ཨེ་མ་ཧོ།
ཨོཾ་ཨཱ༔ཧཱུཾ་ཧྲི༔
སྒྱུ་འཕྲུལ་གྲུ་བཞི་སྦྲ་ནག་མེས་པོའི་ཁྱིམ།།
གཡང་ཟོག་ཁུལ་རྩིད་བཟང་པོའི་རྒྱུ་ཆ་ལ།།
རྐུད་ཐག་ཐགས་ཏེ་རེ་ལྡེའི་དཀྱིལ་འཁོར་ཉིད།།
ཟུར་བཞི་ལོག་བརྒྱད་སྲིད་པའི་རུས་སྦལ་མཚོན།།
ཕུག་ཆོན་ཀ་རིང་སྟག་པ་དཀར་པོས་བརྟན།།
འགྱུར་མེད་རྣམ་ཀུན་མཆོག་ལྡན་མཚོན་པའི་བརྡ།།
སྒོ་ཆོན་ཀ་ཆེན་གཡུ་ཤུག་སྔོན་པོས་རྒྱན།།
མ་ལུས་འགྲོ་འདུལ་སྙིང་རྗེས་འཛིན་པའི་རྟགས།།
ཁ་ཚུབ་ལོག་བརྒྱད་སྒྲུབ་པ་བཀའ་བརྒྱད་དོན།།
ཀ་གདུང་རྣམ་གསུམ་སྐུ་གསུམ་རྒྱལ་བའི་རྟེན།།
ཆོན་ཐགས་རྣམ་བཅུ་དབང་ལྡན་དྲ་བས་མཛེས།།
ཕུར་སྲུང་ཆེ་ཆུང་གཟུང་འཛིན་སྒྲལ་བའི་གཟུགས།།
ཐབས་ཤེས་ཟུང་འབྲེལ་ཆ་རུ་ངོ་ཐིག་དཔལ།།
ཀ་ཆེན་རྣམ་བརྒྱད་ས་འཇུ་གྲུ་ཐག་རིགས།།
ཞི་ཁྲོ་དམ་པའི་ལྷ་ཚོགས་བཀྲ་ཤིས་ཚོགས།།
གངས་ཅན་ཕ་མེས་གཞི་ཁྱིམ་ཨེ་མ་ཧོ།།
ཞེས་པ་འདི་ཡང་རབ་རྒྱན་སྨྲོན་ཟླའི་ཡར་ངོའི་ཚེས་པ་བཅུ་ལ་ཨེ་མ་ཧོའི་ཟློས་གར་སློབ་ཚོགས་སྤྱི་མགྲིན་ནས་གསུང་བསྐུལ་ལྟར་ཡུལ་སྒ་སྟོད་སྦྲ་གུར་གྱི་སྲོལ་རྒྱུན་དང་རྟ་ནོར་ལུག་དང་འབྲོག་སྡེའི་དུས་ཆེན་ཆེན་པོ་གསར་ཚེས་ལ་ནང་བསྟན་གསང་ཆེན་རིག་པའི་གོ་དོན་ལྟར་གང་ཤར་དུ་ནུབ་ཕྱོགས་རྒྱ་མཚོའི་ངོགས་ནས་ཨེ་མ་ཧོས་བརྡ་གཏམ་གླུ་རུ་བླངས་པར་དགེའོ།། །།
བླ་རྒན་ཞིག་གིས་བྲིས་ཡིན་པ་འདྲ། ཅིང་མི་གོ་ཐལ། འབྲོག་རྒན་ཞིག་གིས་འདིའི་དགའ་ཞིག་འབྲི་ཐུབ་པའི་སྐུལ་མ་ཡོད།
ཚང་མ་གསང་སྔགས་རྙིང་མའི་ཆོས་ལ་སྦྱར་ནས་ཡག་ཐག་ཆོད་བྲིས་འདུག དེ་བཞིན་བོད་ཆོལ་ཁ་གསུམ་གྱི་ཁྱད་ཆོས་ལ་སྦྱར་ནས་བྲིས་མཛེས། སྔོན་མ་གླིང་གི་ཞྭ་བཤད་ཅིག་བོད་ཆོལ་ཁ་གསུམ་གྱི་ཡུལ་དང་བཅུད་སེམས་ཅན་གྱི་ཁྱད་ཆོས་ལ་སྦྱར་ནས་བྲིས་པ་ཞིག་མཇལ་མྱོང་། བླ་མ་མཁྱེན་ནོ། འདི་འདྲའི་བཤད་པ།