ཚེ་རིང་།
—-སློབ་གྲོགས་ཤིག་གི་སྐད་ཆ་ལ་གཞི་བཅོལ་ནས་བྲིས།
ངའི་ཕ་ཡུལ་གྱི་ལུང་མགོ་ན
རྫ་རྒན་ནག་རྡང་ཞིག་ཡོད་ལ དེའི་རྐེད་པ་ནི
དུས་བཞིར་ན་བུན་གྱིས་དཀྲིས་ཡོད
ངག་རྒྱུན་དུ་གྲགས་པ་ལྟར་ན
དེ་རུ་སྲིན་མོ་འཇིགས་སུ་རུང་བ་ཞིག་ཡོད་པས
རྫ་རྐེད་དེར་སོང་ནས་ཕྱིར་ལོག་ཐུབ་མཁན་གཅིག་ཀྱང་མེད་ཟེར
ལ་ལས་བཤད་ན དེ་ནི་ཡུལ་ལྷ་མཐུ་བོ་ཆེ་ཚོའི་གཞལ་ཡས་ཁང་ཡིན་པས
སུས་ཀྱང་འགྲོ་མི་ཐུབ་སྐད
ལོ་ལོན་ཁ་ཤས་ནས རྫ་རྒན་གྱི་ཕར་ཕྱོགས་ནི
མེ་མཚོ་ཆུ་རྒོད་ལྟར་གདུས་པའི་ཡུལ་ཁམས་ཤིག་ཡིན་པས
སུས་ཀྱང་འགྲོ་ས་མེད་ཟེར
དེ་ལྟར་མི་ལོ་དུ་མ་ཞིག་འདས་ཤིང་ལོ་ངོ་དེ་དག་གི་རིང་ལ
སུས་ཀྱང་རྫ་རྐེད་དེར་འགྲོ་མ་ཕོད་ལ
སུས་ཀྱང་རྫ་ཕར་ཕྱོགས་ཀྱི་འཇིག་རྟེན་དེ་མཐོང་མ་མྱོང
མི་ལོ་བཅུའི་ཡར་སྔོན་གྱི་དབྱར་ཁ་སྟེ
ཆར་ཤོད་ཆེ་བའི་ཉིན་མོ་ཞིག་ལ
ང་ཚོ་སྡེ་བའི་གྲྭ་ཆུང་ཞིག་རྫ་འདབས་དེར་ཕྱིན་ཏེ
ཕྱིར་ཡོང་མེད་པར་གྱུར་བས
ཡུལ་མི་ཚོས་གཏམ་རྒྱུད་རྙིང་བ་དེ་དག་ད་ལྟའི་བར་དུ་བཤད་མྱོང
ད་ལོའི་སོས་ཀར་ང་ཚོའི་སྡེ་བར
རྒྱུས་མེད་པའི་ཡི་གེ་ཞིག་འབྱོར་ཞིང
ཡི་གེ་དེ་རུ་རྫ་འདབས་ནས་བོར་སོང་བའི་གྲྭ་ཆུང་དེས
<ཡུལ་ཁམས་>གཞན་ཞིག་འགྲིམས་པའི
ལམ་ཡིག་དང་ལོ་རྒྱུས་གསལ་བོ་བརྗོད་འདུག་མ་ཟད
ད་དུང་<ཡུལ་ཁམས>གཞན་དེ་ལས་ཀྱང
<ཡུལ་ཁམས>གཞན་ཞིག་འགྲིམས་པའི་གནས་ཚུལ་བརྗོད་འདུག
ཡི་གེ་དེ་ང་ཚོ་སྡ་བའི་ནང་ཁྱབ་བརྡལ་དུ་ཕྱིན་རྗེས་སུ
སྔོན་གྱི་གཏམ་རྒྱུད་ལ་འབྱམས་པའི་ལོ་ལོན་ཚོའི
ཐོད་པའི་རྒས་གཉེར་གྱི་གསེབ་ཏུ
ཧ་ཅང་ཐང་ཆད་པའི་དྲི་བ་ཞིག་དང
ཉི་ཟེར་གྱིས་གཙེས་པའི་མིག་མཐའ་རུ
ནོངས་འགྱོད་དང་ཡ་མཚན་འདྲེས་མའི་འོད་ཟེར་ཞིག་འཁྱུག་འདུག
གཏམ་རྒྱུད་དེ་དེ་ལྟར་མཇུག་རྫོགས་མ་ཐག
སུས་ཀྱང་སྐུལ་བ་མེད་པར
སྡེ་བའི་གཞོན་ནུ་ཚོ་མཉམ་རུབ་ཀྱིས
རྫ་རྒན་ནག་རྡང་གི་རྐེད་པ་ནས་ལམ་བུ་ཞིག་འཕྲད་དུ་དྲས
2014/07/18 སྲོད་ཁར།
གཏམ་སྙན། རྡང་། ཞེས་པའི་དོན་ཅི་ཡིན།
ཨ་མདོ་སྐད་དུ་མི་ནག་པོ་ལ་ནག་རྡང་ཟེར་བ་ལྟ་བུས་མཚོན་་་དོན་ལ་ཁ་སྐད་ཡིན་པ་འདྲ
ནག་ལྡང་གི་ལྡང་ནི་ར་རྡང་འདྲ་ཡིན་ནི་མ་རེད། ལ་ལྡང་ཡིན་ནི་རེད། ད་དུང་ལྡིང་ལིང་གཉིས་ཀྱི་གང་རུང་བྲིས་ན་ཡང་མ་འགྲིག་པ་ཡོད་པ་མ་རེད།
༼སུས་ཀྱང་འགྲོ་མི་ཐུབ་སྐད༽ འདིས་བརྡ་ཞིག་མི་སྤྲོད་ཀི།
སུ་ཡང་འགྲོ་མི་ཐུབ་སྐད་ཟེར་དགོས་ནི་ཡིན་པ་འདྲ། མ་རེད་ཟེར་རྒྱུ་ཞིག་ཡོད་ན་རྒྱུ་མཚན་དྲོངས་ཤོག།
གནམ་སྐད་ཡིན་རྒྱུ་རེད་མ་གཏོགས་བོད་སྐད་རེད་མིན་འདུག
ང་མེ་ཏོག་ཁ་མདོག་ཅན་ལ་དགའ་བོ་ཡོད། ཁ་མདོག་མེད་པའི་མེ་ཏོག་དཀར་ནག་གཉིས་ལ་དགའ་བོ་རྩ་མ་ནས་མེད། ངའི་སྐད་འདི་ཁ་མདོག་ཡོད་ནི་ཞིག་གིས་གོ་བ་ལས། ཁ་མདོག་མེད་ནི་ཞིག་གིས་གང་ལ་གོ། གོ་ནི་མ་རེད། གོ་དགོས་དོན་ཞིག་དེ་བས་ཀྱང་ཡོད་ནི་མ་རེད། ཁ་མདོག་མེད་པའི་མི་ཚེ། ཁ་མདོག་མེད་པའི་སྐད་ཡིག་གིས། ང་ཡང་ཡང་བསད་མྱང་། ད་བདེ་མོ་བྱོས།
ཁ་སྐད་ཀྱི་རིགས་འདི་ལ་ཡུལ་སོ་སོའི་མི་རྣམས་ཀྱིས་རང་དགར་བཀོལ་སྤྱོད་བྱེད་ཀྱིན་ཡོད་པས་འདི་ཡིན་དང་དེ་མིན་་གྱིས་ཁ་ཚོན་གཅོད་རྒྱུ་མ་སྔ།