ཉག་རོང་པ་མཁྱེན་རབ་བཟང་པོ།
སྐུ་གསུམ་ལྷུན་གྲུབ་ཆོས་རྗེ་བླ་མ་ཡིས། །
ཆེ་བ་ལྔ་ལྡན་མཛད་པ་ཡོངས་བཞེས་ནས། །
ཡང་དར་བསྟན་པའི་མེ་རོ་གཞིར་བཞེངས་ཕྱིར། །
བཀའ་དྲིན་དྲན་བཞིན་སྙིང་ནས་ལན་བརྒྱར་འདུད། །
ཅེས་བསྟོད་ཚིག་པདྨ་དཀར་པོས་མདུན་བསུས་ཏེ་འདིར་ཡང་དར་བསྟན་པའི་ཤིང་རྟ་ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་མཆོག་གི་རྣམ་ཐར་རྒྱ་མཚོ་ལྟ་བུ་རྗེས་སུ་དྲན་པའི་བགྲོ་གླེང་གི་སྐལ་བཟང་མངོན་དུ་གྱུར་དུས། ཐོག་མར་རྣམ་ཐར་རྒྱ་མཚོ་སྤྲོ་གཞི་ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་མཆོག་གི་རང་བཞིན་གང་ཡིན་པ་དེ་ཕྱོགས་ཙམ་ངོ་སྤྲོད་ཞུ་རྒྱུ་ཡིན།
དེ་ཡང་ཨོ་རྒྱན་སངས་རྒྱས་གཉིས་པའི་ཞལ་ནས། ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་། །སྟུག་པོ་བཀོད་དུ་རྡོ་རྗེ་འཆང་ཆེན་པོ། །རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད། །གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ། །ཅེས་དང་། རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་མཐའ་ཡས་ཀྱི་ལུང་བྱང་ལས། གསེར་རྔ་དམ་ལྷ་ཡི་བླ་ལུང་དུ། །དཔལ་ཨོ་རྒྱན་གྱི་སྤྲུལ་བ་འཇིགས་མེད་མཚན། །ཞེས་པའི་ལུང་དོན་གོང་འོག་གིས་ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་མཆོག་ནི། ངེས་དོན་དུ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན་པ་དངོས་སུ་བསྟན་པ་མ་ཟད་ཤུགས་ལ་ཕྱིས་འབྱུང་གདུལ་བྱ་དག་ལ་གང་སྣང་སངས་རྒྱས་ཀྱི་མཛད་པ་ལས་གཞན་དུ་བཟུང་མི་རུང་ཞིང་དེ་ནི་རང་གི་བསོད་ནམས་བསགས་པའི་ཞིང་མཆོག་བླ་ན་མེད་པ་ཞིག་ཏུ་བསྟན་པར་མངོན།
དེ་ཡང་ཐུན་མོང་གདུལ་བྱའི་སྣང་ངོ་རུ་ ༡༩༣༣ དང་། ༢༠༠༢ བར་དུ་བོད་གངས་ཅན་དུ་ཕེབས་པའི་ཆེས་ཆེ་བའི་ཡོན་ཏན་ལྔ་དང་ལྡན་པའི་དམ་པའི་སྐྱེས་བུ་དེ་ལ་ཆོས་རྗེ་ཡིད་བཞིན་ནོར་བུ་ཡི་ངོ་བོ་ཞུ་ན་ཤིན་ཏུ་འཐད་སྙམ།
འོ་ན་ཆེས་ཆེ་བའི་ཡོན་ཏན་ལྔ་པོ་དེ་གང་ཡིན་ཞེ་ན། ༡༽འཁྲུངས་མ་ཐག་ཏུ་ལྷག་པའི་ལྷ་ཡི་བྱིན་རླབས་ཐོབ་པ། ༢༽སྐུ་ཚེ་གང་བོར་སྡོམ་པ་གསུམ་ལ་རྩ་ལྟུང་སྐྱོན་གྱིས་གོས་མ་མྱོང་བ། ༣༽གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་སྐྱེས་སྦྱང་གི་བློ་གྲོས་ཕུན་སུམ་ཚོགས་པ། ༤༽པདྨའི་ཟབ་གཏེར་རྒྱ་མཚོ་ལྟ་བུ་ལ་མངའ་དབང་འབྱོར་བ། ༥༽རྒྱལ་བསྟན་རིན་པོ་ཆེ་ལུས་སྲོག་ལས་གཅེས་པར་བཟུང་བ་རྣམས་སོ། །
དེ་ཡང་རང་བློས་རྟོག་བཟོ་ཙམ་མ་ཡིན་པར་བླ་མའི་ཞལ་གསུངས་དང་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་གཉིས་ཀྱིས་ཆེས་གསལ་བར་གྲུབ་སྟེ། ཆོས་རྗེ་བླ་མའི་ཞལ་ནས། ཁོ་བོ་སྐྱེས་མ་ཐག་པ་ནས། །ལྷག་པའི་ལྷ་ཡི་བྱིན་རླབས་ཐོབ། །ཚེ་གང་སོར་བྱང་སྔགས་གསུམ་ལ། །རྩ་ལྟུང་སྐྱོན་གྱིས་གོས་མ་མྱོང་། །མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལ། །སྐྱེས་སྦྱོང་བློ་གྲོས་ཕུན་སུམ་ཚོགས། །རྒྱལ་དབང་པདྨ་ཀ་ར་ཡི། །ཟབ་གཏེར་རྒྱ་མཚོའི་ཕ་ཕོག་རྙེད། །ཁྱད་པར་སྙིགས་མ་ལྔ་བདོ་སྐབས། །བསྟན་འགྲོའི་དོན་ཆེན་སྒྲུབ་པ་ལ། །ཉམ་ང་ཆེ་ཐང་ཅི་བྱུང་ཡང་། །ལུས་སྲོག་གཅེས་འཛིན་བྱེད་མ་མྱོང་། །ཞེས་གསུངས་པའི་ལུང་གི་བསྟན་དོན་ཡིན་པ་དང་། ལུང་དོན་དེ་དག་གི་རྒྱབ་རྟེན་ལ་རིགས་པ་ཧ་ཅང་སྟོབས་ལྡན་རེ་རེ་ནས་ཡོད་པའང་མངོན་ཏེ། དེ་ཡང་དང་པོ་ནི། འཁྲུངས་མ་ཐག་ཞལ་ནས་རིགས་སྔགས་ཀྱི་རྒྱལ་པོ་ཨ་ར་པ་ཙ་ལན་གྲངས་བདུན་བརྒྱད་ཅིག་གསུངས་པ་དེས་ཆོས་རྗེ་བླ་མ་ནི་ངེས་དོན་དུ་འཇམ་དབྱངས་དངོས་ཡིན་པ་དང་དྲངས་དོན་དུ་འཇམ་དབྱངས་ཀྱི་བྱིན་རླབས་ཐོབ་པ་ཞིག་ཡིན་པ་རང་རེ་གདུལ་བྱ་རྣམས་ལ་བརྡ་སྤྲོད་པར་མངོན། དཔེར་ན། བདག་ཅག་གི་སྟོན་པ་སྐུ་འཁྲུངས་མ་ཐག་ཏུ་འཛམ་བུ་གླིང་པ་རྣམས་ལ་ང་ནི་འཇིག་རྟེན་འདི་ན་མཆོག་ཡིན་གསུངས་པ་དང་མཚུངས།
གཉིས་པ། བོད་དུ་དུས་འགྱུར་གྱིས་བསྟན་པ་ཆེས་རྙོག་མ་ཅན་དུ་གྱུར་ཡོད་དུས་རྒྱལ་གསུང་དཔང་པོར་བཞག་ནས་བླ་རུང་ཆོས་སྡེ་ཆེན་མོ་གཙོ་བོར་གྱུར་པའི་མདོ་སྟོད་སྨད་ཀྱི་དགོན་སྡེ་མང་པོ་ཞིག་ཏུ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་དག་ཐེར་མཛད་པ་དང་། དེ་ཡི་ཤུགས་ཀྱིས་དགོན་སྡེ་ཆེས་མང་པོ་ཞིག་གི་བསྟན་པ་རྣམ་དག་ཏུ་གྱུར་པ་འདི་ཡིས། ཆོས་རྗེ་ཡིད་བཞིན་ནོར་བུ་ནི། ཚེ་གང་རྩ་ལྟུང་སྐྱོན་གྱིས་མ་གོས་པ་མ་ཟད་ཡང་དར་བསྟན་པའི་སྡོམ་བརྩོན་གྱི་རྒྱལ་པོ་དང་ཐོག་མཐའ་བར་གསུམ་དུ་འཆལ་ཁྲིམས་ཀྱི་རྙོག་མ་སེལ་བའི་ནོར་བུ་ཀེ་ཏ་ཀ་དང་མཚུངས་པ་ཞིག་ཏུ་གྱུར།
གསུམ་པ་ནི། དུས་དབང་གིས་བཤད་སྒྲུབ་ཅེས་པ་ནི་ཉིན་མོའི་སྐར་མ་ལྟར་གྱུར་ཡོད་དུས་རྒྱལ་སྲས་འཇམ་དཔལ་དཔའ་བོའི་ཐུགས་བསྐྱེད་ཁུར་དུ་བཞེས་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ། འཆད་རྩོད་རྩོམ་པའི་བྱ་བ་བརྒྱ་ཕྲག་དག་གིས་ཤེས་རབ་གསུམ་གྱི་སྣང་བ་རྒྱ་ཆེར་འདྲེན་པའི་ངེས་དོན་གྱི་ཤིང་རྟ་ཉིད་དུ་གྱུར།
བཞི་པ་ནི། ངེས་པའི་ཆོས་ལ་གདེངས་ཐོབ་ན། །སེམས་ནས་ཆོས་གཏེར་འབུམ་ཕྲག་བརྡོལ། །ཞེས་གསུངས་པ་ལྟར་ཉེ་རྒྱུད་གཏེར་མ་དང་། ཟབ་མོ་དག་སྣང་གི་ཆོས་སྐོར་དག་རྩོལ་མེད་དུ་ཐུགས་ལས་བརྡོལ་བའི་ཚུལ་ནི། དཔེར་ན། འཇམ་དཔལ་ཞི་སྒྲུབ་ཀྱི་དབང་ཆོག་གི་མཇུག་བྱང་དུ། དེ་བཞིན་གཤེགས་པའི་གསལ་བར་ལུང་བསྟན་པའི་སྲེད་མེད་བུའི་ཕུག་པར་ངག་དབང་བློ་གྲོས་མཚུངས་བ་མེད་པའི་རིག་ཀློང་ནས་བརྡོལ་བར་བྱའོ། །ཞེས་དང་། དག་སྣང་ཆོས་སྐོར་ལས་དཔེར་ན། དགྲ་ལྷ་འབོད་པའི་གད་རྒྱངས་ཀྱི་མཇུག་རྩོམ་དུ། རབ་བྱུང་བཅུ་བདུན་པའི་ས་སྤྲུལ་ཏེ་ཧོར་ཟླ་ ༡༡ པའི་ཚེས་ ༡༡ ཀྱི་སྔ་དྲོ་དག་པའི་སྣང་བ་ལ་འདི་འདྲ་ཞིག་ཤར་ཚེ། ཁ་ནས་གང་བྱུང་བཅོས་བསྒྱུར་མེད་པར་སྨྲས་པ་བཞིན། ཞེས་གསུངས་པ་ལྟ་བུ་འདི་དག་གིས། ཆོས་རྗེ་ཡིད་བཞིན་ནོར་བུ་ནི། ཟབ་གཏེར་རྒྱ་མཚོ་ལྟ་བུ་ལ་མངའ་དབང་འབྱོར་བ་མ་ཟད་རིགས་དང་དཀྱིལ་འཁོར་སྤྲོ་གཞི་ཡིན་པའང་བདེ་བླག་ཏུ་གྲུབ།
ལྔ་པ་ནི། བོད་སྲིད་པ་ཆགས་ནས་འོང་མ་མོང་བའི་མང་ཚོགས་བཅོས་བསྒྱུར་ཆེན་མོའི་སྐབས་ལ་མ་ཎི་ཨ་ཡིག་གཅིག་བཏོན་ནའང་བཙོན་ལ་ལོ་མང་པོ་འགྲོ་དགོས་པའི་དུས་སུ་ཆོས་འཆད་ཉན་བྱེད་མཁན་ཞིག་ཡོད་ན་ལུས་སྲོག་ལ་ཉེན་ཁ་ཡོད་པ་སྨོས་མི་དགོས་རུང་། ཡིད་རྟོན་རུང་བའི་སློབ་མ་དག་ལ་ཆོས་ཁྲིད་རྒྱུན་མར་གསུངས་པ་འདི་ཡིས། ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་གིས་རང་གི་ལུས་སྲོག་ལས་རྒྱལ་བསྟན་གཅེས་པར་བཟུངས་པའི་འབྲས་རྟགས་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད།
དེ་བཞིན་རྒྱལ་བསྟན་དག་ཐེར་དང་། དོལ་རྒྱལ་བསྒྲལ་ལས་ཀྱི་སྐབས་སུ་ནག་པོ་རྩ་ལག་དང་བཅས་པའི་ཀླག་བཙལ་ཚེ་ཆད་ཐང་དང་སྐུ་སྲོག་ལ་ཉེན་ཀ་ཅི་བྱུང་རུང་། རྒྱལ་བསྟན་སྤྱི་ལ་གནོད་པའི་ནང་གི་འཆལ་ཁྲིམས་དང་། ཕྱི་ཡི་དམ་སྲི་སྡེ་རིགས་དང་བཅས་པ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཨེ་ཀློང་དུ་བསྡུས་པའི་མཐུ་ལས། ཡང་དར་གྱི་བསྟན་པ་རིན་པོ་ཆེ་འདི་སྒོ་ཀུན་ནས་གསེར་སྦྱོང་བཙོ་མ་ལྟ་བུར་གྱུར་པ་མ་ཟད་བླ་རུང་ཆོས་སྒར་གཙོ་བོར་གྱུར་པའི་བོད་བརྒྱུད་ནང་བསྟན་གྱི་འཕྲིན་ལས་མཁའ་དང་མཉམ་པར་གྱུར། དེས་ན་འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་ཨ་མིང་བདག་ཉིད་ཅན། །སྟོན་པའི་བསྟན་པ་གཅེས་འཛིན་བྱེད། །ཅེས་རྒྱལ་བའི་ལུང་གིས་བསྔགས་པ་ཡང་དོན་ལྡན་དུ་གྱུར། འདི་ཡིས་གོང་གི་ངོ་བོ་ཡི་ཟུར་དམ་པའི་སྐྱེས་བུ་ཞེས་པའི་དོན་ཡང་གྲུབ་པ་ཡིན་ནོ། །
དམིགས་བསལ་དཔལ་ལྡན་ས་སྐྱ་དང་འབྲེལ་བའི་སྐོར་མདོ་ཙམ་ཞིག་གླེང་ན། ཐོག་མར་ས་སྐྱ་པ་དང་འབྲེལ་ཚུལ་ནི། དཔའ་བོ་ཆོས་དབྱིངས་རྡོ་རྗེའི་གཏེར་ལུང་ལས། དཔལ་ལྡན་ས་སྐྱ་པའི་བསྟན་པ་ལ་འཇམ་མགོན་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན། ཞེས་དང་། སྐྱེ་ཕྲེང་གསོལ་འདེབས་ལས། ས་སྐྱ་གོང་དུ་ཀུན་དགའ་རྒྱལ་མཚན་དཔལ། །ཞེས་པའི་རྡོ་རྗེའི་ལུང་ཚིག་དེ་གཉིས་ཀྱིས་ངེས་དོན་དུ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་འཇམ་མགོན་བླ་མ་ས་སྐྱ་པཎ་ཆེན་གྱི་རྣམ་རོལ་ཡིན་པར་དངོས་སུ་བསྟན་པ་མ་ཟད་ཆོས་རྗེ་བླ་མ་རྣམ་གཉིས་ཀྱི་འཁོར་ལོ་གསུམ་གྱི་སྣང་བ་མཐའ་དག་ཀྱང་མཉམ་པ་ཉིད་དུ་ལུང་དེ་ཉིད་ཀྱིས་གྲུབ་པར་མངོན།
བར་དུ་འབྲེལ་ཚུལ་ནི། རྫ་སྟོད་ལྕང་མ་རི་ཁྲོད་དུ་བཞུགས་དུས་ཚད་མ་རིགས་གཏེར་གྱི་རྟོག་གེའི་གསང་ཚིག་ཕྲ་མོ་འགའ་ཞིག་མཁྱེན་དཀའ་བ་བྱུང་ཚེ། བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་བཏབ་པའི་མཐུ་ལས་མནལ་ལམ་དུ་འཇམ་མགོན་བླ་མའི་སྐུ་ཡེ་ཤེས་སྒྱུ་མས་རྗེས་སུ་བཟུང་ནས། འཇམ་དཔལ་མཚན་བརྗོད་ཀྱི་ལུང་ཕོག་ཅིང་བྱིན་རླབས་མཛད་པའི་དབང་གིས་མདོ་སྔགས་གང་ལ་ཡང་མི་ཤེས་པ་གཅིག་ཀྱང་མི་འདུག་སྙམ་པ་ཞིག་ཏུ་གྱུར། དེ་ཡི་མཐུ་ལས་རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་ས་སྐྱ་པའི་བསྟན་པའི་མིག་དང་འདྲ་བའི་ཆོས་སྡོམ་རིགས་གཉིས་དང་ལྷག་པར་རིགས་གཏེར་གྱི་བཤད་ཁྲིད་རྒྱུན་ཆགས་སུ་བཙུགས་ནས་འཇམ་མགོན་བླ་མའི་འཕྲིན་ལས་ཀྱི་རྒྱུན་སྲིད་མཐའ་བར་དུ་གནས་བར་མཛད།
ཐ་མ་འབྲེལ་ཚུལ་ནི། རྫ་སྟོད་ལྕང་མ་རི་ཁྲོད་དུ་བཞུགས་དུས་བདག་ཆེན་ཀུན་དགའ་བསོད་ནམས་མགོན་གྱིས་མགོན་པོ་གུར་གྱི་སྲོག་གཏད་སོགས་གནང་ནས། ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་ལ་དཔལ་ས་སྐྱ་པའི་བསྟན་པ་ཡོངས་རྫོགས་གཏད་ནས་དོན་གྱི་བསྟན་པ་རྒྱ་མཚོའི་བདག་པོར་མངའ་གསོལ་བར་མཛད། དེར་བརྟེན་དེ་རིང་གི་རྗེས་དྲན་བགྲོ་གླེང་འདི་ནི་དཔལ་ས་སྐྱ་པ་དང་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་ཡོད་སྙམ།
བར་དུ་གདམས་པ་རྒྱ་མཚོའི་སྙིང་པོ་དྲན་པ་ནི། དགུང་ལོ་བཅུ་བཞི་ནས་དོན་གཉིས་བར་དུ་ཆོས་ཁྲིད་རྒྱུན་ཆགས་སུ་གསུངས་པའི་གདམས་པ་རྒྱ་མཚོའི་སྙིང་པོ་མཐའ་དག་སྡུད་ན། བླ་མའི་ཞལ་གསུང་ཐུགས་མཐུན་པ། ཁྲིམས་གཙང་བ། སྤོང་ཀློག་གི་ལས་ལ་བརྩོན་པ་ཞེས་པའི་ནང་དུ་འདུས། དེ་ཡང་འདའ་ཁའི་ཞལ་ཆེམས། གཞན་སེམས་མ་དཀྲུགས། རང་ཚུགས་མ་ཤོར། ཞེས་པའི་ནང་དུ་བསྡུས་ནས་གདམས་ཕྱིར་འདི་ནི་གདམས་པ་རྒྱ་མཚོའི་སྙིང་པོ་སངས་རྒྱས་སྟོང་གི་འདས་རྗེས་ཕ་གཅིག་བླ་མའི་ཞལ་ཆེམས་ཡིན་པས། རང་གཞན་ཀུན་གྱི་ཐུགས་དམ་གྱི་མཐིལ་མཛད་ན་སྲིད་ཞིའི་ལེགས་ཚོགས་མ་ལུས་པ་དབྱར་གྱི་སྤྲིན་བཞིན་དུ་འདུ་བར་སྨོས་ག་ལ་དགོས་སྙམ།
མཐར་རྣམ་ཐར་དང་འབྲེལ་བའི་ཕན་ཡོན་དྲན་པ། ཡང་དར་བསྟན་པའི་ཤིང་རྟ་ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་མཆོག་གི་རྣམ་ཐར་ཆ་ཤས་རེ་རེ་དང་འབྲེལ་ནའང་ཚེ་འདིར་ལེགས་ཚོགས་མཐའ་དག་ངང་གིས་རྒྱས་པ་དང་ཕྱི་མར་ནུབ་ཕྱོགས་བདེ་ཆེན་ཞིང་དུ་སྐྱེ་བ་རྡོ་རྗེའི་ལུང་གིས་གྲུབ་པ་ཡིན་ཏེ། རྡོ་གྲུབ་ཆེན་གྱི་ལུང་བྱང་ལས། བཟང་ངན་ལས་ཀྱིས་འབྲེལ་བའི་སེམས་ཅན་རྣམས། །ཚེ་འདི་འཕོས་ཚད་བདེ་ཆེན་ཞིང་དུ་སྐྱེ། །འོད་མཚན་སྟོང་འབར་གསུང་གི་ལུང་བསྟན་ཐོབ། །མཁྱེན་བརྩེ་ནུས་པའི་རྩལ་ཆེན་རྫོགས་པར་ཤོག །ཅེས་པ་ལ་སོགས་པའི་རྡོ་རྗེའི་ལུང་གིས་ཟིན་པའི་དེ་རིང་གི་བགྲོ་གླེང་ཞུགས་པ་དག་ཀྱང་སྙིང་ནས་དགའ་བའི་ཡི་རངས་སྐྱེ་འོས་པ་ཞིག་དང་། ལྷག་པར་རྣམ་ཐར་འདི་དང་འབྲེལ་ན་ཤིན་ཏུ་དོན་ཆེ་བ་ཡིན་ཕྱིར་དུད་འགྲོའི་རྣ་ལམ་དུ་ཡང་སྙིང་རྗེའི་སེམས་ཀྱིས་སྤེལ་རོགས་གནོངས་ཞེས་གསོལ་བ་འདེབས་པ་ལགས་སོ། །
སྐྱེ་བ་ཀུན་ཏུ་ཡབ་གཅིག་མཁྱེན་པའི་གཏེར། །
འཇམ་དཔལ་དཔའ་བོས་དགྱེས་བཞིན་རྗེས་སུ་བཟུང་། །
ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བསྟན་པའི། །
བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག །
ཅེས་པ་འདི་ནི་ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་ཞིང་འདི་ཡི་ཐུན་མོང་སྣང་ངོར་དགོངས་པ་གཞི་དབྱིངས་སུ་བསྡུས་ནས་བགྲང་བྱ་བཅུ་འཁོར་བའི་སྐབས་སུ་གནས་མཆོག་རྡོ་རྗེ་གདན་དུ་འདས་མཆོག་གོ་སྒྲིག་ཚོགས་ཆུང་གིས་རྣམ་ཐར་དང་རྗེས་དྲན་རིས་མེད་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་མཛད་པ་འདུག་པས། དེ་ཡི་ཆེད་རྩོམ་དུ་ཉག་རོང་པ་མཁྱེན་རབ་བཟང་པོ་ནས་སྤེལ་བ་འདི་ཡིས་འཇམ་དབྱངས་བླ་མ་ཀུན་ཏུ་བཟང་པོའི་འཕྲིན་ལས་མཁའ་དང་མཉམ་པ་སྤེལ་ནུས་པའི་རྒྱུར་གྱུར་ཅིག །
ཕྱི་ལོ་ ༢༠༡༤། ༡། ༢༨། ལའོ། །
དྲི་བ་གཅིག་ཡོད། དེ་ཡང་ཐུན་མོང་གདུལ་བྱའི་སྣང་ངོ་རུ་ ༡༩༣༣ དང་། ༢༠༠༢ བར་དུ་བོད་གངས་ཅན་དུ་ཕེབས་པའི་ཆེས་ཆེ་བའི་ཡོན་ཏན་ལྔ་དང་ལྡན་པའི་དམ་པའི་སྐྱེས་བུ་དེ་ལ་ཆོས་རྗེ་ཡིད་བཞིན་ནོར་བུ་ཡི་ངོ་བོ་ཞུ་ན་ཤིན་ཏུ་འཐད་སྙམ། ཡིག་ནོར་ཡིན་ནམ༡༩༣༢ནས་༢༠༠༤ རྣམ་ཐར་ལས་བཤད་འདུག འདིར་འཁྲུངས་འདས་དུས་ཚོད་བརྗེ་དགོས་པ་གང་ཡིན་ནམ