རིན་ཆེན་དབང་རྒྱལ། (རྡ་ས་རིགས་སློབ།)
གཞི་རྩའི་ཆ་ནས་སངས་རྒྱས་ཆོས་དང་ཡི་ཤུའི་ཆོས་གཉིས་ཀྱང་ཆོས་ལུགས་ཀྱི་ཆ་ཤས་རེ་ཡིན་སྟབས་དད་པ་དང་དམ་ཚིག་སོགས་ཆ་ཤས་རེ་ཟུང་འདྲ་བའི་ཆ་ཡོད་མོད། འདིར་དེ་གཉིས་ངོ་བོ་བྱེད་ལས་རྒྱུ་གསུམ་གའི་སྟེང་ནས་བསྡུར་བ་བྱེད་འདོད་པས་མི་ཤེས་རྨོངས་པས་བསྒྲིབས་པ་དག་ལ་དགོངས་སེལ་ཡོད་པ་ཞུའོ།།
སྣོད་བཅུད་དཀོན་མཆོག་གི་བཀོད་པ་ནི་ཡི་ཤུའི་ཆོས་ཀྱི་རྩ་བའི་འཇིག་རྟེན་ལྟ་ཚུལ་ཡིན་ལ། སྣོད་བཅུད་རང་གི་མཐུན་པའི་རྒྱུ་ལས་སྐྱེས་པ་ནི་སངས་རྒྱས་ཆོས་ཀྱི་གཞི་རྩའི་འཇིག་རྟེན་ལྟ་ཚུལ་ཡིན། འདི་གཉིས་གདོད་མའི་མི་ཡི་བསམ་བློ་ལས་སྐྱེས་པ་གཅིག་པས་འབྱུང་ཁུངས་ཀྱི་ཆ་ནས་འདྲ་ཡང་། ངོ་བོའི་ཆ་ནས་མི་འདྲ་སྟེ། ཡི་ཤུའི་ཆོས་ཀྱིས་དཀོན་མཆོག་གི་མགོན་སྐྱབས་ཁོ་ན་གཙོ་བོར་བཟུང་ཞིང་། སངས་རྒྱས་ཆོས་ཀྱིས་བདེན་པ་མཐོང་བ་ཁོ་ན་གཙོ་བོར་བཟུང་བ་ཡིན། ཡང་བྱེད་ལས་ཀྱི་ཆ་ནས་མིའི་བསམ་བློའི་དགོས་མཁོ་སྐོང་བ་འདྲ་ཡང་ཐབས་ལམ་མི་འདྲ་སྟེ། ཡི་ཤུའི་ཆོས་ཀྱིས་དཀོན་མཆོག་ལ་བརྩེ་བ་སྒོམ་ན་ད་གཟོད་དག་ཞིང་དུ་བགྲོད་ནུས་ཤིང་། སངས་རྒྱས་ཆོས་ཀྱིས་སེམས་ཅན་ལ་བརྩེ་བ་དང་། རྟེན་འབྱུང་གི་དེ་ཁོ་ན་ཉིད་སྒོམ་ན་དག་ཞིང་དུ་བགྲོད་པར་བཞེད་པ་ཡིན་ནོ།། མདོར་བསྡུས་ན་ཆོས་ལུགས་འདི་གཉིས་ལ་མི་འདྲ་བ་བཅུ་སྟེ།
ཡི་ཤུའི་ཆོས།
1. དཀོན་མཆོག་ནི་རང་བཞིན་གྱིས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཡིན་ནོ།།
2. དཀོན་མཆོག་ནི་རང་གི་དགོངས་པ་ལྟར་སེམས་ཅན་རྣམས་ལ་ཐ་ཚིག་སྒྲོག་པ་ཞིག་གོ།།
3. སྟོན་པ་རྗེ་སི་སི་ནི་དཀོན་མཆོག་གིས་མིའི་ཡུལ་དུ་སེམས་ཅན་རྣམས་དཀོན་མཆོག་གི་དམ་ཚིག་ལས་མི་འདའ་བ་བྱ་བའི་ཆེད་དུ་ཕོ་ཉ་མངགས་པའོ།།
4. དཀོན་མཆོག་གི་སྲས་ནི་སྟོན་པ་རྗེ་སི་སི་ཉག་གཅིག་སྟེ་མི་དང་དཀོན་མཆོག་བར་གྱི་དམ་ཚིག་འབྲེལ་མཐུད་པ་ཡིན་ནོ།།
5. དཀོན་མཆོག་གི་གདམས་ངག་ནི་བྱམས་བརྩེ་དང་བསླབ་བྱའོ།།
6. དཀོན་མཆོག་ལ་ཡིད་ཆེས་ན་ད་གཟོད་མགོན་སྐྱབས་དང་དཔུང་གཉེན་མཛད་པའོ།།
7. དཀོན་མཆོག་དང་དམ་ཚིག་མཐུན་ན། རང་ཉིད་མ་ཤི་ཡང་མི་བཟང་པོ་ཞིག་གི་སྐྱེ་བ་གསར་དུ་ལེན་ཞིང་། འཆི་བའི་ཚེ་ཡང་རང་གི་བླ་སྲོག་དཀོན་མཆོག་དང་མི་འབྲལ་བར་གནས་པའོ།།
8. བདེན་པ་ནི་གཅིག་ཁོ་ན་སྟེ། དཀོན་མཆོག་ཉག་གཅིག་ཡིན་ནོ།།
9. དཀོན་མཆོག་ལ་བློ་འཁེལ་བ་རྣམས་ཀྱི་སྡུག་པའི་རྣམ་སྨིན་དཀོན་མཆོག་གིས་འགན་ལེན་པའོ།།
10. མི་དགེ་བ་ནི་དཀོན་མཆོག་གི་བཀའ་མ་བརྩི་བའོ།།
སངས་རྒྱས་ཆོས།
1. སངས་རྒྱས་ནི་སྙིང་རྗེ་བསྒོམས་ཤིང་བདེན་པ་མཐོང་བའི་སྟབས་ཀྱིས་དྲི་མ་མཐའ་དག་སངས་ཤིང་ཡོན་ཏན་ཀུན་རྫོགས་ཡིན་ནོ།།
2. སངས་རྒྱས་ནི་སེམས་ཅན་གྱི་ཁམས་མོས་དང་འཚམས་པའི་ཐར་ལམ་སྟོན་པ་པོའོ།།
3. སྟོན་པ་ཤཀྱཱ་ཐུབ་པ་ནི་དགའ་ལྡན་གྱི་ཡུལ་ནས་མི་ཡུལ་དུ་བསམ་བཞིན་དུ་སེམས་ཅན་འདུལ་བའི་དོན་དུ་བྱོན་པའོ།།
4. སངས་རྒྱས་ཀྱི་སྲས་ནི་མཐའ་ཡས་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་དོ།།
5. སངས་རྒྱས་ཀྱི་གདམས་ངག་ནི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའོ།།
6. སངས་རྒྱས་ཀྱི་གསུང་ཉམས་སུ་ལེན་ན་ད་གཟོད་རང་ཉིད་ལ་གྲོགས་དང་འཕྲིན་ལས་ངང་གིས་འགྲུབ་པའོ།།
7. སངས་རྒྱས་ཀྱི་བཀའ་ལྟར་རང་གི་ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་སྤྱོད་པ་སྡོམ་ཞིང་། སངས་རྒྱས་ཀྱི་གསུང་ཚད་མར་བཟུང་སྟེ་གོམས་པ་རིང་དུ་བསྟེན་ན་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཐོབ་པ་གདོན་མི་ཟའོ།།
8. བདེན་པ་ལ་གཉིས་ཏེ་ཀུན་རྫོབ་དང་དོན་དམ་པའི་བདེན་པའོ། ཡང་ན་བདེན་པ་ནི་བཞི་སྟེ་སྡུག་བསྔལ་བདེན་པ་སོགས་བཞིའོ།།
9. སངས་རྒྱས་ལ་ཡིད་ཆེས་ཀྱང་རང་གི་དགེ་མི་དགེའི་ལས་ཀྱི་རྣམ་སྨིན་ནི་རང་ཉིད་ཀྱིས་མྱོང་བའོ།།
10. མི་དགེ་བ་ནི་སྡུག་པའི་ལས་བྱེད་པའོ།།
སྤྱི་ལྡོག་རགས་པ་ཙམ་གྱི་མི་འདྲ་བའི་ཚུལ་ནི་འདི་ཙམ་ཡིན་ཞིང་། དེ་ལས་གཞན་སེམས་ཀྱི་ཉམས་རྟོགས་ཕྲ་མོ་རྣམས་ནི་རང་ཉིད་ཀྱི་མྱོང་བ་དང་སྒོ་བསྟུན་ཚེ་ད་གཟོད་ཤེས་པ་ལས་བདག་གིས་ནི་གང་ཡང་བརྗོད་མ་ནུས་སོ།།
མདོར་ན་ཡི་ཤུའི་ཆོས་ཀྱིས་བདག་གི་མགོན་ནི་དཀོན་མཆོག་ཉག་གཅིག་ཡིན་ཟེར་ལ། སངས་རྒྱས་ཆོས་ཀྱིས་བདག་གི་མགོན་ནི་བདག་ཉིད་ཡིན་ཟེར་བས། དེ་ལྟར་ན་ཡི་ཤུའི་ཆོས་ཀྱིས་མིའི་རྣམ་དཔྱོད་ཁོ་ན་ལ་ཡིད་མི་ཆེས་ཤིང་། སངས་རྒྱས་ཆོས་ཀྱིས་མིའི་རྣམ་དཔྱོད་ཁོ་ན་ལ་ཡིད་ཆེས་པ་ནི་འགལ་འདུ་གཙོ་བོ་མིན་ནམ་སྙམ་མོ།།
ཡག་པོ་ཞེ་དྲག་བྲིས་འདུག དགའ་བསུ་ཡོད་ལགས། ནང་པས་ལས་ཀྱིས་རྣམ་པར་སྨིན་པ་གསུང་གི་ཡོད་པ་རེད། ཡིན་ནའང་ཡི་ཤུ་བ་ཚོས་ལས་ཀྱིས་རྣམ་པར་སྨིན་པ་ཟེར་གྱིན་ཡོད་པ་མ་རེད། དེར་དཀོན་མཆོག་གིས་བཀའ་ཆད་བཏང་བ་རེད་ཟེར་བཞིན་ཡོད་པ་རེད། དེ་གཉིས་ནི་གནད་འགག་ཅིག་ལ་ཐུག་ཡོད་པ་ལགས། སྡིག་པ་བྱས་ན་དཀོན་མཆོག་གིས་བཀའ་ཆད་ཕོག་གི་རེད་ཟེར་བཞིན་ཡོད། ནང་པས་ནི་དེ་ལས་ལྡོག་སྟེ་རང་གིས་ལས་བྱས་རང་ལ་སྨིན་པ་ལས་དཀོན་མཆོག་ཐུགས་མ་མཉེས་ནས་བཀའ་ཆད་བཏང་བར་འདོད་ཀྱིན་མེད། །
ལྟ་བ་དང་རྩོམ་ཡིག་ཐོག་གི་དཔྱད་པ་ལས་དོན་དངོས་ཀྱི་དཔྱད་པ་ཚང་མིན་འདུག ཁ་ཡོད་ལག་ཡོད་ཀྱི་དཔྱད་པ་བྱས་ན་འདི་ལྟར།
ཚེ་འདིའི་ཁེ་ཕན། མི་རིགས། རྒྱལ་ཁབ། འགྲོ་བ་མིའི་རིགས་ཀྱི་ཞི་བདེ། དམངས་ཀྱི་དཔལ་འབྱོར་། དེ་བཞིན་རང་རང་གི་ཁྱིམ་ཚང་དང་བཟའ་ཚང་སོགས་ཀྱི་ཁེ་ཕན། ཕྲུ་གུའི་མདུན་ལམ་སོགས་ལ་བསམ་ན། ཡེ་ཤུའི་ཆོས་དེ་མཆོག་ཏུ་གྱུར་བ་རེད་སྙམ།
མི་སྒེར་གྱི་ཕྲལ་ཕུགས་ཀྱི་ཚེ་འདིའི་བདེ་སྐྱིད་དང་། བླ་མ་སོ་སོའི་ཁེ་ཕན། བླ་མའི་ནང་མིའི་ཁེ་ཕན། དེ་བཞིན་བླ་བྲང་གི་དཔལ་འབྱོར། ཚེ་ཕྱི་མའི་རྒྱག་དང་། འཁོར་བའི་སྡུག་བསྔལ་རྩད་གཅོད་པ། དེ་བཞིན་རང་གཞན་ཀུན་ལ་འཁོར་བའི་སྡུག་བསྔལ་དྲུང་ཕྱུངས་ནས། གཏན་གྱི་བདེ་བ་འཚོལ་དགོས་ན་ནང་པའི་ཆོས་དེ་མཆོག་ཏུ་འགྱུར་བ་རེད་སྙམ།
འཛམ་གླིང་ནང་ལ་རྒྱལ་ཁབ་སྟོབས་འབྱོར་ཆེ་ཤོས་དེ་ཚོ་ཡེ་ཤུའི་རྒྱལ་ཁབ་རེད། འཛམ་གླིང་ནང་ལ་དམག་ཤུགས་ཆེ་ཤོས་དེ་ཡེ་ཤུའི་རྒྱལ་ཁབ་རེད། འཛམ་གླིང་ནང་ལ་ཚན་རིག་ཡག་ཤོས་དེ་ཡེ་ཤུ་བ་ཚོ་རེད། འཛམ་གླིང་ནང་ན་དབུལ་པོར་མགོན་སྐྱབས་བཟང་ཤོས་དེ་ཡེ་ཤུ་བ་ཚོ་རེད། འཛམ་གླིང་ནང་ལ་མི་དྲང་ཤོས་དེ་ཡེ་ཤུ་བ་ཚོ་རེད། འཛམ་གླིང་ནང་ལ་རྒྱ་གར་ཕུད་པའི་བོད་པ་སྐྱབས་བཅོལ་ཞུ་ཡུལ་ཚང་མ་ཡེ་ཤུའི་རྒྱལ་ཁབ་རེད། བོད་པར་སྦྱིན་པ་གཏོང་མཁན་ཚང་མ་ཡེ་ཤུ་བ་ཚོ་རེད།
དེ་བཞིན་ཁ་བརྡ་དྲ་རྒྱའི་སྦྱིན་བདག་ལྟ་བུ་wordpressཟེར་བ་འདི་ཚོ་བཙུགས་མཁན་ཡེ་ཤུ་བ་རེད། ནུབ་ཕྱོགས་ལ་རྒྱལ་བ་རིན་པོ་ཆེ་གསུང་ཆོས་གནང་ས་དང་ཉན་མཁན་ཚང་མ་ཡེ་ཤུ་བའི་རྒྱུད་པ་རེད། ཁ་ཆེ་དང་། ཧིན་རྡུ། ནང་པའི་ཐེག་དམན་ཡོང་མཁན་ཉུང་ཉུང་རེད།
ད་དུང་མུ་མཐུད་འགོད་རྒྱུ།
བསམ་ཤེས་དཔྱད་རྩོམ་ལ་གཏིང་ཟབ་མོ་འདུག
དཀོན་མཆོག་མིན་པ་ཞིག་དཀོན་མཆོག་གི་ལམ་ལ་བུད་ནས་དཀོན་མཆོག་བྱེད་པ་ནི་ནང་བ་སངས་རྒྱས་བའོ།
དཀོན་མཆོག་ཡིན་པ་ཞིག་ལ་དཀོན་མཆོག་བྱེད་དུ་བཅུག་ནས་དཀོན་མཆོག་ལ་བཀུས་བ་ནི་ཕྱི་རོལ་བའོ།
ཡོད་མཁན་ཅིག་དང་། མེད་མཁན་ཅིག་བསྡུར་ནས་ཅི་ལ་ཕན། ལགས།
དཔྱད་རྩོམ་ཡག་པོ་བྱུང་།