རེབ་ཐོག་མདའ།
སྟོན་ལོར་སེར་ཐིགས་ལྷུང་བའི་སྔ་རོལ་ནས།།
གཙང་བོ་འཁྱག་གིས་བསྡམས་པའི་གཏམ་རྒྱུད་ཁྲོད།།
ངལ་དུབ་ལོ་ཟླ་དྲན་པའི་ངོགས་སུ་ལུས།།
རེ་སྒུག་མིག་ཟུང་རི་བོའི་མཐའ་ལ་བསྲིངས།།
ཚོར་བ་དམར་པོས་བྲིས་པའི་འཕྲིན་པ་འདི།།
མཐོ་སྒང་མེ་ཏོག་ཅིག་གི་བརྩེ་བ་ཡིན།།
ཚིག་གི་མདུད་པའི་སྣེ་ཡི་མཆི་མ་དག །
དྲན་གདུང་སེམས་ནས་བཞུར་བའི་ཁ་དོག་ཡིན།།
ཟླ་བའི་འོད་སྣང་སྒེའུ་ཁུང་ནང་ལ་ལྷུང་།།
སྒེའུ་ཁུང་ངོགས་སུ་ཁོ་མོའི་སྣང་བརྙན་བབས།།
སྣང་བརྙན་འཛུམ་ཀྱིས་ཕྱུག་པའི་ས་སྲོད་ལ།།
བསམ་གཞིགས་ལྗི་མོ་ཁོ་མོའི་ཕྱོགས་སུ་བཏེགས།།
བརྩེ་བ་སྙིང་ལ་སྦྲུམ་པའི་ཉིན་ནུབ་ནས།།
དུངས་པ་ངག་ནས་བསྐུར་བའི་ད་ལྟའི་བར།།
ཁྱོད་དང་ང་ལ་དབང་བའི་འཇིག་རྟེན་འདིར།
ལྷན་འཛོམས་ལོ་ཟླ་དབེན་པས་ཡིད་འདི་སྐྱོ།།
ན་ཆུང་སྣང་བ་དབྱར་གྱི་ཆར་བའི་གཤིས།།
མི་རྟག་འཇིག་རྟེན་ཆོས་རྣམས་འགྱུར་སླ་ཡང་།།
ཁྱོད་དང་ང་ཡི་ལྷད་མེད་བརྩེ་བ་འདིར།།
ལས་ཀྱི་མདུད་པས་དམ་དུ་བསྡམས་ན་བསམ།།
ཉི་མ་རི་ལ་ནུབ་པའི་སྔ་གཞུག་དང་།།
ས་སྲོད་སྨག་རུམ་གྱོན་པའི་དུས་སུ་ཡང་།།
ཁེར་རྐྱང་འཚོ་བའི་ཀློང་གི་སེམས་པ་འདིས།།
ཁྱོད་ཉིད་ཁོ་ན་སེམས་ལ་སྒོམ་ཀྱིན་ཡོད།།
ཆར་ཞོད་ལོ་ཟླ་རིང་བའི་རི་གྲོང་གི །
རི་ལུང་ཁོར་ཡུག་མིག་ལ་མཛེས་ན་ཡང་།།
ཡོད་ཚད་ནང་དུ་འདུ་བའི་ངང་ཚུལ་འདིས།།
བདག་གི་དྲན་པ་རི་བོའི་རྒྱབ་ལ་ཤོར།།
གློག་འོད་ཆེམ་ཆེམ་ཁ་དོག་རྒྱང་ན་མཛེས།།
གཞས་གདངས་སྙན་མོ་ཆང་ཁང་སྦུག་ནས་མཆེད།།
རྨི་ལམ་ཁ་དོག་དབེན་པའི་ཉིན་འདི་དག །
ཁྱོད་ཉིད་དྲན་པའི་དབུགས་རིང་ལན་གསུམ་ཤོར།།
ཕྱི་ལོ་༢༠༡༤ ཟླ་༨ ཚེས་༡༦ ཉིན་དཔེ་མཛོད་ཁང་ནས་བྲིས།
ངོ་མ་ཡག་པོ་བྲིས་འདུག་བུ་རྒོད་པོ།
དཔེ་མཛོད་ཁང་གི་དཔེ་ཆའི་ལྟེབ་བར་ན།
སེམས་པ་རི་ལ་ཤོར་བའི་བེམ་པོ་ཞིག།
ལོ་དང་ཟླ་བར་སྦྱངས་བའི་ཡོན་ཏན་ནི།།
ཆགས་པའི་གདུངས་བ་འཐིབས་པའི་སྡུག་དབྱངས་ཙམ། ཧ་ཧ་ཧ།
ཡག་པོ་བྲིས་འདུག
རེབ་གོང་ཐོག་མདའ་གཟུ་མོ་ཚ་མོ་རེད།།
ཕ་ཡུལ་ཕྱོགས་ལ་ཕེབས་རྒྱུའི་བྲེལ་ཤ་ལངས།།
ཕ་ཡུལ་ནང་དམེ་འཁྲུག་པའི་ཡོ་ལང་དེ།།
ཞི་འཇགས་བདེ་འཇགས་ཐུབ་པའི་རེ་སྨོན་ཡོད།།
ཚོན་རྫས་མ་བྱུགས་རང་བྱུང་མཁུར་ཚོས་དམར།།
དཔེ་གསར་གོས་ཀྱིས་ལུས་དབྱིབས་མ་བཏོད་པར།།
རང་མལ་གྲུ་བཞིར་ཤ་དྲོད་ཁྱབ་བྱས་ཏེ།།
བརྩེ་དགས་རྟག་འགྲོགས་བོད་མོར་ལོས་རེ་དུངས།།