ཚེ་རིང་།
ཡུན་རིང་ཞིག་ཏུ
ངས་མེ་ལོང་གི་ངོས་སུ་རང་ཉིད་འཆར་བ་མ་ཤེས
དེ་རིང་གཞི་ནས་མེ་ལོང་གི་ཉེ་སར་བཏུད་དེ
རང་ཉིད་ལ་ལྟ་སྐབས
ང་ནི་ཅི་འདྲའི་ཉམ་ཆུང་ཞིག་ཨང
དམག་ལྭ་གོན་པའི་སྒོ་ཁྱི་དེ
ཞེ་སྡང་གིས་ངའི་ཕྱོགས་སུ་ཟུག་ཅིང
མགོ་སྐྲ་སེར་བོར་བསྒྱུར་བའི་བོད་པ་དེ་ཚོས་ཀྱང
ཡ་མཚན་གྱིས་བལྟ་དུས
ངས་ས་རྡུལ་གྱི་ཁྲོད་ནས་བསྒྲུགས་པའི་སྲུང་མདུད་སེར་བོ་དེ
རང་གི་སྐེ་ལ་བཏགས་ཏེ
མིག་གིས་མཐོང་ཚད་ཀུན་ལ
དོགས་ཟོན་གྱིས་བལྟ་དགོས་བྱུང
བློས་གཏོང་ལ་མི་དགའ་པའི་མི་དེ་ཚོས
ཁ་ཐག་ཉེ་བའི་དབྱར་ཁའི་སྤང་ཐང་གི་སྤྲོ་གསེང་ཞོར་དུ
ཤེལ་ཕྲེང་སེར་བོ་དེ་ཞི་དུལ་གྱིས་བགྲང་ཞིང
མི་ཚོགས་དཀྱིལ་དུ
སུས་ཀྱང་བཤད་མྱོང་བའི་གཏམ་རྒྱུད་མག་མོག་རེ
ངག་འཇམ་གྱིས་བཤད་དུས
བྱིས་པའི་ངུ་སྒྲ་དང་རྒྱང་སྨུག
མཁའ་མཐའ་ནས་དུས་མཉམ་དུ་མཆེད་འོང
ཚེ་སྲོག གཅེས་འོས་པའི་ཐ་སྙད་འདིས
མི་རྣམས་ལ་རང་གིས་མི་ཚོར་བའི་གཤོག་ཟུང་རེ་བསྐྲུན་ཅིང
གཤོག་ཟུང་དེས་ནམ་ཡིན་ཡང
རང་ཉིད་ཀྱི་ནམ་མཁའ་བསྐྱུར་ནས་འཕུར་གྱིན་ཡོད
འོད་ལམ་འོད་ཀྱིས་གཤེགས་པའི་གཏམ་རྒྱུད་ཁོ་ནས
ཐ་སྙད་རེ་ཟུང་གི་རིན་ཐང་ད་དུང་ཡལ་མེད་ལ
ཉི་འོད་ལ་དུང་ཡང་ཉི་འོད་ལ་སྐྲག་པའི་མི་ཚོགས་དེའི་ཆེད་དུ
གོ་རིམ་མང་བའི་སྤྲིན་དཀར་གྱི་ལམ་བུ
ནམ་ཡང་ཁྱོད་ལ་ཕྱེ་ཡོད
2014/07/16 མཚན་མོ།
མཚན་མོ་དེར། ཁྱོས་འདི་འདྲའི་དཀའ་ལས་ཞིག་བརྒྱབས་ནས།
ཅི་ཞིག་བྲིས་ཡོད། ཅི་ཞིག་བཤད་ཡོད།
མཚན་མོ་དེར། ཁྱོས་ལྷ་ལ་གསོལ་བ་མི་འདེབས་པར།
ང་ཚོ་ལ་ཁ་བརྡ་ཞིག་བྱེད་འདོད་ཡོད་པ་བདེན་ཡང་།
ཚེ་རིང་། ངས་ཁྱོའི་འདི་མི་གོ་འི་ཡ།
སྨྱུག་ཁ་ནས་བཞུར་བའི་ཆུ་མོ་འདིར། ནང་ན་ཉ་མེད་པས་ཡིན་ནམ། བཞུར་འགྲོ་ལ་སྒྲ་མེད་པས་ཡིན་ནམ།
འུག་པ་ང་། འུག་པ་ངའི་རྣ་བར་ཆོས། མིག་གིས་འོད་མི་ཐུབ་པ་ལ་སྤྲོ་མ་འཕེལ།
ཆོས་ཉིད་འདི་ལ་ཟློག་ཐབས་ཤིག་མི་འདུག། ཚེ་རིང་རྒྱུ་བོའི་ཚེ་རིང་ལགས།
གཞན་གྱིས་འགྲེལ་བཤད་ལ་བསྟེན་ནས་གོ་བའི་སྙན་ངག་ལ་དེ་འདྲའི་བྲོ་བ་མི་ཐོན་པས། ངས་ཁྱེད་ལ་འག྄ེལ་བཤད་བྱས་ཆོག་ཀྱང་རབ་ཡིན་ན་རང་ངོས་ནས་གོ་ཐུབ་ན་བཟང།