགས་ཀྱིས་བརྟས
དཔའ་བོ་དཔའ་མོ་རྗེས་དྲན་གྱི་གླུ་སྒྲ་མཐོན་པོས
མི་སེམས་སྡུག་ལ་སྦྱར་ཞིང་སྨྲེང་བར་བྱས
མིག་ཆུ་ཁོག་ནས་ཐོན་ཅིང་མིད་པ་བརྣངས
སྒྱུ་རྩལ་པས་མགོ་བོ་སྤྲུག་སྤྲུག
ལག་པ་གཡུགས་གཡུགས
ཁ་སྣ་རྫེ་རྫེའི་ངང་གླུ་བླངས་འོང་དུས
འབར་གས་ཀྱི་ཚེ་སྲོག་རེ་རེ་དྲུད་ནས་འོངས་པ་དང་འདྲ་ལ
བཙན་པོའི་བང་སོ་ཉུལ་བའི་གཏམ་རྒྱུད་ཀྱང་སྔོག་བཞིན་བསླེབས་པ་དང་འདྲའོ
སྒྲ་དང་དབྱངས་ཀྱི་སོ་མཚམས་སུ
སྐྲ་ལོ་ངུས་ཤིང་དབང་བོ་བརྒྱལ་བཞིན་དུ
བྲང་ཀ་ཡངས་པོ་མི་ཚོགས་ཀྱི་ཕྱོགས་སུ་གདངས
རང་ལུས་ཧྲིལ་པོ་ན་བུན་གྱི་གསེབ་ཏུ་འདར
བླ་མ་དང་མེས་པོ་ཟེར་བཞིན
ལྟད་མོ་བའི་ཁྲོད་དུ་ཧུ་སྒྲ་བསྒྲགས
ཚོམས་ཁང་གི་ནམ་མཁར་བྲག་ཅ་བསྐྱིལ
སྒྱུ་རྩལ་པ་དེ་ལྟར དགོད་ལ་ཁད་དུ འགྱེལ་ལ་ཁད་དུ
འཁྲུངས་སྐར་གྱི་དགེ་བར་གྱུར་སོང
མི་ཚོགས་ཀྱི་སྙིང་ལ་བསྡད་སོང
ཨ་ཅག་ཚོའི་འཛུམ་ལ་འདྲེས་སོང
༧/༨/༡༤/