རེབ་ཐོག་མདའ།
ནུབ་རྒྱུད་ལ་གནས་ཚང་མེད་པས་མ་ཡིན་ནོ།།
བླ་མ་ལ་དམ་ཚིག་ཉམས་པས་མ་ཡིན་ནོ།།
སྦྲ་ནག་དང་གངས་རིའི་ལས་དབང་དྲན་ཙ་ན།།
ཕ་ཡུལ་ལ་དུངས་ཞེན་ཟབ་མོ་བཞུར་ཏེ་ཐལ།།
སྐུ་དྲག་ཚོ་རྙིང་ཞེན་ཟབ་པས་མ་ཡིན་ནོ།།
ཆབ་སྲིད་པ་ཟློས་གར་མང་པོས་མ་ཡིན་ནོ།།
རྩོམ་རིག་གི་ཁ་དབུགས་ཡལ་བའི་རི་གྲོང་ན།།
རྨོངས་དད་ཀྱི་ཞྭ་མོ་ད་དུང་ཕུད་མི་འདུག །
ཕྱོགས་ཞེན་གྱི་རླུང་བུ་ལྡིང་བས་མ་ཡིན་ནོ།།
གཞིས་བྱེས་ལ་ལྕི་ཡང་ཤོར་པས་མ་ཡིན་ནོ།།
ཤེས་ལྡན་ཚོ་བདག་མེད་ལྷག་པའི་རྡ་ས་ན།།
རྗེས་འབྱོར་ཚོ་དཀའ་སྡུག་འོ་དོད་ཤོར་ནས་ཐལ།།
སྤྱི་དོན་ལ་ཐུགས་སྣང་ལྷོད་པས་མ་ཡིན་ནོ།།
སྒེར་དོན་ལ་རྒྱུ་འབྲས་གནོག་པས་མ་ཡིན་ནོ།།
མང་གཙོ་ལ་རང་དབང་ཆེ་བའི་ལེ་ལན་གྱིས།།
ཉམ་ཆུང་ཚོ་མེད་མུག་དག་གི་ལུང་མདོར་ལུས།།
རྒྱུ་འབྱོར་གྱིས་ཕྱུག་པའི་སྐུ་སྲས་མ་ཡིན་ནོ།།
རང་དོན་ཉིད་གཙོ་བོར་བཟུང་འདོད་མ་ཡིན་ནོ།།
ཉམ་ཆུང་གི་འཚོ་བར་ཀྱག་ཀྱོག་ཆེ་ན་ཡང་།།
རིག་གནས་ལ་སྦྱངས་བརྩོན་གློད་ན་མི་བསམ་གི །
ལུས་སེམས་གཉིས་ཞི་བདེ་བྲལ་བས་མ་ཡིན་ནོ།།
འཚོ་བ་ལ་ཁ་དོག་དབེན་པས་མ་ཡིན་ནོ།།
མཐོ་སྒང་གི་རྨི་ལམ་བོར་བའི་ས་མཐའ་ནས།།
ཡབ་མེས་ཚོའི་ཞབས་རྗེས་བཙལ་ཡང་མ་རྙེད་ཐལ།།
དཔྱིད་དཔལ་ལ་མཛེས་སྡུག་དབེན་པས་མ་ཡིན་ནོ།།
གངས་རི་ལ་ཁ་ཐག་ཆོད་པས་མ་ཡིན་ནོ།།
སྦྲ་ནག་གི་གཏམ་རྒྱུད་མི་གླེང་གྲུ་ཁ་ནས།།
རྩྭ་ཐང་གི་རྣམ་ཤེས་འཚོལ་བར་ཆས་ན་བསམ།།
གྲོགས་པོ་ཚོའི་མཛའ་སེམས་བོར་བས་མ་ཡིན་ནོ།།
རི་གྲོང་གི་འཚོ་བར་འཇིགས་པས་མ་ཡིན་ནོ།།
རེ་སྒུག་གི་གཉེར་རིས་འཁུར་བའི་མ་ལོ་ཁོང་།།
མཇལ་འདོད་ཀྱི་རེ་བའི་ན་ཟུག་ཅུང་ལྕི་བས།།
མཛའ་མོ་ཞིག་སེམས་ན་མེད་པས་མ་ཡིན་ནོ།།
འཛུམ་ལྡན་མའི་མཛའ་བརྩེ་མ་ཐོབ་མ་ཡིན་ནོ།།
རང་དབང་གི་འཚོ་བའི་དུས་ཡུན་ཐུང་ཐུང་འདིར།།
སྨྱུ་གུ་འདི་ལག་པའི་གློད་འདོད་མེད་པས་ན།།
ཕྱི་སྐད་ལ་སྦྱངས་བརྩོན་ཞན་པས་མ་ཡིན་ནོ།།
མཁས་མིང་གི་ཆོ་ལོ་བསམས་པས་མ་ཡིན་ནོ།།
མཐོ་སྒང་གི་མ་འོངས་མདུན་ལམ་བསམ་ཙ་ན།།
ཕ་སྐད་ལ་འགན་འཁྲིའི་འདུ་ཤེས་ཡལ་མི་འདོད།།
རང་བཙན་པར་ཡིད་ཆས་བོར་བས་མ་ཡིན་ནོ།།
དབུ་མ་བའི་རྒྱབ་ཏུ་ལངས་པས་མ་ཡིན་ནོ།།
བླ་མ་ཡི་ཐུགས་ཀྱི་དགོངས་པའི་རྗེས་འབྲངས་ན།།
ལྷན་འཛོམས་ཀྱི་ལོ་ཟླ་མྱུར་མོར་འཆར་བར་བསམ།།
ཕྱི་ལོ་༢༠༡༤ ཟླ་༨ ཚེས་༢༠ ཉིན་དཔེ་མཛོད་ནས་བྲིས།
(ཤེས་ལྡན་ཚོ་བདག་མེད་ལྷག་པའི་རྡ་ས་ན།།)
རྡ་སའི་ནི་ཀོ་པགས་བཤུས་དང་རུང་། རྡ་ས་ནི་རི་ཐོ་ཆུང་ཆུང་ཞིག།
རྡ་ས་ལ་སྐྱག་པ་བཏང་བཏང་ནས། རྡ་ས་ནི་དྲི་མ་ཚུབ་ཚུབ་ཞིག།
རྡ་ས་ལ་ཕན་ཞིག་མ་བཏགས་པར། རྡ་ས་ལ་འགྲམ་ཆུ་ཤོར་འདི་མཚར།།
འབྱིན་པོ་རང་ལ་ཡོད་ན།། ངོམ་པའི་དུས་ལ་སླེབ་ཡོད།། བྱང་སེམས་རང་ཉིད་ཡིན་ན།། ཕན་བདེ་བསྒྲུབ་པའི་དུས་རེད།།
སྙན་དངགས་ལ་མཁས་པ་མ་ཡིན་ཏེ།
དྲར་འཇོག་ལ་གཞན་དབང་མ་ཡིན་ཏེ།
ཁེར་ལབ་ལ་སྒྱུ་རྩལ་མ་ཡིན་ཏེ།
དོན་མེད་ལ་འབྲི་རྒྱུར་དགའ་བ་འདི།
སྙན་དངགས་པའི་གོམས་གཤིས་མ་ཡིན་ནོ།།