ཨེ་མ་ཧོ།
ན་མོ་གུ་རུ་ཛྙྰ་ན་དེ་ཝ་ཡེ།
རྒྱལ་ཀུན་མཁྱེན་པའི་གཏེར་ཆེན་འཇམ་དཔལ་དབྱངས།།
བརྩེ་ཆེན་ཐུགས་རྗེས་མངའ་བདག་སྤྱན་རས་གཟིགས།།
གསང་ཆེན་བསྟན་པའི་མངའ་བདག་རྡོ་རྗེ་འཛིན།།
མཚོ་སྐྱེས་རྒྱལ་བ་པདྨ་ཀ་རས་དགེ་ལེགས་སྩོལ།།
གངས་ཅན་ལྷ་ལམ་ཡངས་པའི་དཀྱིལ་འཁོར་རུ།།
བགྲང་ཡས་མཁས་གྲུབ་སྒྱུ་སྐར་བྱེ་བའི་ཁྲོད།།
ཀུན་གསལ་རྟ་བདུན་དབང་པོའི་ལང་ཚོ་ཅན།།
རིག་འཛིན་བཀྲ་ཤིས་དཔལ་འབྱོར་གཙུག་གིས་མཆོད།།
བརྒྱུད་གསུམ་བླ་མའི་བསྟན་པ་རིན་པོ་ཆེ།།
དཔྱད་གསུམ་དག་པའི་སྒོ་ནས་ཉམས་བཞེས་མཛད།།
བསླབ་གསུམ་ནོར་བུའི་མཛོད་འཛིན་རྒྱལ་བའི་སྲས།།
ངེས་དོན་ཆོས་ཀྱི་རྒྱལ་པོ་ཡང་ཡང་དྲན།།
ཀུན་མཁྱེན་ཡབ་སྲས་གསུང་འབུམ་ཡོངས་རྫོགས་དང་།།
སྙིང་ཐིག་ཡ་བཞི་དུམ་གཉིས་མཛོད་ཆེན་བདུན།།
སྔ་འགྱུར་བཀའ་གཏེར་དབང་ལུང་ཁྲིད་རྒྱུན་ཀུན།།
མ་ལུས་གནང་བའི་བཀའ་དྲིན་སྙིང་ནས་དྲན།།
མཆོག་གི་རྣམ་དཔྱོད་ཟབ་རྒྱས་རྒྱ་མཚོ་ལས།།
བཀའ་གཏེར་བདུད་རྩིའི་རླབས་ཕྲེང་མཛེས་པ་རུ།།
མྱོང་བའི་སྐལ་བཟང་རིག་འཛིན་གསེར་གཤོག་ཅན།།
སྒྱུ་འཕྲུལ་ཟློས་གར་རོལ་རྩེད་ཡིད་དགར་འོངས།།
སྐྱབས་རྗེ་འཁྲུལ་བླ་མའི་དགོངས་བཞེད་དང་།།
སྐྱབས་མགོན་རྒྱལ་བའི་དབང་པོའི་བརྩེ་ཆེན་ལས།།
མཁྱེན་བརྩེ་གར་གྱིས་རྩེན་པའི་ཡང་སྲིད་ཉིད།།
ཞིང་འདིར་སླར་ཡང་མཇལ་བ་སྐལ་བ་བཟང་།།
ཆུང་ནས་དམ་པས་རྗེས་བཟུང་རྒྱལ་བའི་སྲས།།
བཀའ་གཏེར་གདམས་པའི་གནད་ལ་བྱང་ཆུབ་པའི།།
སྔ་འགྱུར་བསྟན་པ་འཛིན་པའི་སྤྲུལ་པའི་སྐུ།།
ཡང་སྲིད་རིན་ཆེན་མཇལ་བར་དགའ་སྤྲོ་བརྟས།།
དབྱིན་རྒྱལ་དམག་དོན་ཆེན་པོའི་དབུ་བླ་མཆོག།
རྒྱལ་བ་ཞེ་ཆེན་མཁན་པོ་ཧྰུྃ་ཏྲྰྃ་པས།།
དད་གུས་དམ་ཚིག་ཆེན་པོའི་བཀའ་བགོས་བཞིན།།
བདག་ཀྱང་གནས་འདིར་ངལ་གསོས་སྐལ་བཟང་ཐོབ།།
དམ་ཆོས་གནད་དོན་མཁྱེན་པའི་ཡང་སྲིད་མཆོག།
ང་རྒྱལ་དྲེགས་རློམས་བྲལ་བའི་དགེ་སྦྱོང་མཆོག།
རྒྱལ་བསྟན་འཛིན་སྐྱོང་སྤེལ་མཁས་རིག་འཛིན་མཆོག།
མཁྱེན་བརྩེའི་ཡང་སྲིད་རྡོ་རྗེ་འཆང་ཆེན་རྒྱལ།།
ཡང་དག་ངོས་འཛིན་གནང་བའི་སྤྲུལ་པའི་སྐུ།།
ཕན་བདེའི་མཛད་བཟང་སྐྱོང་བའི་འགྲོ་བའི་མགོན།།
ཉམ་ཐག་ཡོངས་ལ་གཟིགས་པའི་སྤྱན་ཡངས་པ།།
ཆོས་རྒྱལ་དམ་པའི་ཕྲིན་ལས་ཀུན་ཁྱབ་ཤོག།
དཔག་མེད་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན།།
རིས་མེད་གསུང་ཆོས་བདུད་རྩིས་སྨིན་གྲོལ་བསྩལ།།
མཚུངས་མེད་ཐུགས་རྗེའི་མཁྱེན་བརྩེའི་དཔལ་མངའ་བའི།།
མཐའ་མེད་འགྲོ་བའི་སྐྱབས་མགོན་ཞབས་བརྟན་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་སྨྲོན་ཟླའི་དབང་ཕྱོགས་རྒྱལ་བ་གཉིས་པར་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཆེན་པོ།ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཅིང༌། སྡེ་སྣོད་གསུམ་དང་སྔ་འགྱུར་བཀའ་གཏེར་མན་ངག་ཡོངས་རྫོགས་ཀྱི་བདག་པོ་གཅིག་པུ་ཉིད་དུ་གྱུར་པས་ངེས་པ་དོན་གྱི་མཁས་གྲུབ་དམ་པ་སྐྱབས་རྗེ་དིལ་མཁྱེན་རིན་པོ་ཆེའི་ཡང་སྲིད་དུ་རྩོད་མེད་ཀྱིས་ངོས་འཛིན་གནང་བའི་ཡང་སྲིད་རིན་པོ་ཆེ་དབྱིན་ཡུལ་ནས་མཇལ་བའི་ཚེ་གང་དྲན་དག་དེ་དུས་ཀྱི་ཚོར་སྣང་དག་བཀོད་པས་འཇིག་རྟེན་གྱི་ཁམས་འདིར་མཚུངས་པ་མེད་པའི་ཤེས་རབ་དང༌། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་གཏེར་མཛོད་ཅན།དམ་པའི་ཆོས་ཀྱི་འཁོར་ལོ་སྒྱུར་བ་ཆེན་པོ་རྣམས་ཀྱི་སྐུ་ཚེ་བརྟན་པ་དང་ཆོས་བཞིན་སྤྱོད་པའི་དབུ་འཕང་དགུ་ལས་མཐོ་ཞིང་འགྲོ་བ་མི་རིགས་མི་གཅིག་ཤིང་སྐད་རིགས་མི་གཅིག་པ་དང༌། ཆོས་ལུགས་མི་གཅིག་ཤིང་ཡུལ་གོམས་མི་གཅིག་པའི་འཇིག་རྟེན་གྱི་སྐྱེ་བོ་དུང་ཕྱུར་བདུན་ཅུ་པོ་དག་གིས་མི་ཚེའི་མདུན་ལམ་སྟོན་པའི་བླ་མ་ དམ་པའི་བཞེད་དོན་མཐའ་དག་འགྲུབ་པ་དང་། བདག་ཀྱང་ཚེ་རབས་ཀུན་ཏུ་རིག་འཛིན་བརྒྱུད་པའི་སྣང་བ་དང་མི་འབྲལ་ཞིང་རྗེས་སུ་འཛིན་པའི་སྨོན་འདུན་བཅས། སྔ་འགྱུར་རྒྱལ་བའི་གུས་འབངས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འམ་ཨེ་མ་ཧོས་བྲིས་པར་རྒྱལ་བསྟན་དར་ཞིང་འགྲོ་ཁམས་དགེ་ལེགས་རྣམ་པར་འཕེལ་བའི་རྒྱུར་གྱུར་ཅིག་གུ། ༎ སརྦ་མངྒ་ལྃ།།
ན་མོ་གུ་རུ་ཛྙྰ་ན་དེ་ཝ་ཡེ། ན་མོ་གུ་རུ་ཛྙཱ་ན་དེ་ཝཱ་ཡ ཞེས་སོ།
མཚོ་སྐྱེས་རྒྱལ་བ་པདྨ་ཀ་རས་དགེ་ལེགས་སྩོལ།།
མཚོ་སྐྱེས་རྒྱལ་བ་པདྨ་ཀཱ་རས་དགེ་ལེགས་སྩོལ།།
གངས་ཅན་ལྷ་ལམ་ཡངས་པའི་དཀྱིལ་འཁོར་རུ།།
གངས་ཅན་ལྷ་ལམ་ཡངས་པའི་དཀྱིལ་འཁོར་དུ།།
བཀའ་གཏེར་བདུད་རྩིའི་རླབས་ཕྲེང་མཛེས་པ་རུ།།
བཀའ་གཏེར་བདུད་རྩིའི་རླབས་འཕྲེང་མཛེས་པ་རུ།།
འ་སྔོན་འཇུག་ཡོད་མེད་གཉིས་ཀྱི་ནང་ན་ཡོད་པ་དེ་གཙོ་ཆེར་འཛིན་ནོ།སྐྱབས་རྗེ་འཁྲུལ་བླ་མའི་ ཞེ་པ་འདིའི་དོན་ཅི་ནམ།
རྒྱལ་བ་ཞེ་ཆེན་མཁན་པོ་ཧྰུྃ་ཏྲྰྃ་པས།།ཡི་གེ་མི་གསལ་བ་གསལ་བར་མཛད་དགོས།
ཆོས་རྒྱལ་དམ་པའི་ཕྲིན་ལས་ཀུན་ཁྱབ་ཤོག།ཆོས་རྒྱལ་དམ་པའི་འཕྲིན་ལས་ཀུན་ཁྱབ་ཤོག། འ་སྔོན་འཇུག་ཡོད་པ་དགོས།
རིས་མེད་གསུང་ཆོས་བདུད་རྩིས་སྨིན་གྲོལ་བསྩལ།།རིས་མེད་གསུང་ཆོས་བདུད་རྩིས་སྨིན་གྲོལ་སྩལ།།
སྩོལ་ ་སྩལ་ ་སྩལ་ སྩོལ་ སྔ་འགྱུར་ཡི་གེ་བཀོད་པའི་སྲོ་ལུགས་ལྟར་ཞ་ལུ་ལོ་ཆེན་གྱི་དག་ཡིག་ཟ་མ་ཏོག་ཏུ་བྲིས། བསྩལ་ ཞེས་པ་སེལ་བའི་འདས་ཚིག་ཡིན་པ་བཀའ་འགྱུར་གྱི་དཔེ་ཆ་མང་པོ་ན་མཐོང་། ལི་ཤི་གུར་ཁན་ན་ཡང་དེ་ལྟར་འདུག
ཇི་ལྟར་སྨོན་པར་མཛད་པ་བཞིན་དུ་འགྲུབ་པར་གྱུར་ཅིག
ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཟེར་བ་དང་། འཛམ་གླིང་ཞི་བདེ་དེད་དཔོན་ཞེས་འབོད་པ་དག་ནི། ང་ཚོ་མ་གཏོགས་གཞན་གྱི་སྣང་བར་མི་འགྲོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཕར་ཞོག བོད་ནང་རྒྱལ་བསྟན་ཡོངས་རྫོགས་དོན་གྱི་མངའ་བདག་བྱེད་ཐུབ་མཁན་ཡང་མེད་པར་གྱུར་ཡོད།