ཏཱ་ནི་ཆོས་གྲགས།
༼ཁག་ལྔ་བ།༽
ཚོར་བའི་ཕྱིར་མིག་ཁུག་རྟའི་གཤོག་འགྱུར་ཅན།།
དྲན་ཤེས་གཟེབ་ལས་འཕུར་སོང་བྱ་ཁུ་ལོ།།
སྐར་མའི་མེ་ཏོག་མཚོ་ལས་བཏུས་པ་ནི།།
དབྱངས་ཀྱི་སྐུད་པར་བརྒྱུས་ཡོད་བྱ་ཁུ་ལོ།།
མཁའ་མཐའི་ཚེས་རིས་ཕྲག་པར་བཀལ་ནས་ནི།།
དོ་ནུབ་ཁྱོད་ལ་བསྐུར་འདོད་བྱ་ཁུ་ལོ།།
ལང་ཚོའི་དབྱར་ཟླ་དང་བོ་ཤར་དུས་ན།།
བརྩེ་བའི་གྲེ་འགྱུར་ཐོས་སམ་བྱ་ཁུ་ལོ།།
ལུས་སྐྱེས་མེ་ཏོག་རེ་རེས་ལྡེམ་ལྡེམ་གྱིས།།
འབོད་པའི་རྣམ་འགྱུར་མཐོང་ངམ་བྱ་ཁུ་ལོ།།
ཟེར་སྒྲོས་ཁ་ཆར་འབྱོ་བའི་ནགས་ཀློང་དུ།།
སྒྲོ་སྤུའི་མཉེས་གཤིན་མཐོང་ངམ་བྱ་ཁུ་ལོ།།
ནགས་ལ་ཉམ་ང་ལྷུང་བའི་སྟོན་མཇུག་ཏུ།།
དགུན་གྱི་ཚང་མལ་སྙེགས་སོང་བྱ་ཁུ་ལོ།།
ཚང་ལ་དྲོད་ཁོལ་འཛོམས་མིན་ཐོས་མ་བྱུང་།།
བྱ་བརྒྱས་གཤོག་འཛིང་རྒོད་དམ་བྱ་ཁུ་ལོ།།
གཉོམ་པོའི་གཤོག་འགྱུ་ཕྱི་ལ་བསྒྱུར་པའི་ཚེ།།
སྨྲེང་བས་སེམས་ཁ་གཅུས་སམ་བྱ་ཁུ་ལོ།།
རྒྱུས་མེད་སྐད་བརྡ་མ་འཕྲོད་ཁག་ཨེ་བྱུང་།།
འཕུར་བའི་མཁའ་ལམ་ཡངས་སམ་བྱ་ཁུ་ལོ།།
འགྲོ་འདུག་གོམ་ཁ་རང་ལ་མི་དབང་བར།།
བདག་པོའི་ཁ་ཁྲིམས་བཙན་ནམ་བྱ་ཁུ་ལོ།།
སུ་རུའི་མེ་ཏོག་འཁྲིགས་པའི་རྫ་རི་ཞིག།
དྲན་པས་མིག་ཆུ་བཏང་ངམ་བྱ་ཁུ་ལོ།།
ཤར་གྱི་རི་ལ་འཁྱུད་པའི་སྨུག་སྤྲིན་དེར།།
ཕྱིར་མིག་ཐེངས་གཅིག་གནང་ངམ་བྱ་ཁུ་ལོ།།
མཚན་གྱི་རྨི་ལམ་རྐུ་བའི་དབྱངས་རྟ་རེས།
ཐོས་འཛིན་སྒོ་གླེགས་བརྡུངས་སམ་བྱ་ཁུ་ལོ།།
དུངས་སེམས་སྨུག་པ་ས་ལ་ལྷུང་ཐེངས་རེར།།
ཁྲེལ་དགོད་བྲག་ཅར་བསྐྱིལ་ལམ་བྱ་ཁུ་ལོ།།
སྟོན་མཇུག་ཤིང་བལ་ལྡིང་བའི་སྐྱོ་ཉམས་ལས།།
འཁྲེང་ཞེན་གཞས་གདངས་ཐོས་སམ་བྱ་ཁུ་ལོ།།
ངག་གི་ལྕུག་ཕྲན་འཁྲིགས་པའི་ཚལ་ཞིག་ཏུ།།
བྱུ་རུའི་སྡོང་བོ་བཙུགས་ཡོད་བྱ་ཁུ་ལོ།།
བཙོ་སྦྱང་རིག་པས་བརྡུངས་པའི་གདུ་བུ་ཞིག།
མཚོ་ཞབས་གཏེར་དུ་སྦས་ཡོད་བྱ་ཁུ་ལོ།།
ཆིག་ཐུབ་བརྩེ་བ་འཁུར་བའི་སྙན་ངག་འདི།།
གཡུ་སྒྲོའི་ལྟེབ་ལ་བསྣམ་རོགས་བྱ་ཁུ་ལོ།།
༢༠༡༢ ། ༠༩ ། ༠༥ ཉིན་པེ་ཅིན་དུ་བྲིས།
དངོས་གནས་སྙན་པོ་བྲིས་འདུག