རེབ་ཐོག་མདའ།
—–མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསུང་རྩོམ་འགའ་བཀླགས་པའི་ཚོར་སྣང་།
རྨོངས་པའི་མུན་པ་སེལ་བའི་སྒྲོན་མེ་ཅིག །
བྱང་ཕྱོགས་བོད་ཀྱི་སྡེ་ལ་བསྒྲོན་ན་་ཡང་།།
རྒྱང་མཇལ་མིག་ཟུང་བོར་བའི་ཀླད་མེད་འགས།།
དཀར་བོ་འོད་ལ་རིན་ཐང་མེད་འདི་སྐྱོ།།
རིག་པ་འབྱུང་བའི་གྲོང་དུ་གྲགས་པ་ཡི།།
ལྷོ་རྒྱུད་རྨ་ཀླུང་རིང་མོའི་ཕ་རོལ་ནས།།
སྙན་པ་གླིང་འདིར་གྲགས་པའི་སྐྱེས་ཆེན་མཆོག །
བདག་གི་ཡབ་མེས་དམ་པ་དགེ་ཆོས་དྲན།།
བླ་བྲང་དྷི་ཚ་སྨད་ཀྱི་ཆོས་སྡེ་དང་།།
དབུས་ཀྱི་ལྷ་སའི་འབྲས་དཀར་སྤུངས་པ་ནས།།
ཐུབ་བསྟན་གཞུང་ལ་རིགས་པས་དཔྱད་མཛད་མཁན།།
རྣམ་དཔྱོད་རིག་པའི་དཔའ་བོ་དགེ་ཆོས་དྲན།།
འཕགས་ཡུལ་ལོ་ཙྰ་ར་ཧུ་ལ་དང་ལྷན།།
ནུབ་ཀྱི་ཡུལ་ལུང་བལ་བོ་སིང་གཱ་ལར།།
ཁ་བའི་དོན་དུ་དཀའ་བ་སྤྱད་མཛད་པའི།།
རྒྱ་བོད་ལོ་ཙཱ་ཆེན་མོ་དགེ་ཆོས་དྲན།།
སྒྲ་དང་ཡི་གེ་མཁས་པའི་ངག་ན་ཕྱུག །
སྲིད་འབྱོར་རིག་པ་རྟོགས་པའི་སེམས་དེ་མངའ།།
སྔོན་ཐོན་བསམ་བློ་གསར་བའི་མིག་ཟུང་ཅན།།
གནའ་དེང་རིགས་པའི་གཏེར་གྱུར་དགེ་ཆོས་དྲན།།
སྐད་རིགས་སྣ་འཛོམས་སྨྲ་བའི་ངག་དང་ལྡན།།
གསར་རྙིང་ལམ་སྲོལ་ལེགས་ཉེས་འབྱེད་མཁས་པ།།
ཕྱི་གཟུགས་རྙིང་བ་བསམ་བློ་གསར་བ་ཅན།།
རིགས་པའི་དཔའ་བོ་དགེ་ཆོས་སྙིང་ནས་དྲན།།
རྒྱལ་ཁམས་ཡུལ་ལུང་བསྐོར་བའི་འགྲུལ་བཞུད་པ།།
སྲིད་འབྱོར་ལོངས་སྤྱོད་དབེན་ཡང་རིག་པའི་གནས།།
སྙན་དང་གྲགས་པའི་རྗེས་སུ་མ་འབྲངས་པར།།
རང་གི་རིགས་ལ་ཕུལ་བའི་དགེ་ཆོས་དྲན།།
རྙིང་བ་ལྷ་རུ་མཐོང་བའི་སྐུ་དྲག་འགས།།
གསར་བའི་བློ་ཡིས་གྲུབ་པའི་བསམ་བློ་བ།།
རྨོངས་དད་ཟབ་མོས་བརྐོས་པའི་བག་ཆགས་ཀྱིས།།
དབང་སྔོན་བུམ་པ་ས་ལ་བརྡབ་འདིར་སྐྱོ།།
གྱེས་བྲལ་ལོ་ཟླ་ཅུང་ཙམ་སྔ་དྲགས་པས།།
སྐྱེས་ཆེན་མིག་གིས་རྗེས་སུ་མ་ཟིན་ཀྱང་།།
ཁྱོད་ཀྱི་རིགས་པས་དཔྱད་པའི་ལག་རྗེས་དག །
བདག་གི་བསམ་བློ་འབྱེད་པའི་ལྡེ་མིག་ཉིད།།
དགེ་ཆོས་བོད་ཀྱི་བླ་སྤྲུལ་རེད། །
དགེ་ཆོས་བོད་ཀྱི་མཁས་དབང་རེད། །
དགེ་ཆོས་མཁས་པའི་མེས་པོ་རེད། །
དགེ་ཆོས་གསར་གཏོད་མཁན་པོ་རེད། །
ཤེས་རབ་རིག་པ་རྙེད་སའི་ཆོས་གྲ་ལ།།
དྲིན་ལོག་ཚིག་ལོག་བྱས་ནས་རང་ལུགས་དོད།
གོ་ཐོས་ཤེས་བ་སྐུ་དྲག་མདུན་ནས་ངོམས།
ལྷ་ས་དག་པའི་ཞིང་ནས་རང་གིས་མྱངས།
རྒྱལ་སྲིད་སྲུང་བའི་གཡོ་སྟོབས་མ་ཤེས་པར།།
མི་རྒྱུས་མེད་རུང་དཔེ་རྒྱུས་ཡོད་འདོད་ནས།
སྐུ་དྲག་མི་དྲག་རིག་གནས་ཅན་ལ་སྐུལ།
གསར་རྙིང་བརྗེས་ན་རྗེས་ཤིག་ཆོད་ཀི་འདོད།
མི་རྒྱུ་འབྱོར་བའི་རྒྱབས་རྩ་མ་ཡོད་པར།།
དཔོན་སའི་ཚབ་ལ་དུང་ས་ནག་ཁུང་དེར།
ཐེངས་གཅིག་གཡུག་པར་ཞེ་སྡང་མ་བཟོད་པས།
ཆང་དུད་ཚད་མེད་རུམ་པའི་གློ་བ་རུལ།
ཁ་ལྟ་སྲབ་འཛིན་མེད་པའི་ཅོལ་ཆུང་ཚོ།།
རིག་པ་བྲག་ལ་བརྡབས་ནས་འགྲོ་དགོས་བ།།
བསམ་ཞིང་བསམ་ན་སྐྱོ་ཡང་སྐྱོ་ནི་འདྲ།
མཁས་བ་ཡིན་མིན་དོགས་པ་ཟ་ནི་འདྲ།
ཆགས་བ་འབར་དུས་རྒན་གཞོན་སུ་ཡིན་མེད།
ལག་ལ་རག་ཚད་ལམ་ནས་ཐུག་ཚད་ལ།།
ལུས་ཀྱི་སྡོམ་པ་ལག་གི་གྲྭ་རྐྱང་དཀོར།།
ཕྱོགས་སུ་གཏོར་མཁས་ཡིན་པར་དོགས་པ་མེད།
དགེ་ཆོས་བཀླགས་འབྲས་ལ་བདེན་ཆ་འབྱོར་འདུག