སྐྱིད་བྱམས་བསྟན་འཛིན་དགའ་བ།
ལ་དྭགས་ནི་སྟོད་མངའ་རིས་ཕྱོགས་ནས་བཞུར་འོང་བའི་སེངྒེ་ཁ་བབས་ཀྱི་གཙང་པོའི་གཡས་གཡོན་དུ་ཆགས་པའི་ཡུལ་གྲུ་ཞིག་རེད་ལ། མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་དང་ཡུལ་སྲོལ་གོམས་གཤིས་སོགས་ནི་བོད་པ་དང་གཅིག་མཚུངས་རེད། ཡུལ་གྲུ་འདི་དག་གི་མཐའ་སྐོར་དུ་རི་བོ་སྐམ་པོ་གནམ་ལ་ཟུག་པ་ལྟ་བུ་ཤ་སྟག་གིས་བསྐོར་ཡོད་སྟབས་མཐོང་སྣང་དུ་ས་ཆ་འདི་དག་དེ་ཙམ་གྱི་ཡིད་དུ་འོང་བ་ཞིག་མ་ཡིན་རུང་། ཡུལ་འདིའི་མཛེས་སྡུག་ངོ་མ་ནི་ཕྱི་རོལ་ན་མེད་པར་ཡུལ་འདིའི་མི་རྣམས་ཀྱི་སེམས་ཁམས་ན་མཆིས་པའི་མཛེས་སྡུག་དག་ཡུལ་འདིའི་མཛེས་སྡུག་ངོ་མ་དེ་ཡིན།
དེ་ལྟར་ཡུལ་འདིའི་མི་རྣམས་ཀྱི་སེམས་ཁམས་ན་མཆིས་པའི་མཛེས་སྡུག་དེས་ལོ་ལྟར་རེ་བཞིན་ཡུལ་འདིར་ཡུལ་བསྐོར་སྤྲོ་འཆམ་པ་ཡོང་མཁན་གྱི་ངང་ཚུལ་ནི་ངང་པ་མཚོ་ལ་འཁོར་བ་བཞིན་རྒྱུན་ཆད་དང་བྲལ་བ་ཞིག་རེད། དེ་བས་ན་གནད་དོན་འདིར་རྒྱུས་མངའ་དེ་ཙམ་མི་ལྡན་པའི་མི་རྣམས་ལ་མཚོན་ན་བློ་ངོར་འདི་སྙམ་དུ་བསམ་སྲིད་དེ། ཨ་ཡ་མཚན་ས་ཆ་སྐམ་པོ་འདིར་འདི་ལྟ་བུའི་ཕྱི་རྒྱལ་ཡུལ་བསྐོར་པ་མང་པོ་ཡོང་དོན་ཅི་ཡིན་ནམ་སྙམ་དུ་དྲི་བ་འདི་ངང་གིས་འཁོར་སྲིད་པ་ཞིག་རེད།
འོན་ཀྱང་ཉིན་ཤས་རིང་ཡུལ་འདིའི་མི་རྣམས་ལ་རྒྱུས་ལོན་བྱས་ཚེ་ད་གཟོད་ཕྱི་བཤུན་ཁོ་ནའི་འཁྲུལ་སྣང་ལ་ཡིད་ཐང་ཆད་དྲགས་པའི་མགོ་སེར་ཚོས་ནང་སེམས་ཀྱི་མཛེས་སྡུག་དག་དོན་ངོ་མའི་མཛེས་སྡུག་དེ་ཡིན་པར་ཤེས་ཏེ་ཡུལ་གྲུ་འདི་ལྟ་བུ་དག་ཏུ་སྤྲོ་འཆམ་ལ་ཡོང་རྒྱུར་དགའ་མོས་བྱེད་ཀྱི་ཡོད་པ་གཞི་ནས་ཁྱེད་རང་གིས་ཤེས་ཚོར་ཐུབ་ཀྱི་རེད།
ཡུལ་འདིའི་མི་རྣམས་ཀྱི་ཀུན་སྤྱོད་ཇི་ཡིན་ཐད་ངའི་མྱོང་བ་དང་འབྲེལ་ནས་དཔེ་མཚོན་འགའ་ཞིག་ཞུས་ན། ཉིན་ཞིག་གི་ཕྱི་དྲོ་ང་དང་ངའི་རོགས་པས་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་བསྐྱོད་ཅིང་ཕྱིར་ཞི་བའི་ཚལ་དུ་ལོག་འོང་དུས་ལམ་བར་དུ་ས་རུབ་ཅིང་མཚན་གྱི་ཆུ་ཚོད་དགུ་པ་ཙམ་ལ་སླེབས། ང་དང་ངའི་རོགས་པས་འགྲུལ་བསྐྱེལ་རླངས་འཁོར་འབབ་ཚུགས་བར་གོམ་པ་བརྒྱབ་ནས་ཡོང་ཞིང་ལམ་བར་དུ་བལ་པོའི་བུད་མེད་གཅིག་དང་འཕྲད་དེ་ཁོ་མོ་དང་ཁ་བརྡ་བྱས་ནས་ཡོང།
ཁོ་མོས་བཤད་རྒྱུར་ཁོ་མོའི་ཁྱིམ་འགྲུལ་བསྐྱེལ་རླངས་འཁོར་འབབ་ཚུགས་ཀྱི་ཉེ་འགྲམ་ན་ཡོད་པ་དང་། ཁོ་མོའི་ཚོང་ཁང་རྒྱལ་ས་གླེ་ན་ཡོད་ཚུལ་བརྗོད་བྱུང་། རྒྱལ་ས་གླེ་དང་ཁོ་མོའི་ཁྱིམ་གྱི་བར་རྒྱང་ཐག་ལེ་དབར་ཁ་ཤས་ཀྱིས་བར་དུ་ཆོད་ཡོད་ཅིང་ལམ་བར་དུ་མཚམས་རེ་གློད་འོད་ཆེམ་ཆེམ་དུ་འོད་འཕྲོ་ཞིང་། མཚམས་རེ་ཟླ་འོད་བྲལ་བའི་མཚན་དུས་བཞིན་རང་གི་རྐང་ལག་ཀྱང་མི་མཐོང་བའི་ཚོད་དུ་སྣང་།
ཁོ་མོས་མུ་མཐུད་ནས་བརྗོད་རྒྱུར་ཡུལ་འདིར་ཁེར་རྐྱང་དུ་ཕྱིན་རུང་ཉེན་ཁ་གང་ཡང་མེད་པ་མ་ཟད་ཁོ་མོ་འདིར་སླེབས་ནས་ལོ་ངོ་དྲུག་ཙམ་སོང་ཞིང་དུས་ཡུན་དེའི་རིང་སྔ་དགོང་ཚོང་ཁང་དང་ཁྱིམ་བར་ཁེར་རྐྱང་དུ་ཕྱིན་ཚུལ་བརྗོད་བྱུང་།
སྐབས་དེར་ངའི་སེམས་ལ་ཡུལ་འདིར་ས་རུབ་མཚམས་སུ་ཡང་བུད་མེད་གཅིག་ཁེར་རྐྱང་དུ་ལེ་དབར་གཅིག་ཙམ་གྱི་བར་དུ་རྒྱང་བསྐྱོད་བྱས་རུང་། བཙན་གཡེམ་དང་འཕྲོག་བཅོམ་སོགས་ཀྱི་ཉེན་ཁ་ཙམ་ཡང་མེད་པ་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་ལྟར་སྐར་མ་ཉི་ཤུ་རེའི་ནང་དུ་ཡང་བཙན་གཡེམ་གྱི་གནད་དོན་རེ་ལྷག་ཚུལ་ལ་བསམས་ཚེ། ཡུལ་འདིའི་མི་རྣམས་ལ་དཀོན་མཆོག་ཅེས་བོས་ཀྱང་གཅམ་བུའི་ཚིག་ཏུ་སོང་མེད་སྙམ་པ་ཞིག་བྱུང་།
འོན་ཀྱང་ཁོ་མོར་དེའི་སྐོར་གང་ཡང་མ་བརྗོད་པར་ཁོ་མོའི་ཁྱིམ་གྱི་ཉེ་འགྲམ་ནས་ང་དང་ངའི་རོགས་པས་ཁོ་མོའི་ལམ་སྟོན་བཞིན་རླངས་འཁོར་འབབ་ཚུགས་ཕྱོགས་སུ་ཡོང་བ་ཡིན། དེ་ནི་ཡུལ་འདིའི་བུད་མེད་ཀྱི་བདེ་འཇགས་སྐོར་མཚོན་པའི་དཔེ་མཚོན་ཆུང་ངུ་ཞིག་རེད།
དེ་དང་འདྲ་བའི་དཔེ་མཚོན་གཞན་ཞིག་ནི་ཡང་ཉིན་ཞིག་ང་དང་ངའི་ངོ་ཤེས་ཕྱི་རྒྱལ་པ་ཞིག་ཞི་བའི་ཚལ་ཞེས་པའི་༸གོང་ས་མཆོག་གི་གཟིམ་ཆུང་ཡོད་ས་ནས་རྒྱང་ཐག་ལེ་དབར་གཅིག་ཙམ་གྱི་ས་ན་ཆགས་པའི་ཤེལ་དགོན་པར་བསྐྱོད་ཅིང་། ཕྱིར་ལོག་ཡོང་དུས་ལམ་བར་ནས་རླངས་འཁོར་ཞིག་བཀག་ཏེ་ཡོང་ཞིང་ཞི་བའི་ཚལ་དང་ཉེ་ས་ནས་ང་གཉིས་རླངས་འཁོར་ལས་བབས་ཏེ་ཁ་ལོ་པར་གླ་ཆ་ག་ཚོད་ཡིན་མིན་འདྲི་དུས་ཁོ་པས་གླ་ཆ་མི་དགོས་ཞེས་གླ་ཆ་བླངས་མ་སོང་། གལ་ཏེ་ཁ་ལོ་པས་ང་གཉིས་ལ་གླ་ཆ་བླངས་ཚེ་ཉུང་མཐར་ཡང་ཧིན་སྒོར་ལྔ་བཅུ་ཙམ་གནས་པ་ཡོད། ཧིན་སྒོར་ལྔ་བཅུ་ནི་ཡོང་འབབ་ཆེ་བའི་མི་སྣ་ཞིག་ལ་མཚོན་ན་དེ་ཙམ་ཆེན་པོ་མིན་རུང་ཧིན་སྒོར་བཅུ་ཙམ་རག་པ་ལའང་ལུས་ཀྱི་རྔུལ་ཆུ་འདོན་དགོས་པའི་ལས་མི་ཞིག་ལ་མཚོན་ན་དེ་ནི་ཧ་ཅང་གི་རིན་ཐང་ཆེན་པོ་ཞིག་རེད།
ཡང་དེ་དང་མཚུངས་པར་ཉིན་ཞིག་གི་ཕྱི་དྲོ་ངས་ཁེར་རྐྱང་དུ་རྒྱལ་ས་གླེ་ནས་ཞི་བའི་ཚལ་བར་འགྲུལ་བསྐྱེལ་རླངས་འཁོར་ཞིག་གི་ནང་ཡོང་ཞིང་སྐབས་དེར་ང་ལ་དངུལ་སིལ་མ་མེད་པ་དང་སྟབས་འཁེལ་ཏེ་ཁ་ལོ་པས་དངུལ་བླངས་མ་སོང་། འདི་ལྟ་བུའི་ཡ་རབས་ནི་མི་རྣམས་དཔལ་འབྱོར་གྱི་བྲན་གཡོག་ཏུ་ཚུད་པའི་དུས་འདིར་ཧ་ཅང་མཐོང་དཀོན་པའི་བྱུང་བ་ཞིག་རེད། དེ་ལྟར་བཟང་སྤྱོད་ཀྱི་རྟགས་མཚན་མང་པོ་ཞིག་ངས་དངོས་སུ་མིག་མཐོང་ལག་ཟིན་བྱུང་བར་ང་རང་ཡ་མཚན་ཞིང་ཡུལ་འདིའི་མི་རྣམས་ལ་སེམས་གཏིང་ནས་དགའ་ཞེན་སྐྱེས།
དེ་ལྟར་གོང་ཞུས་དཔེ་མཚོན་དེ་དག་གིས་ཡུལ་འདིའི་སྐྱེ་བོ་ཐམས་ཅད་ཀྱི་ཀུན་སྤྱོད་དེ་ལྟར་ཡིན་པར་མཚོན་མི་ཐུབ་རུང་། གནའ་བོའི་བོད་ཀྱི་གཏམ་དཔེར་ཟུར་བལྟས་ལེབ་མཐོང་ཞེས་བཤད་སྲོལ་ཡོད་པ་ལྟར་ཡུལ་འདིའི་མི་བརྒྱ་ཆ་བདུན་ཅུ་ལྷག་ཙམ་གྱི་ཀུན་སྤྱོད་ཡག་པོ་ཡོད་པ་གསལ་བཤད་བྱེད་ཐུབ།
མཚམས་འདི་ནས་ཁྱེད་ཀྱིས་ཡུལ་གྲུ་འདིའི་མི་རྣམས་ལ་དེ་ལྟ་བུའི་ཡ་རབས་བཟང་སྤྱོད་དང་ལྡན་པའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་ཇི་ཡིན་ལ་བསམ་བློ་ཞིག་ཐོངས་དང་། ངས་ཚོད་དཔག་བྱས་པ་ནོར་མེད་ན་ཁྱེད་ཀྱིས་ཀྱང་དེའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་དེ་ལོ་ངོ་སྟོང་ཕྲག་བརྒལ་བའི་ཡར་སྔོན་ནས་ནང་བསྟན་ཆོས་ལུགས་ཀྱིས་བཞག་པའི་བག་ཆགས་ལས་བྱུང་བ་ཞིག་ཏུ་འདོད་པར་ཡིད་ཆེས་ཡོད།
དེ་བས་ན་ད་ལྟའི་བཟང་སྤྱོད་འདི་ལོ་ངོ་སྟོང་ཕྲག་གོང་ནས་དར་བའི་ནང་བསྟན་ཆོས་ལུགས་ཀྱིས་བཞག་པའི་བག་ཆགས་ལས་བྱུང་བར་འདོད་ན། འབྱུང་འགྱུར་གྱི་ཡུལ་འདིའི་མི་རབས་གསར་པ་ཚོ་ཡང་འདི་ལྟ་བུའི་བཟང་སྤྱོད་དང་ལྡན་པ་ཞིག་ཡོང་བའི་ཡིད་ཆེས་ཡོད་དམ། དྲི་བ་འདི་གལ་གནད་ཆེན་པོ་ཆགས་ཡོད། གལ་ཏེ་དྲི་བ་འདིར་ལན་འདེབས་བྱེད་དགོས་ན་བོད་ཀྱི་གཏམ་དཔེར་ཡོད་པ་བཞིན། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། །ཕྱི་མ་གང་འགྲོ་ད་ལྟའི་སེམས་ལ་ལྟོས། །ཞེས་པ་ལྟར་ད་ལྟའི་མི་རབས་ཚོའི་གནས་སྟངས་ལ་གཞིགས་ནས་ལན་འདེབས་དགོས་པ་ཞིག་ཆགས་ཡོད།
དེ་བས་ན་ད་ལྟའི་མི་རབས་ཚོའི་ནང་བསྟན་ཆོས་ལུགས་ཀྱི་ཤེས་ཚད་དང་དེ་ལས་བྱུང་བའི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཇི་ཡིན་ནི་མ་འོངས་པའི་མི་རབས་ཚོའི་གནས་སྟངས་ཇི་འགྱུར་གྱི་རྐྱེན་རྩ་ཆགས་ཡོད། དེ་བས་ན་ཁྱེད་ཀྱིས་ལོ་ངོ་སྟོང་ཕྲག་གི་རིང་བོད་ཡིག་བཀོལ་སྤྱོད་བྱེད་མྱོང་སའི་ཡུལ་འདིའི་ད་ལྟའི་བོད་ཡིག་གི་གནས་སྟངས་ལ་ལྟོས་དང་དེས་ཁྱེད་ལ་འབྱུང་འགྱུར་གྱི་ཡུལ་འདིའི་ནང་ཆོས་དང་དེ་དང་འབྲེལ་བའི་རིག་གཞུང་མང་པོ་ཞིག་ལ་ཆག་སྒོ་ཇི་བྱུང་གི་སྔོན་དཔག་བྱེད་ཐུབ།
བོད་ཡིག་བཀོལ་སྤྱོད་ཀྱི་ཕྱི་ཚུལ་གྱི་རྣམ་པ་འདིས་ཁྱེད་རང་ལོ་ངོ་ལྔ་བཅུ་ལྷག་གི་རིང་བོད་པ་གནས་སྡོད་བྱས་དང་བྱེད་བཞིན་པའི་དྷ་རམ་ས་ལར་སླེབས་པ་དང་འདིར་སླེབས་པ་གཉིས་ལས་གང་ཞིག་གིས་སྔོན་ལ་ཁྱེད་རང་བོད་པ་གནས་སྡོད་བྱེད་སའི་ཡུལ་ཞིག་ཏུ་སླེབས་པའི་ཚོར་སྣང་སྟེར་ཐུབ་བམ་ཞེ་ན། ཡུལ་འདིས་སྔོན་ལ་ཁྱེད་རང་བོད་པ་གནས་སྡོད་བྱེད་སའི་ཡུལ་ཞིག་ཏུ་སླེབས་པའི་ཚོར་སྣར་སྟེར་ཐུབ་པ་དེ་ལོངས་པས་བལྟས་ཀྱང་ཁམས་གསུམ་ཞེས་པའི་དཔེ་ལྟར་རེད། དེའི་རྒྱུ་མཚན་དེ་ཁྲོོམ་རྭའི་སྒོ་བྱང་ཁག་གི་སྟེང་བོད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་ཚད་དེ་ཡུལ་འདི་གཉིས་དབར་གནམ་སའི་ཧེ་བག་ཤོར་ཡོད་པས་རེད།
འོན་ཀྱང་ཁྱེད་ཀྱིས་ཡུལ་འདིའི་ཁྲོམ་རྭར་བཀོལ་སྤྱོད་བྱས་པའི་བོད་ཡིག་དག་ལ་ཞིབ་ཏུ་བརྟགས་ན་དེ་དག་ནི་དབྱིན་ཇིས་རྒྱ་གར་ལ་མངའ་དབང་སྒྱུར་དུས་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱེད་མཁན་དབྱིན་ཇི་པ་མེ་ཁོ་ལིས་ཞེས་པས་གལ་ཏེ་ཤེས་ཡོན་སྲིད་བྱུས་འདི་ལག་བསྟར་བྱས་ཚེ་རྒྱ་གར་པ་རྣམས་ཀྱི་ངོ་གདོང་ནག་པོ་ཡིན་པ་དེ་དཀར་པོར་བསྒྱུར་མི་ཐུབ་པ་མ་གཏོགས་གཞན་དབྱིན་ཇི་པར་བསྒྱུར་ཐུབ་ཅེས་བརྗོད་མྱོང་བ་དེ་དང་ཤིན་ཏུ་འདྲ་སྟེ་ད་ལྟའི་བོད་ཡིག་བཀོལ་སྤྱོད་བྱས་ཡོད་པ་དེ་དག་ཕྱིའི་གཟུགས་བརྙན་ཙམ་མ་གཏོགས་ནང་དོན་དབྱིན་ཡིག་རང་རེད།
དེ་བས་ན་དེ་ལྟ་བུའི་བོད་ཡིག་དེ་དག་ནི་དཔེར་ན་ལྕགས་ལ་གསེར་ཆུ་བྱུགས་ན་སྣང་ཚུལ་དུ་གསེར་དུ་སྣང་རུང་དོན་ངོ་མར་ལྕགས་རང་ཡིན་དུས་ཡུན་རིང་སོང་བ་དང་མཉམ་དུ་ལྕགས་ཀྱི་རྣམ་པ་དེ་ཇེ་གསལ་དུ་མངོན་འོང་ཞིང་གསེར་གྱི་རྣམ་པ་དེ་ཇེ་ཆུང་དུ་འགྱུར་བ་འགྲོ་བ་ཆོས་ཉིད་ཡིན་སྟབས་མི་རིང་བར་བོད་ཡིག་གི་གཟུགས་བརྙན་འདི་ཡང་དེ་བཞིན་དུ་འགྱུར་འགྲོ་བ་བརྗོད་མི་དགོས་པ་ཞིག་རེད།
དེ་ལྟར་འགྱུར་འགྲོ་བའི་སྣང་ཚུལ་གཞན་ཞིག་ནི་ཡར་རྒྱས་ཀྱི་རྣམ་པ་ཆེས་གསལ་བའི་མགྲོན་ཁང་ལ་སོགས་པ་དེ་དག་རེད། དེ་དག་གི་སྒོ་བྱང་སྟེང་དབྱིན་ཡིག་བྲིས་ཡོད་པ་ལས་བོད་ཡིག་གི་གཟུགས་བརྙན་ཙམ་ཡང་བྲིས་མེད་པ་དེ་རེེད། གནད་དོན་འདིས་ཡར་ཐོན་གྱི་རྣམ་པ་ཇེ་གསལ་དུ་འགྱུར་བ་དང་ལྷན་དུ་བོད་ཡིག་གི་བཀོལ་སྤྱོད་ཇེ་ཆུང་དུ་འགྱུར་རྒྱུ་ཡིན་པ་དེ་མཚོན་ཐུབ།
དེ་བས་ན་ད་ལྟའི་བོད་ཡིག་གི་གནས་སྟངས་ནི་གནའ་བོའི་ཕ་མེས་ཡང་མེས་ནས་དར་བའི་བོད་ཡིག་གི་རྩ་བ་དེ་མཚམས་མ་ཆད་ཙམ་གྱི་ཚོད་དུ་སྣང་ཞིང་། དེ་ལྟར་བོད་ཡིག་གི་ཁྱབ་རྒྱ་དང་ཤེས་ཚད་ཇེ་ཆུང་དུ་གྱུར་པ་དང་མཉམ་དུ་བོད་ཡིག་ལ་བརྟེན་ནས་ཡོད་པའི་ནང་བསྟན་ཆོས་ལུགས་ལ་ཤེས་ནས་ཐོབ་པའི་དད་པ་རྣམ་དག་དང་དེས་བཞག་པའི་ཡ་རབས་བཟང་སྤྱོད་ཀྱི་བག་ཆགས་དག་ཀྱང་རང་བརྒྱུད་ལ་ལྡན་རྒྱུ་དེ། དཀོན་མཆོག་ཏ་ལ་ལའི་གཟུངས་ལས། །ས་བོན་མེ་ཡིས་འཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་པ་ལྟར་ཧ་ཅང་ཁག་པོ་ཆགས་ཡོད།
དེས་ན་འབྱུང་འགྱུར་གྱི་ཡུལ་འདིའི་མི་རབས་གསར་པ་རྣམས་ད་ལྟའི་མི་རབས་བཞིན་དུ་ཡ་རབས་བཟང་སྤྱོད་དང་ལྡན་པའི་མི་རབས་ཤིག་ཡོང་རྒྱུ་དེ་ཁག་ཙམ་ཆགས་ཡོད། གལ་ཏེ་དེ་ལྟར་ཡོང་དགོས་ན་ཕ་མེས་ཡང་མེས་ནས་བརྒྱུད་འོང་བའི་བོད་ཡིག་དང་དེ་ལ་བརྟེན་ནས་ཡོད་པའི་ནང་བསྟན་ཆོས་ལུགས་ཀྱི་རིག་གཞུང་བཟང་པོ་འདི་དག་ལ་མུ་མཐུད་ནས་སློབ་གཉེར་བྱེད་དགོས་པ་དེ་རེད། ལོ་ངོ་བརྒྱ་ཕྲག་གཅིག་ཙམ་གྱི་གོང་ནས་ཤོར་བའི་ང་ཚོའི་འཐུས་ཤོས་དེས་ད་ལྟ་ཡུལ་གྲུ་འདི་དག་རྒྱ་གར་གྱི་མངའ་ཁོངས་སུ་ཚུད་ཡོད་ཅིང་། དེས་ཡུལ་གྲུ་འདི་དག་གི་གནའ་བོའི་རིག་གཞུང་ལ་རྒྱ་གར་དང་ཁ་ཆེའི་རིག་གཞུང་སོགས་ཀྱི་ཤུགས་རྐྱེན་ཐེབས་ཚད་དེ་ཉུང་ཉུང་ཞིག་གཏན་ནས་མིན།
མ་གཞི་དཔལ་དུས་ཀྱི་འཁོར་ལོའི་གཞུང་ནས་ནང་པའི་ཡུལ་གྲུ་དུ་མ་ཞིག་ལ་ཁ་ཆེའི་དབང་བསྒྱུར་རྒྱུ་ཡིན་པ་དེ་ལུང་དུ་བསྟན་ཡོད་སྟབས་དེ་ནི་གཡོལ་དུ་མེད་པ་ཞིག་ཡིན་རུང་ཡུལ་གྲུ་འདི་དག་ནི་དེའི་སྔ་ལྟས་ལྟ་བུར་མཐོང་། འོན་ཀྱང་རྒན་པོའི་ངོ་གདོང་གཉེར་མས་ཁེངས་ཀྱང་འཛུམ་མདངས་ལྷུག་གེར་ཡོང་བ་བཞིན་ཡུལ་གྲུ་འདི་དག་ད་དུང་ཡང་གནའ་བོའི་བོད་ཀྱི་རིག་གཞུང་གི་རྣམ་པས་ཟིན་ཡོད། དེ་བས་ན་ཡུལ་གྲུ་འདི་དག་མུ་མཐུད་དུ་བོད་པའི་རིག་གཞུང་གི་རྣམ་པར་གནས་ཕྱིར་བོད་ཡིག་ཚད་དང་ལྡན་པ་ཞིག་དར་སྤེལ་གཏོང་དགོས་པ་གལ་ཆེར་མཐོང་།
དེའི་ཐབས་ལམ་ཡག་ཤོས་ནི་བོད་པའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་གི་ནང་ཡུལ་འདིའི་སློབ་ཕྲུག་མི་ཉུང་བ་ཞིག་ཡོད་པ་འདི་དག་ལ་བོད་ཡིག་དང་དེ་ལ་བརྟེན་ནས་ཡོད་པའི་ནང་ཆོས་སོགས་བོད་ཀྱི་རིག་གཞུང་དག་ཚད་དང་ལྡན་པ་ཞིག་སློབ་ཁྲིད་བྱེད་དགོས་པ་དང་། དེ་ལྟར་གསོ་སྐྱོང་བྱས་པའི་མི་སྣ་དེ་དག་གིས་ཡུལ་གྲུ་འདིའི་མི་རབས་གསར་པ་རྣམས་རང་གི་ཕ་མེས་ནས་དར་བའི་བོད་སྐད་དང་བོད་ཡིག་ཤེས་པའི་མི་རབས་ཤིག་ཏུ་གསོ་སྐྱོང་བྱེད་དགོས་པ་དེ་རེད།
མ་གཞི་༸གོང་ས་མཆོག་གིས་བཀའ་སློབ་རིམ་ཕེབས་བཞིན་ཡུལ་འདིའི་མཐོ་རིམ་མི་སྣ་དག་གིས་བོད་ཡིག་ཐོག་ལ་ཤུགས་སྣོན་རྒྱག་བཞིན་པ་མ་ཟད། ལ་དྭགས་གསར་འགྱུར་ཞེས་པའི་བོད་ཡིག་ཚགས་པར་ཞིག་ཀྱང་འདོན་སྤེལ་བྱེད་བཞིན་འདུག་ལ་དེར་ཤེས་ལྡན་མི་སྣའི་ཁྲོད་ནས་རྒྱབ་སྐྱོར་ཐོབ་ཚད་ཀྱང་ཉུང་ཉུང་ཞིག་མ་རེད། འདི་དག་ནི་ཡུལ་གྲུ་འདི་དག་ཏུ་བོད་ཡིག་སླར་གསོ་ཡོང་བའི་སྔ་ལྟས་ཙམ་དུ་མ་ཟད་དེས་ནང་བསྟན་ཆོས་ལུགས་ལ་ཤེས་ནས་ཐོབ་པའི་དད་པ་རྣམ་དག་དང་དེས་ཡུལ་འདིའི་མི་རབས་གསར་པ་རྣམས་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་ཡོང་བའི་རྒྱུ་ཚོགས་ཀྱང་ཆགས་ཡོད། ང་རང་ཡུལ་འདིར་སླེབས་པ་ནས་དེ་སྔོན་ལ་དྭགས་ཕྱོགས་ཀྱི་ས་མཚམས་སུ་རྒྱ་ཕྱོགས་ནས་བཙན་འཛུལ་བྱེད་དུས་རྒྱ་གར་པ་དང་མཉམ་དུ་བོད་པ་ཚོས་ཀྱང་ངོ་རྒོལ་བྱས་པ་དག་མིག་ལམ་དུ་འཁོར་ཞིང་ངོ་རྒོལ་ནང་མཉམ་ཞུགས་བྱེད་མཁན་གྱི་བོད་པ་དེ་དག་ལ་ཨ་ཁ་སྙམ་པ་ཞིག་ཀྱང་ཤར་བྱུང་།
མ་གཞི་བོད་པ་ངོ་རྒོལ་པ་དེ་དག་ལ་དྭགས་ཕྱོགས་སུ་དངོས་སུ་བསྐྱེད་མྱོང་མཁན་གྱི་མི་སྣ་དེ་དག་མིན་ཤས་ཆེ། གང་ལགས་ཞེ་ན། ང་ལ་དྭགས་ཕྱོགས་སུ་དངོས་སུ་བསྐྱོད་མྱོང་མེད་དུས་ངས་ལ་དྭགས་ཕྱོགས་ཀྱི་ས་ཁུལ་དག་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་མངའ་ཁོངས་ཡིན་པ་ཤེས་རུང་། རྒྱ་ཕྱོགས་ནས་ལ་དྭགས་ཕྱོགས་སུ་བཙན་འཛུལ་བྱས་པ་གོ་དུས་དེ་ཙམ་གྱི་བཟོད་མི་བདེ་བ་གང་ཡང་ཡོང་མྱོང་མེད། དེའི་རྒྱུ་མཚན་ནི་ངས་ལ་དྭགས་ཕྱོགས་ཀྱི་ས་ཁུལ་དག་དངོས་སུ་མཐོང་མྱོང་མེད་པས་རེད། ངའི་ཉམས་མྱོང་འདིས་བོད་པ་ངོ་རྒོལ་པ་དེ་དག་གིས་ཡུལ་འདིར་འཛིན་པའི་ལྟ་སྟངས་དག་ཀྱང་མཚོན་པའི་ཡིད་ཆེས་ཡོད།
འོན་ཀྱང་ད་ལྟ་ངས་ལ་དྭགས་ཕྱོགས་ཀྱི་ས་ཁུལ་འདི་དག་དངོས་སུ་མིག་མཐོང་ལག་ཟིན་བྱུང་བ་ནས་ངས་ཡུལ་གྲུ་འདི་དག་ལ་བོད་དང་བོད་ཀྱི་རིག་གཞུང་གིས་གཅེས་སྐྱོང་དགོས་པ་གཞི་ནས་ཤེས་ཚོར་བྱུང་ལ་ཡུལ་གྲུ་འདི་དག་ལ་འཛིན་པའི་ངའི་ལྟ་སྟངས་ཀྱང་དེ་སྔོན་དང་བསྡུར་ན་རྦད་དེ་མི་འདྲ་བ་ཆགས་ཡོད། དེ་བས་ན་བོད་པ་གཞན་རྣམས་ཀྱང་ཡུལ་འདིར་དངོས་སུ་བསྐྱོད་རྗེས་རང་རང་གི་སྔར་གྱི་ལྟ་སྟངས་ལ་འགྱུར་བ་ཡོང་རྒྱུར་ང་ལ་ཐེ་ཚོམ་གང་ཡང་མེད།
མདོར་ན་ཡུལ་གྲུ་འདི་དག་ནི་གནའ་ནས་ད་བར་བོད་ཀྱི་རིག་གཞུང་ལས་ལོགས་སུ་མེད་ཕྱིར་ང་ཚོས་ནམ་ཡང་ཡུལ་གྲུ་འདི་དག་ཏུ་སྔར་ལས་ལྷག་པའི་བོད་ཀྱི་རིག་གཞུང་གཏིང་ཇེ་ཟབ་ཏུ་གཏོང་དགོས་པ་མ་ཟད། ལ་དྭགས་པ་དང་བོད་པ་ཞེས་ལོགས་སུ་བཙན་གྱིས་ཐ་དད་དུ་མི་འབྱེད་པར་བོད་རིགས་གཅིག་འགྱུར་ཡིན་པའི་འདུ་ཤེས་བསྐྱར་བསྐྲུན་དགོས་པ་ཡང་གལ་ཆེར་མཐོང་ངོ་། །
ལ་དྭགས་ཡུལ་གྱི་རྒྱལ་སའི་མིང་བྱང་དེ་ལ་འབྲི་སྟངས་མ་འདྲ་བ་ཁ་ཤས་ཐོན་ཡོང་གི་འདུག མི་ཁ་ཤས་ཀྱི་་་གླེ་་་འབྲི་བ་དང་ཁ་ཤས་ཀྱི་་་སླེ་་་འབྲི་བ་་བཅས་རང་སྣང་གང་ཤར་འདྲ་པོ་ཡིན་ས་རེད། བཤད་སྲོལ་ལ་ལ་དྭགས་ནི་སྔོན་མ་ཞང་ཞུང་གི་ལུང་པ་ཞིག་ཡིན་པའི་ལོ་རྒྱུས་ཡོད་པར་གླེང། དེ་འདྲ་ཡིན་དུས་མིང་ཚིག་མང་པོ་ཞིག་ཞང་ཞུང་གི་སྐད་དང་འབྲེལ་བ་ཆེན་པོ་ཡོད་དགོས་པར་ངེས་སོ། གང་ལྟར་དེང་སང་གི་ལ་དྭགས་པ་ཚོས་ཞང་ཞུང་གི་རིག་གནས་སྐོར་ལ་དེ་ཙམ་ཤེས་ཀྱི་ཡོད་ཚོད་མི་འདུག དེ་ཏོག་ཙམ་ཐབས་སྐྱོ་བོ་རེད། གཅིག་བྱས་ན་ཁོང་ཚོ་ལ་ཁག་ཡོད་ཀྱི་མ་རེད་སློབ་སྟོན་བྱེད་མཁན་མེད་སོང་བ་ཡིན་འགྲོ། གང་ལྟར་ཡུལ་མིང་་་སླེ་་་ཞེས་པ་དེའི་སྐོར་ནས་བསམ་ཚུལ་ཁ་ཤས་ཞུས་ན། དང་པོ་སྨན་གཞུང་ནང་དུ་རྩ་སྨན་ཞིག་ལ་་་སླེ་ཏྲེ་་་ཞེས་པ་ཞིག་ཡོད་སྐད་འདུག ལོ་རྒྱུས་ནང་དུ་་་སླེ་ཀྲ་གུ་གེ་རྒྱལ་པོ་་ཞེས་པ་ཞིག་ཀྱང་ཡོད་སྐད་འདུག འབྱུང་བ་བཞི་ཡི་ལྷ་མོ་བཞི་ལ། ནེ་སླས་རྒྱལ་མོ། ས་ཡི་ལྷ་མོ། ཚངས་སྟངས་རྒྱལ་མོ། མེ་ཡི་ལྷ་མོ། ལི་མུན་རྒྱལ་མོ། རླུང་གི་ལྷ་མོ། ཏིང་ནམ་རྒྱལ་མོ། ཆུ་ཡི་ལྷ་མོ། བཅས་ལ་གོ་དོན་ཡོད་རབས་བཤད་འདུག དེ་འདྲ་ཡིན་དུས་ནེ་སླས་ཅེས་པ་དེ་ས་གཞི་ལ་གོ་ན་་་སླེ་་་དང་སླས་་་གཉིས་སྒྲ་ཧ་ཅང་ཐག་ཉེ་པོ་རེད། འདི་ཚོའི་སྐོར་ལ་བསམ་ཞིག་རེ་གནང་ནས་དག་ཆ་ག་འདྲ་འབྲི་དགོས་མིན་ཐུགས་སྣང་ཡོང་བ་ཞུ། །
བོད་ཀྱི་ཁ་སྐད་དུ་་་ཡུལ་འབྲོག་་་གཉིས་དང་་་ཞིང་འབྲོག་་་གཉིས་ཅེས་ལབ་སྲོལ་ཡོད་པ་ལྟར་བྱས་ན་་་ཡུལ་་ཞེས་པ་དེ་འབྲུ་རིགས་སྐྱེ་ས་དང་ཞིང་ལས་ཡོད་སའི་ས་ཆ་ལ་གོ་དགོས་ཀྱི་ཡོད་པ་འདྲ། དེ་འདྲ་ཡིན་དུས་ཞང་ཞུང་སྐད་ཀྱི་་་སླས་་་དང་དེ་དང་ཆ་མཚུངས་ཀྱི་་་་སླེ་་་ཞེས་པ་དེ་སྐབས་འདིར་འབྲུ་རིགས་སྐྱེ་སའི་ཡུལ་དང་ས་ཆའམ་་ཞིང་ལས་ཡོད་སའི་ས་ཆ་ལ་གོ་བ་ཡིན་ནའང་སྐྱོན་ཡོད་པར་མི་སེམས་སོ། །
སྐྱིད་ལྡེ་ཉི་མ་མགོན་ལ་རྒྱལ་སྲས་གསུམ་ཡོད། དཔལ་གྱི་ལྡེ། བཀྲ་ཤིས་ལྡེ། ལྡེ་གཙུག་དགོན། དེ་གསུམ་གྱིས་མངའ་དབང་བསྒྱུར་བའི་ཡུལ་ལ་མངའ་རིས་སྐོར་གསུམ་ཟེར། དཔལ་གྱི་ལྡེས་དབང་བསྒྱུར་མར་ཡུལ་ལ་ཕྱིས་སུ་ལ་དྭགས་ཞེས་མིང་ཐོགས། བོད་དམག་མ་སླེབས་གོང་དུ་ལ་དྭགས་ལ་རྭ་ལུག་སྐྱོང་མཁན་གྱི་འབྲོག་པ་མ་གཏོགས། ཞིང་འབད་པ་ཞིག་མེད་པ་ཡིན་ནམ་སྙམ། གླེ། ཞེས་པ་བྱེ་ཐང་ལ་ཆུ་ཡོད་པ་ལ་འབོད་པར་མངོན་ཏེ། ས་གནས་དེར་གྲོང་ཡུལ་མ་ཆགས་གོང་དུ་བྱེ་ཐང་ན་སྤང་དང་ཆུ་ཡོད་པ་ལ་གླེ་ཟེར། ལ་དྭགས་ན་གླེ་ཞེས་པའི་ས་གནས་གཞན་ཡང་ཡོད། ད་ལྟའི་ལ་དྭགས་ཀྱི་གྲོང་ཡུལ་རྣམས་ཀྱི་ཁ་སྐད་ན། ཡུལ་དབུས་སུ་བསྒྱུར་པའི་བཀའ་འགྱུར་ན་ཡོད་པའི་མིང་ཚིག་མང་པོ་ཡོད་པ་ལ་དཔགས་ན། དབུས་ཀྱི་དམག་མི་མང་དུ་སླེབས་ཏེ། ལ་དྭགས་དང་། སྦལ་ཏི་ཡུལ་དུ་གཞིས་ཆགས། བོད་སྐད་རྒྱབ་མཁན་མི་རིགས་མང་བས། ལ་དྭགས་དང་སྦལ་ཏིའི་སྔར་གི་སྐད་དེ་དག་མེད་པར་སོང་། བཀའ་འགྱུར་ན་ཡོད་པའི་མིང་ཚིག་འདོང་སོགས་ལ་དྭགས་དང་། བོད་དབུས་སུ་མེད་པ་དག་སྦལ་ཏི་གྲོང་ཡུལ་གྱི་ཁ་སྐད་དང་། དེ་དག་གི་ཁ་སྐད་དུ་སྔོན་རྗེས་དག་ཀྱང་འཐོན་པ་ཡོད་པས། ལ་དྭགས་པ་དག་གིས་སྦལ་ཏིའི་སྐད་དེ་དག་བོད་ཀྱི་ཡི་གེ་དག་པོ་འབྱུང་བ་ལ་ཕན་ཐོགས་ཡོད་པར་བཤད། ལ་དྭགས་དང་སྦལ་ཏིའི་འབྲོག་པ་དེ་དག་གཞང་གཞུང་གི་ཁུངས་སུ་ཡོད་དམ་མེད་དཔྱད་གཞིགས་བྱེད་དགོས་པར་སྙམ་མོ།
མི་ལ་ཕན་ཐོགས་བྱེད་མཁན་ནི། ས་སྟེང་ཡོངས་ན། ཡོད་པར་མཐོང་སྟེ། ༡༩༨༧ ལོར་བདག་ཧོང་ཀོང་ནས། རྒྱ་ནག་ཀོང་ཇོ་བར་དུ་མེ་འཁོར་དུ་ཕྱིན། མེ་འཁོར་ནས་བབས་རྗེས་དོ་པོ་ཁུར་འདྲེན་གླ་པ་མེད་པས། ང་རང་གིས་དཀའ་ལས་ཀྱིས་ཁྱེར་ནས་རྒྱ་ནག་ཏུ་འཛུལ་ཆོག་བརྟག་དཔྱད་ལས་ཁུངས་བར་དུ་ཕྱིན། དེ་ནས་བརྟག་དཔྱད་གྲུབ་རྗེས། རླངས་འཁོར་གླ་ཡོད་བར་དུ་རྒྱ་རིགས་ཀྱི་གཞོན་པ་འགས་དོལ་པོ་སྐྱེད་འདྲེན་ལ་ཕན་ཐོགས་བྱས།
དེ་ནས་ཡང་ལྷ་ས་ནས་གཞིས་ཀ་རྩེ་རུ་རླངས་འཁོར་ནང་འགྲོ་དགོས་པ། སྔ་དྲོའི་ཆུ་ཚོད་དྲུག་པ་ལ་ཤོག་ཟེར། གནམ་མ་ལངས་གོང་ན། དཀའ་ལས་ཀྱིས་རང་གིས་ཁུར་པོ་ཁུར་ནས་འགྲོ་སྐབས་ལྷ་ས་མ་གཞོན་ནུ་མ་འགས་སྐྱེལ་གྲོགས་བྱས། དངུལ་ཕྲན་བུ་འབུལ་རྩིས་བྱས་ཀྱང་། རྩ་ནས་ལེན་གྱི་མ་ཡིན་གསུངས། ང་ལ་ནི་ཕན་ཐོགས་ཚད་མེད་པ་བྱུང་།
ཡང་༢༠༠༤ ལ་ཟི་ལིང་ནས་ཀྲིན་ཏུ་བར་དུ་གནམ་གྲུ་ལས་འགྲོ་བ་ལས། ཡུལ་གྱི་གོམས་གཤིས་མཐོང་བའི་ཕྱིར་དུ། མེ་འཁོར་དུ་ཕྱིན། ཟིལིང་དུ་ཉལ་ཁྲིའི་ལག་ཁྱེར་ཉོ་སྐབས་སུ་ཉལ་ཁྲི་སྟེང་མ་གཏོགས་འོག་མ་མེད་ཅེས་ཟེར། ཨམ་མདོ་སྣེ་ཁྲིད་པ་དཀོན་མཆོག་ཚེ་རིང་གིས་མེ་འཁོར་ལག་ཁྱེར་ཉོ་གྲོགས་བྱས།
མེ་འཁོར་ནང་དུ་རྒྱ་རིགས་བུ་མོ་ཞིག་གིས་དང་ལེན་གྱིས། རང་གི་ཉལ་ཁྲི་འོག་མ་དེ་མི་རྒན་ང་ལ་བྱིན། བུ་མོ་རང་གིས་ཉལ་ཁྲི་སྟེང་མ་བླངས་། མེ་འཁོར་ཁང་མིག་རེར་ཉལ་ཁྲི་བཞི་རེ་ཡོད་འདུག རྒྱ་རིགས་དེ་དག་ཀྲིན་ཏུར་གནས་སྡོད་ཟི་ལིང་དུ་སྨན་པའམ་ནད་གཡོག་གི་ལས་བྱེད་པ་ཡིན་ནམ་སྙམ། གཅིག་གིས་ཨིན་སྐད་འགའ་རེ་ཤེས། དེ་ནས་ཉིན་རྗེས་མར་ཁུར་པོ་དེ་དག་ང་རང་གིས་ཁུར་ཏེ་མེ་འཁོར་འབབས་ཚུགས་ཕྱི་ལོགས་སུ་འགྲོ་རྩིས་བྱེད་སྐབས། མེ་འཁོར་ཁང་མིག་ཏུ་ཡོད་པའི་རྒྱ་མི་གཞོན་པ་དེས་མཐོང་སྟེ། ངའི་ཁུར་པོ་དེ་ཁོང་རང་གིས་ཁུར། ཕྱི་ལོགས་ན་སློབ་དཔོན་འབུམ་སྐྱབས་ཀྱིས་ང་བསུ་བར་བཏང་བའི་མདོ་སྨད་པ་བུ་བཀྲ་ཤིས་དང་། ཤ་བོ་ཀླུ་རྒྱལ་གཉིས་ཡོད་ས་བར་དུ་བསྐྱལ་བའི་ཕན་ཐོགས་ཆེན་པོ་མཛད་དོ།
རྣམ་པ་ཚོས་རྩོམ་ཡིག་ཞིབ་ཀློག་གནང་བ་དང་ཆབས་ཅིག དགོངས་ཚུལ་གསུངས་པར་བསྔགས་བརྗོད་ཡོད།
ལ་དྭགས་གླེ་ལ་འབྲི་ཚུལ་གཉིས་འདུག་པ་ལས། ལ་དྭགས་དགེན་བློ་བཟང་འཇམ་དཔལ་ལགས་ཀྱིས་གསུངས་པ་ལྟར་གྱི་”གླེ་”འདི་དག་པར་སེམས། གཞན་དུ་ན་”གླེ་”ཞེས་པ་ནི་གླིང་ངམ་ས་ཁུལ་ཆུང་ཆུང་གི་དོན་དུ་གོ་བའི་བརྡ་རྙིང་ཞིག་ཡིན་པར་མཁས་པའི་བཞེད་སྲོལ་སྣང་།
དེ་འབྲེལ་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཆ་རྙིང་པ་ཁག་ཏུ་སྟོད་མངའ་རིས་སྐོར་གསུམ་འདྲེན་སྐབས་ “བོད་ཡུལ་གྱི་སྟོད་སྤུ་རངས། མར་ཡུལ། ཟངས་དཀར་ཏེ་གསུམ་པོ་སྐོར་གཅིག
ལི། གྲུ་ཤ། སྦལ་སྡེ་སྟེ་གསུམ་པོ་སྐོར་གཅིག
ཞང་ཞུང་། ཁྲི་ཏེ་སྟོད་སྨད་དེ་གསུམ་པོ་རྣམས་མངའ་རིས་སྐོར་གསུམ་” ཞེས་ལྷ་སའི་ཞོལ་པར་རྙིང་དུ་གྲགས་པའི་རྒྱལ་དབང་ལྔ་པའི་གསུང་འབུམ་རང་དུ་འཁོད་འདུག
དེ་ལ་གཞིར་བཟུང་སྟེ་དུང་དཀར་བློ་འཕྲིན་གྱིས་ “མངའ་རིས་ས་གནས་ལ་ཁུལ་གསུམ་དུ་ཕྱེ་ནས་སྤུ་ཧྲེངས། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག་དང་། ལི། བྲུ་ཤ། སྦལ་ཏི་གསུམ་སྐོར་གཅིག ཞང་ཞུང་། ཁྲི་སྡེ་སྟོད། ཁྲི་སྡེ་སྨད་གསུམ་སྐོར་གཅིག་བཅས་ཡིན” ཞེས་བརྗོད་འདུག
ཕྱི་མ་འདི་ལྟར་དེང་རབས་བོད་ཀྱི་མཁས་པ་མང་པོས་ཀྱང་སྤུ་རངས་ལ་སྤུ་ཧྲེངས་དང་། མར་ཡུལ་ལ་མང་ཡུལ། གྲུ་ཤ་ལ་བྲུ་ཤ། སྦལ་སྡེ་ལ་སྦལ་ཏི། ཁྲི་ཏེ་ལ་ཁྲི་སྡེ་སོགས་སུ་བཅོས་ཤིང་འབྲི་ཁྱབ་ཆེ།
ཡིན་ན་ཡང་ལོ་རྒྱུས་ཀྱི་ཡིག་ཆ་ཁག་མང་པོའི་ནང་”མར་ཡུལ་ལ་དྭགས་དང་། མང་ཡུལ་སྐྱིད་གྲོང་”ཞེས་སོ་སོར་གསལ་པོ་གསུངས་འདུག་སྟབས། མར་ཡུལ་དང་མང་ཡུལ་གཅིག་ཏུ་སེམས་པ་ནི་མ་དག་རྒྱུན་འབྱམས་ཀྱི་ཡིག་ནོར་དུ་ངེས་འདུག
༼གནམ་མ་ལངས་གོང་ན།༽
གནམ་ཟེར་ན་མིང་ཞིག་རེད། ནམ་ཟེར་ན་དུས་ཤིག་རེད། ནམ་མ་ལངས་གོང་ན་ཟེར་དགོས་བ་རེད།
༼མེ་འཁོར་ནང་དུ་རྒྱ་རིགས་བུ་མོ་ཞིག་གིས་དང་ལེན་གྱིས། རང་གི་ཉལ་ཁྲི་འོག་མ་དེ་མི་རྒན་ང་ལ་བྱིན། བུ་མོ་རང་གིས་ཉལ་ཁྲི་སྟེང་མ་བླངས་། མེ་འཁོར་ཁང་མིག་རེར་ཉལ་ཁྲི་བཞི་རེ་ཡོད་འདུག རྒྱ་རིགས་དེ་དག་ཀྲིན་ཏུར་གནས་སྡོད་ཟི་ལིང་དུ་སྨན་པའམ་ནད་གཡོག་གི་ལས་བྱེད་པ་ཡིན་ནམ་སྙམ། གཅིག་གིས་ཨིན་སྐད་འགའ་རེ་ཤེས།༽
ཁ་མི་ཚང་བའི་བརྡ་སྤྲོད་ཁ་ཆག་སྣ་རལ་མ་བཞུགས་སོ།
(ང་བུད་ཐལ། ཕྱིར་ལ་ཡོང་གི)་ཟེར་བ་ལྟ་བའི་སྐད་ཆ་མང་པོ་འདུག། མཁྱེན་ལྡན་ཚོས་གཟིགས་རོགས་ཞུ། འདི་རེད།
༼མེ་འཁོར་ནང་དུ་རྒྱ་རིགས་བུ་མོ་ཞིག་གིས་(དང་ལེན་གྱིས།) རང་གི་ཉལ་ཁྲི་འོག་མ་དེ་མི་རྒན་(ང་ལ་བྱིན།) བུ་མོ་རང་གིས་ཉལ་ཁྲི་(སྟེང་མ་བླངས་།) མེ་འཁོར་ཁང་མིག་རེར་ཉལ་ཁྲི་བཞི་རེ་(ཡོད་འདུག) རྒྱ་རིགས་དེ་དག་ཀྲིན་ཏུར་གནས་སྡོད་ཟི་ལིང་དུ་སྨན་པའམ་ནད་གཡོག་གི་ལས་བྱེད་པ་ཡིན་ནམ་སྙམ། གཅིག་གིས་ཨིན་སྐད་(འགའ་རེ་ཤེས།)༽
རྒན་ལ་དྭགས་པའི་ཆོས་ཡིག་ལ་གོ་བ་ནི་མི་འདུག། བོད་ཡིག་ནི་རེད་འདུག། བརྡ་སྤྲོད་ནི་མ་རེད། འདི་ལྟར་བྲིས་ན། ཕན་དང་གནོད་པའི་དབྱེ་བ་ནི་དྲ་ཉེ་ཚོས་ཤོད་ཤོག།
རྒན་ལ་དྭགས་པས་རྩོམ་ཡོད་ཚད་བཀའ་བསྟན་གྱི་ཚིག་དང་བསྟུན་ཅི་ཐུབ་དང་། རྒན་bonpo བོན་པོས་ཡུལ་ཡོད་ཚད་བོན་ལ་བཏུགས་ཅི་ཐུབ་བྱེད་པའི་སྙིང་སྟོབས་ལ་ཡི་རང་ངུ་རང་གཉིས་ཀ་ཡོད།
མེ་ཏོག་དཀར་པོ་ལགས་ཕེབས་པ་བཟང། ཁོ་ཉལ་པོ་སྤྱོད་དགོས་ན་ཨང་དང་པོ་ཡིན་ས་རེད། ངས་ནི་ཁོ་དགའ་རོགས་དང་ལྷན་དུ་ཨ་རི་ལ་ཕྱིན་སོང་བ་ཡིན་ནམ་དྲན་སོང་། ཡང་དེ་རིང་འདིར་ཕེབས་འདུག ཆུ་མགོ་གངས་དང་ཆོས་མགོ་བོན་ཟེར་བ་དེ་བོད་སྔ་རབས་ཀྱི་གཏམ་དཔེ་རེད་ད། རྒྱུ་མཚན་དང་ཁུངས་ལུང་གིས་ཕྱུག་པའི་བཀྲ་ཤིས་པའི་ཡུལ་ཁམས་དེ་ཚོ་བོན་དང་ཞང་ཞུང་ལ་ཁུངས་བཏུག་གི་ཡོད་མ་གཏོགས། ངས་མཐའ་ཁོབ་ཀྱི་ཡུལ་ཁམས་ཡོད་ཚད་བོན་དང་འབྲེལ་བ་ཡོད་རབས་རྩ་བ་ནས་གླེང་གི་མེད། རྩ་བའི་ཆ་ནས་ནང་ཆོས་ཚད་ལྡན་ཞིག་སློབ་འདོད་ན་ཡུལ་དེའི་གདོད་མའི་ཤེས་རིག་དང་རིག་གཞུང་ལོ་རྒྱུས་སོགས་ལ་གནོད་སྐྱོན་ཐེབས་ཤོར་དོགས་བྱ་དགོས་པ་ནི་རྩ་བའི་སྡོམ་པའམ་རྩ་བའི་དམ་བཅའ་ཇི་བཞིན་བླ་སྤྲུལ་ཚོས་ཐུགས་ཁུར་ཆེ་བཞེས་གནང་དགོས་ས་རེད། ནང་ཆོས་ཀྱི་ནང་དོན་གཙོ་བོ་དེ་ནི་ཉོན་མོངས་ཀྱིས་གཟིར་བའི་་སེམས་ངལ་ཅན་འདི་འགྱུར་བ་བཏང་ནས་དགེ་བའི་སེམས་ཅན་ཞིག་ལ་བསྒྱུར་རྒྱུ་དེ་མ་ཡིན་ནམ། གཞན་ཡུལ་ལུང་དེའི་སྐད་དང་ལོ་རྒྱུས་རིག་གཞུང་གདོད་མའི་ལམ་ལུགས་ཡོངས་ལ་བསྒྱུར་བ་གཏོང་རྒྱུའི་བྱུས་གཏོགས་མང་པོ་མ་བྱས་ན་བཟང་བར་སེམས་སོ། །
གླེ་་་ཞེས་པ་དེ་ནི་གཙང་ཆུ་གཉིས་དབར་གྱི་ས་ལིང་ཙེ་བ་དེ་འདྲ་དང་མཚོ་དང་མཚེའུ་དཀྱིལ་གྱི་ས་འབུར་རི་འབུར་དེ་འདྲ་ལ་གོ་དགོས་ཀྱི་ཡོད་པར་སེམས། གང་ལྟར་མཐའ་འཁོར་ཆུས་བསྐོར་བའི་དབུས་དཀྱིལ་ས་ལིང་ཙེ་བ་དེ་འདྲ་ལ་གླེ་ཞེས་འབོད་ཀྱི་སྲོལ་ཡོད་ས་རེད།
དོ་་་་ཞེས་པ་དེ་ནི་ས་བརྒྱུད་རི་བརྒྱུད་མཚོ་དང་མཚེའུ་ནང་དུ་གཟུགས་བསྡད་པ་དེ་འདྲ་ལ་གོ་དགོས་ཀྱི་ཡོད་ས་རེད། བྱང་གནམ་མཚོ་ཁ་ལ་གནམ་མཚོའི་དོ་རིང་ཟེར་བ་དེ་འདྲ་ཡོད་རབས་འདུག གང་ལྟར་ལ་དྭགས་ཀྱི་་་སླེ་་་་ཞེས་པ་དེའི་ས་བབས་ཆགས་ཚུལ་གོང་སྨྲས་ཀྱི་གནས་ཚུལ་དེ་ཚོ་དང་ཆ་འདྲ་བ་ཡོད་ན་་་གླེ་་་ཞེས་བྲིས་ཀྱང་ཆོག དེ་མིན་ཞང་ཞུང་སྐད་ཀྱི་་་ནེ་སླས་་་་ཅེས་པའི་སླས་་་དེ་ལ་དྭགས་ཀྱི་ཡུལ་སྐད་དུ་་སླེ་་་ཞེས་འབོད་སྲོལ་བྱུང་ཡིན་ནམ་སེམས། དོན་དུ་འབྲུ་རིགས་སྐྱེ་ས་དང་ཞིང་ལས་ཡོད་སའི་ཡུལ་དང་ས་ཆ་ལ་གོ་དགོས་ཀྱི་ཡོད་པར་སྣང་ངོ་། །
གནམ་མཆོག
༼གནམ་མ་ལངས་གོང་ན།༽
གནམ་ཟེར་ན་མིང་ཞིག་རེད། ནམ་ཟེར་ན་དུས་ཤིག་རེད། ནམ་མ་ལངས་གོང་ན་ཟེར་དགོས་བ་རེད། འདི་བདེན་བློ་བསྐྱེད་ལ་ཕན། འདི་ཉིད་ང་ཙམ་མ་ཡིན་པར་བོད་ཀྱི་མཁས་པ་གཞན་དག་གིས་ཀྱང་བྲིས་ཡོད་པ་གཟིགས་ནས། ཨ་རི་པ་བོད་སྐད་ལ་མཁས་པ། མཁས་དབང་གོལད་སཏེཨིན་མཆོག་གིས། བོད་ཨིན་ཚིག་མཛོད་ན། གནམ་ལངས། ནམ་ལངས་དང་འདྲའོ།
ཞེས་བྲིས་སོ།
རང་གི་ལུང་སྐད་མ་ཡིན་པར་བོད་རིག་གཞུང་སྐད་ལ་རྟག་སྦྱོར་དང་གུས་སྦྱོར་གྱིས་སྦྱངས་ནས། དེ་དག་གི་རྗེས་སུ་འབྲངས་ཏེ་བྲིས་པ་ལ་ཡང་སྐྱོན་ཡོད་པ་སྲིད་མོད། དེ་དག་ཁྱོད་ཀྱིས་སེལ་མ་ཐུབ་ན། ཁྱོད་ཀྱི་འབད་པ་དོན་མེད་པར་འགྱུར་རོ།
དེ་འདྲ་ལ་དྭགས་པར་དགའ་པོ་བྱུང་ན་ ལ་དྭགས་པའི་ཨ་ཅེ་བྱེད་
ཚིག་མཛོད་དུ། ཆུ་གཉིས་བར་གྱི་གྲམ་ཐང༌། ཞེས་པའི་དོན་ལྟར་ད་ལྟ་སེངྒེ་གཙང་པོ་མ་གཏོགས་མེད་ཀྱང་། གཅིག་བྱས་ན། སྔ་མོ་གླེའི་ཕྱོགས་གཞན་དུ་ཆུ་ཕྲན་གཞན་ཞིག་ཀྱང་རྒྱུག་གི་ཡོད་སྲིད།
འོན་ཀྱང་དེང་སང་གླེ་དང་སླེ་ཞེས་འབྲི་སྲོལ་ཡོད་པ་ལ་དྭགས་གླེའི་རྒྱལ་པོའི་མཁར་གྱི་ལོ་རྒྱུས་སུའང་འཁོད་འདུག
ཐོག་མར་ཁ་བརྡ་ཚང་ལ་བཀྲ་ཤིས་བདེ་ལེགས་ཞུ།
བོད་སྐད་ཀྱི་་་ས་གཞི་་་ལ་ཞང་ཞུང་སྐད་དུ་་་སླས་གཞི་་་སྐྱེ་སླས་་་ནེ་སླས་་་སོགས་བྲིས་པ་འདུག དོན་དག་ཡང་སྙིང་ཞང་ཞུང་སྐད་ཀྱི་་་སླས་་་་ཟེར་བ་དེ་བོད་སྐད་ཀྱི་་་་ས་་་་ཞེས་པ་དེ་རང་ལ་གོ་བ་རེད། ལ་བཏགས་དང་དང་རྗེས་འཇུག་གི་ས་གཉིས་དོར་བའི་་་ས་་་ཁྱེར་རྐྱང་དེ་བོད་སྐད་ལུགས་ཀྱི་འབོད་སྟངས་ཡིན་ནམ་སྙམ། ངས་ནི་་་སླས་་་དང་་་ས་་་གཉིས་སུ་འབོད་པའི་སྐད་ལུགས་གཉིས་པོ་འདི་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་འགྲོ་བསམ་གྱི་ཡོད། དེ་འདྲ་ཡིན་དུས་ལ་དྭགས་ཀྱི་ཡུལ་ས་དེ་ལ་་་སླས་་་ཅེས་སུ་བྲིས་ན་དགོས་པ་དང་རྒྱུ་མཚན་ཆེ་བར་མཐོང་། ཡིན་ནའང་ཁྱེད་རང་ཚོས་་་གླེ་་་རང་བྲིས་ནས་མི་ཚེ་བསྐྱལ་བ་ཡིན་ནའང་འགྲིག་གི་རེད་ང་ལ་ཨུ་ཚུགས་གང་ཡང་མེད་དོ།
གླེ། ཞེས་པའི་མིང་ཚིག་དེ་མ་རྟོགས་པ་དང་ལོག་པར་རྟོག་པ་འགའ་ཞིག་འདུག། གླེ། ཞེས་པ་ཨིན་སྐད་དུ། oasisཞེས་པ་ཡིན་དགོས།
oasis
སྐད་བརྡ་རིག་པ། བྱེ་ཐང་ཁྲོད་ཀྱི་གཤིན་ས། མཁས་དབང་སྨོན་ལམ་གྱིས་བྲིས་པ་དོན་ལ་གནས།
གླེ་དཀར་རྩེའི་བསྐོར་དང་། གླེའི་མདོ། ཞེས་པའི་ས་གནས་གཉིས་ཡོད་པ་བདག་གིས་མཐོང་། གླེའི་དཀར་རྩེའི་བསྐོར་དེ། དིང་སང་སེང་གི་ཁ་འབབས་གཙང་པོ་ཁ་ཕྱོགས་འགྱུར་བའི་རྐྱེན་གྱིས། གླེའི་མཚན་ཉིད་ཚུང་བ་ཞིག་ཏུ་མ་མཆིས། གླེའི་མདོ། ཞེས་པ་ལ་དྭགས་རྒྱལ་ས་གླེ་ནས། མི་ལི་༧༠ ཡང་ན། ཀི་ལོ་མི་ཊྚར་༡༠༠་མ་ཟིན་ཙམ་སེང་གེ་ཁ་འབབས་གཙང་པའི་ལྷོ་ཕྱོགས་ན། ༢༠༠༨་ལ་ངེད་ལ་དྭགས་གཤམ་ཕྱོགས་ལ་འགྲོ་སྐབས་མཐོང་། བྱེ་ཐང་གོང་གི་ལུང་པའི་མདོར་སྤང་ཆགས་ཡོད་པ་གླེའི་མཚན་ཉིད་ཚང་བ་ཞིག་ཏུ་མཐོང་། ད་ལྟའི་ལ་དྭགས་རྒྱལ་ས་གླེ་ལ་ཡང་། གྲོང་དང་། ཚོང་ཁང་སོགས་བརྩིགས་ཏེ། ད་ལྟ་གླེའི་མཚན་ཉིད་ག་ལ་ཡོད་དེ་མེད། གླེ ཞེས་མིང་ཐོགས་པ་ནི་གྲོང་མ་ཆགས་པའི་གོང་གི་མིང་ངོ་།