ཁྲོ་གཏུམ།
ཉི་ནུབ་ཉི་ཤར་གྱི་ངོ་གདོང་ནས་འཚོ་ཞོར
གད་སྙིག་རླུང་ལ་འགྲོགས་པའི་དུས་ཚིག་གི་གར་སྟེག་གྲལ་བསྒྲིག་ལ
དོན་མེད་པའི་གཞས་ཀྱི་འགྱུར་ཁུག་ཆག་ཅིང
ངག་མེད་པའི་དུས་ཀྱི་རྩ་ལམ་ལ་ཉལ་ཐ་རྒྱུ་དུས་སུ
ང་ཚོར་ཡོད་པའི་རང་ཉིད་ཀྱི་འགུལ་བསྐྱོད་ཟས་ལྷག་ཅིག་རེད
ཁྱོད་ཚོས་ཉི་ཐིག་གི་དགོས་དབང་མི་སྦྱང་བར
ཤར་ནུབ་གཅིག་པུར་བལྟས་པའི་མཐོང་བ་དེ་རིགས
གནམ་གྱི་སྤྲིན་པ་རྒྱུ་སྟངས་དང་མཚན་མོའི་སྐར་མ་གཅིག་པུས
དུས་ཀྱི་གནམ་གཤིས་འགྱུར་འགྲོ་བ་མཁྱེན་མཁན་ཡིན་འདོད་དམ
སྔ་ནུབ་ཀྱི་བར་ནས་ཁྱོད་ཀྱི་ཚོར་བའི་འགྱུར་བག་རྒོད་ཀྱང
སྔར་བཞིན་ཉི་ཐིག་དྲན་པའི་དུས་སུ
མེ་ལོང་དུ་ངོ་གདོང་གཞན་ཞིག་ཡོང་བའི་དུས་ཤིག་མེད་པ་འདྲ
གནའ་སྔ་མོ་དང་དུས་དེང་སང
ཞིབ་བསྡུར་གྱི་སྡུག་ཡུས་ཐོད་ལ་བླངས་བས་ཅི་ཞིག་ཤེས་འདོད་ཀྱང
ཡ་མཚན་པ་སྔ་མོ་ནས་རིམ་བཞིན་ཡོང་མྱོང་ལ
ཞེ་མེར་བ་ད་བར་ཡང་སྔོན་ཆད་ལྟར་ཐོན་ངེས་པས
ཁྱོད་ཀྱིས་འཇིག་རྟེན་འདི་ཡ་མཚན་ཞིག་རེད་མ་བསམ
ང་ཚོའི་མགོ་འཇུག་གི་ཡོད་ཚད་འཇིག་རྟེན་འདིའི་ཐོན་ཁུངས་དང
མང་དྲག་པའི་ཐོན་བསྐྱེད་བྱེད་མཁན་ནི་ང་ཚོ་མི་ཟེར་བ་འདི་ལས་གཞན་ཅི
ཉི་མའི་དཀར་ངོགས་སུ་ཁྱོད་ཀྱི་འགྲོ་སོང་མྱོང་བ་བདེན་ཀྱང
དུས་ཀྱི་ཡོལ་ངོགས་སུ་ཁྱོད་ལ་མ་འདང་བ་དེའི་རྗེས་སུ
ཐམས་ཅད་ཐང་ཆད་པའི་ངོ་གདོང་ལ་ངས་བཟོད་སྒོམ་བྱེད་ངེས
༢༠༡༤།༠༧།༡༦ཕྱི་དྲོར།
སེམས་ཀྱིས་རྔུབ་ནས་བུད་སོང་། སྔར་བཞིན་སྙན་ངག་གློ་བའི་གཏིང་ནས་ཕྱི་ལ་མང་དུ་གདོན་རོགས།