ཐེ་བོ་སངས་རྒྱས།
འཛམ་གླིང་ལོ་རྒྱུས་ནང་ཟིན་ཐོར་འཁོད་པ་ནུབ་ཕྱོགས་རོམ་མན་གྱི་རྟོག་འཆར་རིག་རྩལ་ལུགས་སུ་བསྐྲུན་པའི་རང་དབང་ལྷ་མོའི་སྐུ་བརྙན་Statue of Liberty, ཞེས་འབོད་པ་དེ། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ New york,བརྒྱུད་ནས་འབབ་པའི་ཧ་ཌི་སོན་གཙང་པོའི་གཞུང་ Hudson River,རང་དབང་གླིང་ཕྲན་དུ་བབ་ཆགས་པོས་ཀྲོང་ངེར་འགྲེང་ཞིང་། དབུ་ལ་གཟེངས་རིང་བའི་པྲོག་ཞུ་དང་སྐུ་ལ་གོས་བཟང་ལྷབ་ལྷུབ་ཏུ་མནབས་པ། ཕྱག་གཡས་པས་དཔལ་འབར་གྱེན་དུ་བསྒྲེངས་པ་དང་། གཡོན་པས་བཅའ་ཁྲིམས་ཀྱི་དཔེ་དེབ་ཅིག་བསྣམས་པའི་ངོས་སུ་ཨ་རིའི་རང་བཙན་ཉིན་མོ་སྟེ། 1776.ལོའི་ཟླ་7.ཚེས་4.བརྐོས་པ་རྒྱང་རིང་ནས་གསལ་ལེར་མཐོང་ཐུབ། མོའི་རྐང་པ་གཉིས་ལ་གས་ཆག་ཤོར་བའི་ལྕགས་སྒྲོག་ཅིག་གོན་ཡོད།
འདྲ་སྐུ་དེས་རང་དབང་དང་། ཞི་བདེ། འགྲོ་བ་མིའི་ཐོབ་ཐང་། དམངས་གཙོ། བྲན་གཡོག་ལམ་ལུགས་རྩ་མེད་གཏོང་དགོས་པ་སོགས་མཚོན་པར་མ་ཟད། ཕྱི་རྒྱལ་ནས་ཨ་རིར་འབྱོར་བའི་ཡུལ་གྱར་བ་ཚོར་དགའ་བསུའི་མཚོན་རྟགས་སུའང་བརྩི། དེའི་མཐོ་ཚད་ལ་ཧྥེ་ཁྲི་ 151,ft. ལོངས་པས་དེང་སང་འཛམ་གླིང་ནང་འདྲ་སྐུ་མཐོ་ཚད་ཨང་གསུམ་པའམ་བཞི་བ་ཟིན་ཡོད་ཚོད་རེད། དེ་ཇི་ལྟར་བཞེངས་པ་རེད་ཟེར་ན། ཧྥ་རན་སིའི་ཧྥུ་རེས་ཌེ་རིག་ཨའོ་གྷོ་སི་ཐྲེ་བྷ་ཐོལ་ཌིས་Frederic Auguste Bartholdi,གཙོ་སྐྱོང་གིས་ཁྲོ་ཆུའི་ལྕགས་སྡོང་གི་འཆར་འགོད་པ་སྐུ་ཞབས་གྷུ་སི་ཐྲ་ཝེ་ཨེ་ཧྥེལ་ Gustave Eiffel དང་མཉམ་འབྲེལ་གྱིས་འདྲ་སྐུ་དེའི་འཆར་བཀོད་འཐེན་པ་ཡིན་ལ། ད་དུང་ཧྥ་རན་སིའི་ཁྲིམས་ལུགས་དང་ཆབ་སྲིད་ཀྱི་ཆེད་མཁས་པ་སྐུ་ཞབས་ཨེ་ཌོར་ཌི་རེ་ནེ་ཌེ་ལཱ་བྷོ་ལ་ཡེ་Edouard Rene de Laboulaye, ལགས་ཀྱི་བསམ་བློའི་སློབ་སྟོན་ལ་བརྟེན་ནས་བྷ་ཐོལ་ཌི་ལ་འདྲ་སྐུ་དེ་བཞེངས་པའི་བློ་སྤོབས་རྙེད་པར་བཤད།
ལཱ་བྷོ་ལ་ཡེ་ལགས་ཀྱིས་ཕྱི་ལོ་ 1865. ལོར་ཨ་རིའི་རང་བཙན་དྲན་རྟེན་དུ་བསླངས་པ་ཞིག་གི་ངོས་མཆན་བཏབ་དོན། ཨ་རིའི་རང་བཙན་རྩོད་ལེན་ཐད་ཨ་རི་དང་ཧྥ་རན་སིའི་མི་དམངས་འོས་འཚམས་ཀྱི་མཉམ་རུབ་གནང་དགོས་པའི་བླང་བྱ་བཏོན་པར་མ་ཚད། ཨ་རིའི་ནང་འཁྲུག་ཐད་བྲན་གཡོག་ལམ་ལུགས་མཇུག་བསྒྲིལ་མཐུན་འགྲིག་གི་ཁེ་ཕན་ལ་ཆེ་བསྟོད་གནང་། དེར་བརྟེན་ནས་ཧྥ་རན་སིའི་ནང་ཆབ་སྲིད་ཀྱི་དཀའ་རྙོག་ལྷགས་པར་ཤོད་སྲོལ་ཡོད།
འདྲ་སྐུའི་ལས་གཞི་དེ་ཕྱི་ལོ་1870. ལོའི་མགོ་སྟོད་བར་འགོ་འཛུགས་ཐུབ་མེད། 1875. ལོར་འདྲ་སྐུ་དེའི་འགྲོ་གྲོན་ཐད་ཧྥ་རན་དངུལ་ལོར་གྱི་འཛའ་ཐང་ལ་རྩིས་བརྒྱབས་ཏེ། ལས་གཉེར་བ་བསྐོ་བཞག་གིས་ལས་གཞི་འཆར་འགོད་དང་སྟེགས་བུ་འཛུགས་སྐྲུན་བྱས། སྐུ་དེ་བཞེངས་ས་ངོ་མ་ཧྥ་རན་སིའི་རྒྱལ་ས་ཕ་ར་སི་ Paris,ཡིན་ལ། ཕྱག་གི་དཔལ་འབར་དེ་ཨ་རི་པར་རང་བཙན་ཐོབ་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་སྟེ། ཕྱི་ལོ་1876 ཟླ་7. ཚེས་4. ཉིན་སྒྲིག་གཤོམ་བགྱིས་པ་དང་། ཕྱི་ལོ་1885. ལོར་འདྲ་སྐུ་དེ་གྲུ་གཟིངས་ནང་ཨ་རིར་དབོར་འདྲེན་བྱས།
དེའི་རྒྱུ་མཚན་གྱིས་ཧྥ་རན་སིའི་མིས་ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ལ་ཕུལ་བའི་ལེགས་སྐྱེས་རིན་ཐང་བྲལ་ཞིག་ཡིན་པར་འདོད། དེ་བཞེངས་དུས་ཨ་སྒོར་ཉིས་འབུམ་ལྔ་ཁྲི་ལྷག་འགྲོ་གྲོན་བཏང་བ། དེང་དུས་ཨ་སྒོར་གྱི་འཛའ་ཐང་ལ་ཕབ་ན་ས་ཡ་མང་པོ་རི་བ་གོར་མ་ཆག ཕྱི་ལོ་1901.ལོའི་བར་འདྲ་སྐུ་དེ་ཨ་རིའི་འོད་སྣང་ཁང་ལྷན་ཚོགས་the United States Lighthouse Board, ཀྱི་ལྟ་སྐྱོང་འོག་གནས་པ་དང་། དེ་ནས་ཨ་རིའི་དམག་དོན་སྡེ་ཚན་the Department of War,གྱིས་འགན་བླངས། 1933. ལོ་ནས་བཟུང་རྒྱལ་ཡོངས་སྐྱེད་ཚལ་སྲི་ཞུ་ཁང་the National Park Service,གིས་ལྟ་སྐྱོང་བྱས་ཡོད།
1938. ལོ་ནས་ 1980.ལོའི་བར་འདྲ་སྐུ་དེ་བསྐྱར་གསོའི་ཆེད་དུ་སྒོ་བརྒྱབས་པར་སྣང་། 2011.ལོའི་ཟླ་9.ཚེས་11.ཉིན་ནེའུ་ཡོག་ཏུ་གཏོར་རྒོལ་དོན་རྐྱེན་བྱུང་རྗེས་འདྲ་སྐུ་དེའི་དཔལ་འབར་དང་ནང་ལོགས་བཟོ་བཀོད་ཀྱི་ཆ་ཤས་མང་པོ་བརྗེ་བོ་བརྒྱབས་པར་མ་ཟད། ཉེན་འགོག་འགན་ལེན་ཆེད་ལོ་ངོ་དུ་མའི་རིང་སྒོ་གཏན་དགོས་པ་བྱུང་། 1984.ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་རིག་དང་རིག་གཞུང་སློབ་གསོའི་ཚོགས་པས(UNESCO) འདི་ལོ་རྒྱུས་ལྡན་པའི་གནའ་ཤུལ་རིག་དངོས་སྲུང་སྐྱོབ་གྲས་སུ་བདམས་པའོ།།
2011ལོའི་ཟླ་9 ཚེས་11. ཞེས་པ་ 2001 ལོའི་ཟླ་ 9 ཚེས11ལ་བཅོས་རོགས།
ཐུགས་རྗེ་ཆེ། ཐེ་བོ་སངས་རྒྱས་ཀྱིས།
བཀྲིན་ཆེ་ཞུའོ།
2011.ལོའི་ཟླ་9. ཚེས་11.ཉིན་ནེའུ་ཡོག་ཏུ་གཏོར་རྒོལ་ཞེས་པ་ 2001.ལོའི
ཟླ་ 9. ཚེས་11ལ་བཅོས་རོགས།
ཐུགས་རྗེ་ཆེ། ཐེ་བོ་སངས་རྒྱས་ཀྱིས།
བཀྲིས་ཆེ་ཞུ་ཡ། དཔེ་ཡག་པོ་བྲིས་གདའ།
༼རང་དབང་ལྷ་མོའི་སྐུ་བརྙན་Statue of Liberty༽ རང་དབང་གི་སྒེང་ལ་ལྷ་མོ་ཞིག་ཡང་བརྒྱབས་འདུག། ཨ་ཙེ་ཨ་ཙེ། མྱི་འདི་ཚོའི་རྟ་ཁ་ལ་འཐེན་རྒྱུ་ཟིག་མེད་ནོ་ཅི་རེད། ཧ་ཧ་ཧ།
ང་ཤེས་ནི་ཟིག་མིན་ཐལ། Statue of Liberty ཟེར་ན་(བཅིང་གྲོལ་མའི་སྐུ་བརྙན་)ཞུ་བ་ཡིན་པ་རེད། དེ་མིན་ད་དུང་འདྲ་སྐུ་འདྲ་སྐུ་ཟེར་བ་མང་པོ་ཞིག་བྲིས་འདུག། འདྲ་སྐུ་ཡིན་ན། གཙོ་མོ་སུ་ཞིག་ལ་འདྲ་བའི་སྐུ་རུ་བཞེངས་བ་རེད། ཐུགས་རྗེ་ཆེ།
གོང་གི་མཆན་ཆག་གི་ནང་གི་སྒང་ལ་འགྲེང་བུ་སྣོན་མ་ཞིག་ཤོར་འདུག། སུབས་རོགས་ཞུ།
རང་དབང་ལྷ་མོ་ཟེར་དོན་དེ་རྒྱ་ནག་གི་སྐད་ནས་ཐད་བསྒྱུར་བྱས་པ་ཡིན། རྒྱ་སྐད་ཀྱིས་སྐུ་འདྲ་དེར་自由女神་ཞེས་བསྒྱུར་ཡོད་པ་དེ་བོད་ནང་གི་སྒྲ་སྒྱུར་ཚོས་ཐད་ཀར་རྒྱ་ཡིག་ནས་ཚུར་བསྒྱུར་བ་རེད། དོན་དམ་གྱི་འགྱུར་ལ་ཨ་རིའི་སྒྲོལ་མ་ཞེས་བསྒྱུར་ན་དོན་ལ་གནས་སོ།