བོད ལྷ་ཀླུ་གཉན་གསུམ།
ངས་རྒྱུན་དུ་རང་གིས་ལ་འདི་ལྟར་དྲིས་པ་ཡིན། མི་མ་ཤི་གོང་དུ་ལས་ཀ་གང་ཡོད་པ་རེད་ཅེས་འདྲི་བཞིན་ཡོད་ཀྱང་། ད་ལྟའི་བར་དུ་རང་ཉིད་མ་ཤི་གོང་དུ་གང་ཞིག་བྱེད་དགོས་མིན་དང་། གང་ཞིག་བྱས་པ་ཡིན་ན་དོན་སྙིང་ལྡན་མིན་སོགས་ཀྱི་ཐད་དུ་ལན་དོན་མཐུན་ཞིག་གཏན་ནས་རྙེད་ཀྱི་མི་འདུག་ལ། ངོ་ཤེས་ཚད་ཀུན་ལ་མི་ཟེར་བ་འདི་མ་ཤི་གོང་དུ་ག་རེ་བྱེད་དགོས་མིན་སྐོར་ལ་སྐད་ཆ་མང་བོ་ཞིག་དྲིས་ན་ཡང་། ཁོང་ཚོས་ཀྱང་བསམ་ཕྱོགས་ནི་དངོས་ནས་མི་གཅིག་པ་དེ་ནི་མི་སུམ་བཅུ་བསམ་པ་སུམ་བཅུ་དང་། མཛོ་སུམ་བཅུ་ར་ཁ་དྲུག་བཅུའི་དཔེ་ལས་མ་འདས་ཀྱང་། མང་ཤོས་ཤིག་གིས་མི་མ་ཤི་གོང་དུ་ག་རེ་བྱེད་དགོས་མིན་སྐོར་ལ་བསམ་བློ་ཞིབ་མོ་ཞིག་གཏན་ནས་གཏོང་མྱོང་མེད་ཟེར་མཁན་ཡང་འདུག
ངས་སྐད་ཆ་དེ་དག་གོ་དུས་སུ། ངས་རང་གིས་རང་ལ་རང་གི་དྲན་པ་ནི་འདྲེ་རེད། ཚོར་བ་ནི་དུག་རེད་ཟེར་ནས་བཤད་པ་ཡིན་ཡང་། དྲན་པས་གཏན་ནས་དེ་འདྲ་མིན་ལུགས་དང་། ཚོར་བས་ཀྱང་གང་ནས་ཡིན་ཟེར་བ་ལས། རྒྱུ་མཚན་དང་གནས་ལུགས་ཡང་དག་ཞིག་གཏན་ནས་ང་ལ་སྤྲོད་ཀྱི་མི་འདུག
ཉིན་མ་རེ་རེ་བཞིན་ངས་ལས་གསེང་གི་དུས་ཚོད་དང་། དགོང་མོའི་གཉིད་ཡུན་གྱི་དུས་ཚོད་མི་ཉུང་བ་ཞིག་དྲ་ཐོག་དུ་བེད་སྤྱད་དེ། རང་གི་རིགས་སུ་སྐྱེ་བའི་བོད་ཡིག་དང་བོད་སྐད་ལ་དོན་སྣང་ཆེ་བའི་དྲ་ཐོག་གི་སྤུན་ཟླ་དག་ལ་རང་གི་བསམ་ཚུལ་ཕྲན་པུ་རེ་ཡི་ཟུར་ངོས་སྟོན་གང་ཐུབ་བྱོས་ཀྱང་། དྲ་ངོས་ཀྱིས་སྤུན་ཟླ་དག་གིས་ཀྱང་སྐབས་རེར་ཁ་ཡག་རེ་དང་། སྐབས་རེར་ངོ་འཚང་རེ་འདྲི་བ། ལན་རེ་ཁྲེལ་རྒོད་བྱེད་པ། དུས་རེར་སྙིང་རྗེ་ཟེར་བ། མཚམས་རེར་སེམས་གསོ་གཏོང་བ་ལས། མི་མ་ཤི་གོང་དུ་གང་དུ་ལས་ཀ་གང་ཡོད་མེད་ཐད་དུ་སུས་ཀྱང་ལན་དོན་མཐུན་དང་རྒྱུ་མཚན་ཚད་མ་ཞིག་རང་གིས་རང་ལ་དྲིས་པ་ལྟར་ལན་མི་འདུག
དེ་ལྟར་ཡིན་ཡང་། རང་གི་སེམས་ནས་མ་ཤི་བར་དུ་ཤུ་རེ་བྱེད་དགོས། མ་ཤི་གོང་དུ་ལག་རྗེས་ཕྲན་པུ་ཞིག་འཇོག་ཐུབ་ངེས་ཡིན། ལག་རྗེས་དེས་རང་གི་འཚོ་གནས་ལ་རིན་གོང་ཞིག་མི་སྤྲོད་ཀྱང་། རང་གི་སྙན་གྲགས་དང་གོ་གནས་ལ་འགྱུར་བ་ཞིག་འགྲོ་འདོད་སོགས་མིན་པས། རང་གི་ངོ་གདོང་ཡོད་པའི་འདྲ་དཔར་ཞིག་གཏན་ནས་ང་རང་ནི་འདི་ཡིན་ཟེར་ནས་བརྫིག་ཉམས་ཤིག་སྟོན་འདོད་སོགས་མེད་པར། གང་དྲན་དང་གང་ཤེས་པ་ནས་ག་ལེར་ཡར་རྒྱས་སུ་སོང་ཤུལ་གྱི་ལམ་ཕྲན་ཆུང་ཆུང་ཞིག་བྱུང་བ་ཡིན་ན། དེ་ཡང་མི་མ་ཤི་གོང་དུ་བྱས་པའི་ལས་ཀ་ལྟ་བུར་བསམ་ནས་ཉིན་མཚན་གང་ཡོད་ལ། དུས་ཚོད་མང་བོ་ཞིག་དྲ་ཐོག་ནས་གཏོང་ཁུལ་བྱེད་ཀྱི་ཡོད་པ་དེ་ཡིན།
འོན་ཀྱང་། མཐར་ཐུག་གི་ལན་ནི། མི་མ་ཤི་གོང་དུ་ལས་ཀ་གང་ཡོད་པ་རེད་ཟེར་བའི་ལན་དེ་ནི་ད་དུང་ཡང་། ངས་དྲན་པའི་ནང་དུ་ནག་འཐོམ་མེར་འདུག
མི་མ་ཤི་གོང་ལ་མི་སྣ་སོ་སོར་ལས་ཀ་ཚར་དགོས་ཁ་ཁག་སོ་སོར་མང་པོ་ཡོད་བཟོ་འདུག དཔེར་ན། ཁྱེད་རང་བོད་རིགས་རྨ་འབྱར་ཅིག་ཡིན་ན་ནི། ཕ་མས་སྤྲད་པའི་ལྟོ་བཟའ་འོ་འཐུང་། ཉལ་སར་སྐྱག་གཅིན་མང་ཙམ་བཏང་ནས་སྐྱིད་ཉལ་ཡུན་རིང་བྱས་ན་བྱས་ན་ཕ་མ་དགའ་བགྱིད་རེད། བྱིས་པ་ཡིན་ན་འགྲོ་དུས་མ་ངུ་ལོག་དུས་མ་འཕྲང་ན་ཕ་མར་ཕན་བགྱིད་རེད། སློབ་ཕྲུག་ཡིན་ན་དགོང་མོ་དུས་ཐོག་ཉལ་མི་ཤེས་པ་རྟ་དང་འདྲ་བ་མ་ཡིན་པར་སྔ་ཉལ་དང་། ཞོགས་པ་བ་དང་འདྲ་བ་མ་ཡིན་པར་སྔ་ལངས་བྱས་ནས་འཛིན་གྲཱར་རྗེས་ལུས་མ་ཐེབ་ཐོག སློབ་གྲཱ་ནས་ཕྱིར་ལོག་མ་རྒྱང་པ་བྱེད་དགོས་འདུག མཐོ་རིམ་སློབ་ཕྲུག་ཡིན་ན་རང་དབང་ཆེ་བས་རང་ཁྲིམས་རང་ཚུགས་ཐུབ་ལ་དུས་ཚོད་འཕྲོ་བརླག་མ་ཤོར་བ་གལ་ཆེན་རེད། ཕ་མ་ཡིན་ན་བརྩེ་སེམས་དགོས། དགྲ་བཙུན་ཡིན་ན་ཁྲིམས་གཙང་དགོས། སྔགས་འཆང་ཡིན་ན་དམ་གཙང་དགོས། དགེ་རྒན་ཡིན་ན་ཕན་སེམས་དགོས། མཁས་དབང་ཡིན་ན་འཆད་རྩོད་རྩོམ་གསུམ་དགོས། བླ་སྤྲུལ་བཤེས་གཉེན་ཡིན་ན་མཁས་བཙུན་བཟང་གསུམ་དགོས། བྱ་བྲལ་གྲུབ་ཐོབ་ཡིན་ན་མ་འཆི་གོང་ལ་འཆི་བ་རྒྱུན་དུ་བསྒོམས་དགོས་འདུག
དེས་ན་སློབ་མ་མིན་པ། བྱིས་པ་མིན་པ། དགེ་འདུན་ཡང་མིན་པ། ཕ་མ་ཡང་མིན་པ། བར་མ་བར་གྱི་མི་སྐྱ་དག་གིས་ག་རེ་བྱེད་དགོས་ཀྱི་ཡོད་པ་རེད་དམ།
མི་མ་ཤི་གོང་གི་ལས་ཀ་གལ་ཆེ་ཤོས་ནི་ ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ལ་ཉམས་ལེན་ལག་བསྟར་བྱེད་ཐུབ་ན་ རང་ཉིད་ཆོས་དང་སྐྱེ་བ་སྔ་ཕྱིར་ཡིད་ཆེས་བྱེད་ཁན་ཞིག་ཡིན་ན་ཚེ་འདི་ཕྱི་གཉིས་ཀའི་ཆེད་དལ་འབྱོར་དོན་ཆེན་འགྲུབས་རྒྱུ་དང་ ཆོས་དང་སྐྱེ་བ་ཕྱི་མར་ཡིད་ཆེས་མེད་པ་ཞིག་ཡིན་ནའང་རང་ཉིད་མ་ཤི་རིང་གཅོས་མིན་སྙིང་དབུས་ནས་ལྷག་བསམ་བཟང་པོའེ་ངང་ནས་ཉིན་རེ་ཉིན་རེ་རྒྱུན་དུ་ནས་གཞན་ལ་ཕན་སེམས་དང་སྙིང་རྗེ་དྲང་བདེན་སོགས་འགྲོ་བ་མིར་མཁོ་ཆེ་བའི་འཇིགས་བརྟེན་ཡ་རབས་བཟང་སྤྱོད་ངང་ སྤྱི་ཚོགས་ཞབས་ཞུ་ འཁོར་ཡུག་སྲུང་སྐྱོབས་ལ་སོགས་འགྲོ་བ་མིའི་གཙོས་སེམས་ཅན་ཐམས་ཅད་ཀྱི་བདེ་ཙར་བསམ་པ་རྣམ་དག་གི་ལས་དོན་ནམ་ཞལ་འདེབས་ཆུང་ངུ་ཞིག་ལས་ལེགས་སྐྱེས་འབུལ་མ་ཐུབ་རུང་ ལུས་ངག་ཡིད་གསུམ་ནས་ཀུན་སློང་དང་ལྷག་བསམ་བཟང་པོའི་བྱ་བར་འབད་ན་ རང་གཞན་གཉིས་ཕན་ངང་མི་ཚེ་དོན་དང་ལྡན་པ་ཞེས་དེ་འདྲ་ཞིག་ལ་ཟེར་བ་འདྲ་ ལོ་ངོ་༥༠ རིང་ ༧གོང་ས་མཆོག་ནས་བཀའ་སློབས་རབ་དང་རིམ་པ་དྲང་ལས་འདས་པ་གནང་ཡོད་པ་དེ་ཚོར་གཟིགས་ན་ཁྱེད་རང་ལ་བཁོ་བའི་ལན་ཡག་ཤོས་དེ་༧སྐུ་མདུན་བཀའ་སློབ་ནང་ནས་ཐོབ་ཀྱི་རེད་བསམ་།།
རང་བཙན་ལྡེའུ་ལགས། ང་རང་གཅིག་བུ་ལ་འཁོ་བ་ཞིག་འཚོལ་འདོད་ཀྱི་མདུན་པ་ཡིན་ན། ང་རང་དྲ་ངོས་འདིར་ཡོང་ནས་དུས་ཚོད་གཏོང་བ་ལས། རང་ཉིད་ལ་གང་དགོས་པ་དེ་སྒྲུབ་ངེས་ཡིན། དེ་མིན་སྟབས། དྲ་ཐོག་གི་སྤུན་ཟླ་དག་ལ་འུ་ཅག་མིའི་རིགས་ལ་འཁོ་བ་གང་ཡིན་ཐད་དུ་གླེང་གི་ཡོད་ལ། ལྷག་པར་བོད་ཡུལ་སྐྱུར་ནས་ས་མཐའ་ན་ཁ་སྐྱག་ལངས་དུ་ཤོར་བའི་འུ་ཅག་གིས་རིགས་ཀྱི་མ་ཤི་སྔོན་དུ་བྱེད་དགོས་པ་དག་གང་ཡིན་ནམ་ཟེར་ནས་འདྲི་བཞིན་ཡོད།
ལྷ་ཀླུ་གཉན་གསུམ་ལགས། ་་་་་་་་་མིན་པ། བར་མ་བར་གྱི་མི་སྐྱ་དག་གིས་ག་རེ་བྱེད་དགོས་ཀྱི་ཡོད་མེད་དེང་ལ་ཤོད་ཡ་མེད་པས་ཁྱེད་རང་གིས་གསུངས་རོགས་གནང་།