རེབ་ཐོག་མདའ།
སྐྱེ་རྒ་ན་འཆི་འཁོར་བའི་གཤིས་སུ་གྲུབ།།
ལས་དང་ཉོན་མོངས་སྒྱུ་མའི་རང་བཞིན་ཉིད།།
བདེ་སྡུག་ཚོར་བས་གྲུབ་པའི་མྱི་ཚེ་འདི།།
ཞིབ་ཏུ་བསམ་ན་མཚན་གྱི་རྨི་ལམ་བཞིན།།
སྲིད་པའི་འབྱོར་བ་མི་རྟག་གློག་གི་གར།།
འཁོར་བའི་ཕུན་ཚོགས་འདུ་བྱེད་ལས་ཀྱི་འབྲས།།
གཅིག་ལ་གཅིག་བརྟེན་འཚོ་བའི་གནས་ལུགས་འདི།།
ཡང་ཡང་བསམ་ན་སྡུག་གི་འཁུར་བོ་ཅིག །
རང་དོན་ཕལ་བ་གཞན་དོན་གཙོ་བོར་སེམས།།
རྒྱལ་སྲས་དམ་པའི་སྤྱོད་པར་འཇུག་ན་ཡང་།།
བདག་གཞན་མཉམ་བརྗེ་བསྐྱེད་པའི་བློ་ཕྲ་མོ།།
བསྐྱེད་ནས་སེམས་ཅན་བདེ་ལ་འགོད་པར་ཤོག །
སྲིད་འབྱོར་རིག་གསུམ་རྒྱས་པའི་ལོངས་སྤྱོད་ཀྱིས།།
མྱི་ཡི་འདོད་འདུན་རེ་ཞིག་འགྲུབ་ན་ཡང་།།
ཚེ་རབས་ཀུན་ཏུ་བདེ་བའི་ལམ་སྟོན་པོ།།
ནང་བསྟན་གཞུང་ལ་ངེས་ཤེས་ཐོབ་པར་ཤོག །
ཉོན་མོངས་དུག་གིས་བསྒྲིབས་པའི་རིགས་དྲུག་འགྲོ །
འཁོར་བའི་སྡུག་གི་བྲན་དུ་གྱུར་ན་ཡང་།།
གནས་སྐབས་བདེ་བས་ཚིམས་པར་རྨོངས་པའི་བློ།།
སེལ་བའི་སྒྲོན་མེ་ལན་ཅིག་འཆར་བར་ཤོག །
མི་རྟག་དངོས་པོ་ཆོས་ལ་སེམས་འཁྲེན་ནས།།
ཚེ་རབས་མང་པོར་སྡུག་གིས་མནར་ན་ཡང་།།
སྐྱེ་བ་ད་ལན་དམ་པའི་གསུང་ཆོས་ལ།།
མཇལ་ནས་གནས་ལུགས་ཟབ་མོ་རྟོགས་པར་ཤོག །
དགེ་བའི་ཆོས་ལ་གཡེང་བའི་ལུས་སེམས་འདི།།
འཇིག་རྟེན་བྱ་བཞག་དོན་དུ་འདུར་འདུར་ནས།།
མཐའ་མར་གྲོགས་མེད་གཅིག་པུ་འགྲོ་བའི་དུས།།
དཀོན་མཆོག་གསུམ་གྱིས་རྗེས་སུ་འཛིན་པར་ཤོག །
མར་གྱུར་སེམས་ཅན་སྡུག་གིས་མནར་མཐོང་ཡང་།།
ཚེ་འདིའི་གཉེན་ལ་དགའ་བའི་འཛུམ་ཀྱིས་བསུས།།
དགྲ་གྲོགས་ཁྱད་མེད་འཛིན་པའི་བྱང་ཆུབ་སེམས།།
ལན་ཅིག་རྒྱུད་ལ་བསྐྱེད་ནས་གྲོགས་བྱེད་ཤོག །
སྟོང་ཉིད་ལྟ་བ་རྟོགས་པའི་བློ་གྲོས་ཀྱིས།།
བདག་འཛིན་ལྟ་བས་སྦགས་པའི་སྨྱོན་སེམས་འདི།།
ཉོན་མོངས་དུག་གི་མཚོ་ལས་ཐར་གྱུར་ཏེ།།
རྒྱལ་བའི་བསྟན་དང་འབྲལ་མེད་གནས་པར་ཤོག །
མདོར་ན་སེམས་ཅན་རིགས་སུ་སྐྱེས་ན་ཡང་།།
སྐྱེ་རྒ་ན་འཆིས་གྲུབ་པའི་འཁོར་བ་ནས།།
ཉོན་མོངས་སྡུག་གིས་རང་སེམས་གཟིར་གྱུར་ཀྱང་།།
མ་རྒན་འགྲོ་རྣམས་སྡུག་ལས་སྐྱོབ་པར་ཤོག །
རྒྱལ་སྲས་སྤྱོད་པར་འཇུག་པའི་རིམ་པ་ནས།།
བདག་གིས་ངེས་ཤེས་ཅུང་ཙམ་རྙེད་པ་འདིས།།
ཚེ་རབས་ཀུན་ཏུ་སེམས་ཅན་དོན་བསྒྲུབ་ཕྱིར།།
རྒྱལ་སྲས་སེམས་དཔའི་རྗེས་སུ་འཛིན་པར་ཤོག །
ཅེས་པ་འདི་ཕྱི་ལོ་༢༠༡༤ ལོའི་ཟླ་༧ ཚེས་༢༩ ཉིན་གནས་མཆོག་རྡ་རམ་ས་ལར་འབོད་པའི་རི་དྲུང་དེ་ནས་རེབ་ཐོག་མདས་བྲིས།
རྗེས་སུ་ཡིད་རང་ངོ་
རབ་མདའི་སོར་མོ་ངག་གི་དབྱངས་ལ་འགྲོགས།
ཆོས་ཀྱི་སྤྱོད་བ་སེམས་ཀྱི་གནས་ལ་བབས།
དོན་ཡོད་གསོལ་འདེབས་ཚོར་བ་དྭངས་མ་སོགས།
སྙན་མོའི་ཚིག་ལ་དྲང་བ་མ་མཇལ་འགོར།
གནས་མཆོག་རྡ་སའི་ཆོས་གྲོང་ཆུང་ཆུང་ན།
གཞོན་སྐྱེ་ཆོས་སེམས་ཅན་གྱིས་ཕྱག་སྐོར་བྱེད།
དེ་ལས་འཕགས་པའི་ཤེས་རབ་བཀྲ་བ་ཚོས།།
བཀའ་བསྟན་སྤྱོད་འཇུག་སོགས་ལ་ཐོས་བསམ་བྱེད།
སྡུག་བསྔལ་བཅོམ་པར་ཆོས་ཀྱི་རྩ་བ་དགོས།
ཁ་རྒྱབ་ཚིམས་པར་འཁོར་བའི་རྩ་བ་དགོས།
རྩ་བའི་རྩེ་མོར་ཐར་བའི་ལས་ཅན་ཚོགས།
རྒྱལ་བསྟན་འཁོར་བར་མཐའ་གཉིས་སྤོངས་བར་ཤོག།
རང་གཞན་བདེ་འདོད་མཚུངས་པ་དང་། །
རང་གཞན་སྡུག་བྲལ་འདོད་མཚུངས་ཀྱིས། །
རང་གཅེས་གཞན་གཅེས་བརྗེ་བ་འདི། །
རང་གཞན་ཀུན་གྱི་སྙིང་ཆོས་ལགས། །
བཀླགས་ཚར་ཡིན། བློ་ལ་མ་བབས་ཐལ། རེབ་མདའ་ལ་ཡར་རྒྱས་ཀྱི་རྣམ་པ་འདུག
སྤྱོད་འཇུག་བཀླགས་ན་སྙིང་རྗེ་འཕེལ། དབུ་འཇུག་བཀླགས་ན་སྟོང་ཉིད་འཕེལ་ཟེར་བ་ལྟར་ད་རེབ་ཐོག་མདའ་ལགས་དེའི་རྗེས་ལ་དབུ་མ་འཇུག་པ་ཐེངས་གཅིག་གཟིགས་དང་། དེ་ནས་རི་ལ་ཉམས་ལེན་ལ་ཕེབས་ཆོག་ཡིན།
ཡག་པོ་བྲིས་འདུག མུ་མཐུད་ནས་ཤུགས་རྒྱོབ།
བཀྲ་ཤིས་བདེ་ལེགས
སྟོང་ཉིད་སྐོར་ལ།
རིགས་པས་རྩད་པའི་བདག་མེད་མ་ཡུམ་དེ།
མྱོང་བས་གྲུབ་པའི་སྟོང་ཉིད་བུ་ལ་སྦྱར།
ཟབ་ཞི་སྤྲོད་བྲལ་འོད་གསལ་བདུད་རྩིའི་ཆུས།
སྒྱུ་མ་ལྟ་བུའི་ཏིང་འཛིན་རྟོགས་པར་ཤོག