སྐྱོ་བྲག་དགའ་དབང་།
ཀྱེ་མ། བློ་གྲོས་ཀྱི་མིག་བུ་ཕྲ་མོ་དེས། རང་རེའི་ཐོག་ཏུ་ལྷུང་བའི་རྒྱུ་རྐྱེན་ལ་ལན་གཅིག་ལྟོས་དང༌། འཁྱམས་གྲོགས་ལགས། རང་ཉིད་འཚར་ལོང་བྱུང་བའི་ཕ་ཡུལ་ནི་ཤི་བའི་བེམ་ཤེས་བཞིན་བྲལ། སྙིང་ནས་ཕན་པར་འདོད་པའི་མཛའ་གྲོགས་གཉེན་བཤེས་ནི་མགྲོན་པོའི་ཐབ་རྡོ་བཞིན་ལུས། ཡུན་རིང་གོམས་འདྲིས་བྱུང་བའི་བཟའ་བཏུང་ནི་རི་བོང་གི་རྭ་བཞིན་མེད། སྐད་རིགས་དང་གཤིས་སྤྱོད་མི་གཅིག་པའི་ཡུལ་དུ་ནི་བར་དོའི་རྣམ་ཤེས་བཞིན་བསླེབས། ཐ་ན་ཉིན་རེའི་འཚོ་བ་ཡན་གྱི་དཀའ་ངལ་ནི་སྤྲིན་མེད་ཀྱི་ཐན་པ་བཞིན་འཕྲད། མགོ་སྐོར་དང་བསླུ་བྲིད་བྱེད་མཁན་ནི་ས་གཞིའི་རྡུལ་བཞིན་མང༌། ཕན་གྲོགས་དང་ལམ་སྟོན་བྱེད་མཁན་ནི་ཉིན་མོའི་སྐར་མ་བཞིན་ཉུང༌། སྤྱི་ཚོགས་ཀྱི་གནས་སྟངས་འགྱུར་ལྡོག་ནི་གཉན་ནད་ཀྱི་འབུ་བཞིན་སླ།
འདི་བྱ་འདི་བྱེད་ཀྱི་ཚོད་འཛིན་ནི་ལོང་བ་ཐང་དཀྱིལ་དུ་ལུས་པ་བཞིན་མ་ཤེས། བརྙས་བཅོས་དང་འཕྱ་སྨོད་ནི་ཉེས་ཆེན་བརྩོན་དོང་དུ་ལྷུང་བ་བཞིན་བྱེད། མགོ་བདེ་དྲན་འཕྲུལ་མང་བའི་རྗེས་སྙེགས་ནི་འཇའ་རྗེས་སུ་སོང་བ་བཞིན་མ་ཐུབ། ལས་མང་ཁུར་གྱིས་ནི་ཚོང་འདྲེན་གྱི་བོང་བུ་བཞིན་དུབ། དེ་ལ་སོགས་པའི་རྒྱུ་རྐྱེན་རྣམས་བོས་པའི་མགྲོན་བཞིན་འདུས་པ་ན། སྐྱོ་གདུང་གི་མེ་ལྕེ་དྲག་ཏུ་འཕྱུར་བ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན་པས་རང་རེ་ཡང་འདའ་གར་ཐུབ།
དེས་ན་རང་རེའི་སྐྱོ་གདུང་ནི། ནམ་མཁའ་བས་རྒྱ་ཆེ། རི་བོ་བས་དཔངས་མཐོ། རྒྱ་མཚོ་བས་གཏིང་ཟབ། དུས་མེ་བས་ངབ་ཚ། སྤུ་གྲི་བས་སོ་རྣོ་བ་ཞིག་ཅིས་མ་ཡིན། ཡིན་ན་ཡང་ད་བར་སྲོག་གི་བལ་སྐུད་ཕྲ་མོ་དེ་མ་ཆད་པར་གནས་ཐུབ་པ་ནི་ཅི་འདྲའི་ངོ་མཚར་དང་ཡ་མཚན་ཆེ་བ་ཞིག་མ་རེད་དམ། འཁྱམས་གྲོགས་ལགས། ལར་འཁོར་བ་ནི་ཅི་འདྲའི་ཁྱད་མཚར་བ་ལ།
ཡུལ་ཤེས་འབྲེལ་བའི་དབང་པོ་རེ་རེའི་ཡུལ་དུ་སྣ་ཚོགས་རྣམ་བཀྲའི་བཀོད་པ་རེ་རེ་ཤར། །
དངོས་མེད་སེམས་ཀྱི་འགྱུར་འགྲོས་རེ་རེའི་སྣེ་ལ་བཟང་ངན་སྒྱུ་མའི་མདུད་པ་རེ་རེ་བཏབ། །
བདེ་སྡུག་ཚོར་བའི་རླུང་ཤུགས་རེ་རེ་འཚུབ་པས་དགའ་སྐྱོའི་མེ་ལྕེའི་རླབས་ཀྱང་རེ་རེ་སྤར། །
འདོར་ལེན་སྲེད་པའི་བྱ་བ་རེ་རེར་ཞུགས་ཏེ་བཟོད་དཀའི་སྡུག་བསྔལ་ཁུར་ཆེན་རེ་རེ་བླངས། །
དེའི་ཕྱིར་འཁྱམས་གྲོགས་ལགས།
འདི་ལྟའི་སྣང་ཚུལ་མ་ངེས་རླུང་ཁྲོད་དུ། །
དགའ་བདེའི་གོ་སྐབས་ཤིན་ཏུ་ཕྲ་ན་ཡང༌། །
ཞེན་ཆགས་འཕྲུལ་ཞགས་དམ་པོས་མ་བཏང་བར། །
སྣ་མང་ལས་ལ་མི་བརྩོན་སྡོད་ཐབས་ཅི། །
ཞེས་ཀྱང་སྨྲའོ། །
མཁན་པོ་ཚང་གིས་ཡག་པོ་གསུང་འདུག སེམས་ལ་ཕན་ཐོག་སོང་། ཡིན་ན་ཡང་ལྕགས་མོ་མཚོ་ལ་འཕྲིན་གཏམ་དེ་ཚོས་ཕོ་བླ་བཙོང་མ་སོང་ངམ། ཀུ་རེ་ཡིན་གདའ།
ཆེས་རྒྱང་རིང་གི་མི་ཡུལ་གྲུ་ཁ་ནས་ང་ཡང་ཁྱོད་དང་མཚུངས་པར་འཚོ་བ་ཐབ་ཆགས་ཞིག་རོལ་བཞིན་ཡོད་པས་སྐུ་ཉིད་ཀྱི་རྩོམ་ཡིག་དེས་སེམས་པ་ཡོམ་ཡོམ་འགུལ་བཅུག་སོང་། རང་གི་བྲི་རྩལ་དེར་དགའ་སྣང་སྐྱེས། ཡིད་སྨོན་ཡང་ཤོར། ལས་དབང་ལ་བསམ་ཞིག་ཐེངས་གཅིག་བགྱིས་དགོས་བྱུང་། ཨོ་ང་ཚོ་དེ་ག་རང་གིས་མི་ཚེ་འགྲིམ་དགོས་པ་ཡིན་ནམ།
དཀའ་བ་ངོས་ཟིན་གོ་མཚོན་ཞིག །སླད་ཀྱང་རྡོ་ལྟར་དམ་བཅས་པས། །ཟང་ཟིང་རླུང་འཚུབ་ཕུ་རུ་བརྡབ། །ཞེན་མེད་མདའ་བཀན་བཞིན་དུ་བསྐྱོད།