མི་གསོན་པོ
‘’ཆེས་མཐོ་བའི་ཤེས་ཡོན་གྱི་གྲུབ་འབྲས་ནི་བཟོད་བསྲན་བྱེད་རྒྱུ་དེ་ཡིན།’’ ཧེ་ལན་ཁེ་ལར་གྱིས།
ཧེ་ལན་ཁེ་ལར་ནི་༡༨༨༠ ཟླ་༧ ཚེས་ཉེར་བདུན་ཉིན། ཨ་རིའི་མངའ་སྡེ་ཨ་ལ་བྷ་མའི་ནུབ་བྱང་གི་ས་ཁུལ་ཏྲུ་སི་ཁུམ་བྷི་ཡ་ཞེས་པའི་གྲོང་ཁུལ་ཞིག་ཏུ་སྐུ་འཁྲུངས། ཐོག་མར་སྐྱེས་སྐབས་སུ་བྱིས་པ་སྤྱི་འགྲོས་ལྟར་དབང་པོ་ཚང་ཞིང་ཡིད་དུ་འོང་བའི་བུ་མོ་ཞིག་ཡིན། ཁོ་མོའི་ཁྱིམ་ཚང་འབྱོར་ལྡན་ཞིག་མིན་ཡང་ས་ཞིང་གི་ཁེ་ལས་དང་ཨ་ཕའི་ཡོང་བབ་ཀྱིས་ཁྱིམ་ཚང་གི་འཚོ་རྟེན་ལ་དཀའ་ངལ་མེད། ཧེ་ལན་གྱི་ཨ་ཕ་ནི་གྲོང་ཁུལ་གྱི་གསར་འགྱུར་རྩོམ་སྒྲིག་པ་ཞིག་ཡིན་ལ་”བྱང་གི་ཨ་ལ་བྷ་མི་”ཞེས་པའི་བདུན་རེའི་གསར་ཤོག་དེ་ཁོང་གིས་བཏོན་བཞིན་ཡོད། ཨ་མས་ཀྱང་བྱ་ཕག་གསོ་སྐྱོང་སོགས་ཀྱིས་ཁྱིམ་ཚང་གི་ཡོང་བབ་ལ་ཁ་སྣོན་བྱེད་ཐུབ། ད་དུང་ཧེ་ལན་ལ་ཨ་མ་མི་གཅིག་པའི་ན་ཚོད་སྨིན་པའི་གཅེན་པོ་ཞིག་ཀྱང་ཡོད།
དེས་ན་ཧེ་ལན་ཚང་ནི་དྲོ་སྐྱིད་ལྡན་ཞིང་དགའ་སྤྲོས་ཁེངས་པའི་ཁྱིམ་ཚང་ཡ་རབས་ཤིག་ཡིན་ཞེས་བཤད་ཆོག འོན་ཏེ་སྟབས་མ་ལེགས་པ་ཞིག་ལ་ཧེ་ལན་སྐྱེས་ནས་ཟླ་བ་བཅུ་དགུ་ལོན་པའི་སྐབས་སུ་མོ་ལ་ནད་དྲག་པོ་ཞིག་གིས་ཟིན་ཞིང་དུས་སྐབས་དེའི་སྨན་པས་ཀླད་ཚད་ཅེས་མིང་དུ་བཏགས་ཀྱང་ནད་དེ་དམར་ཚད་དམ་ཀླད་སྤྱིའི་གཉན་ཚད་ཡིན་ངེས་ཞེས་དེང་རབས་དུས་ཀྱི་སྨན་པ་རྣམས་ཀྱིས་བརྗོད། ཧེ་ལན་ནད་དེས་ཟིན་ནས་ཕལ་ཆེར་འཆི་ལ་ཉེ་ཞིང་སྨན་པས་ཀྱང་འཆི་ཐག་བཅད། ཕ་མ་གཉིས་ཀྱིས་ཀྱང་འཆི་རྒྱུ་ལས་འོས་མེད་སྙམ་སྟེ་སེམས་སྡུག་གིས་ཟིན་པའི་སྐབས་སུ། སྟབས་ལེགས་པ་ཞིག་ལ་གཉན་ཚད་དེ་རིམ་བཞིན་ཞི་འཇམ་དུ་གྱུར་སོང་བས་ཕ་མ་གཉིས་ཀྱང་དགའ་སྤྲོ་ཁེངས་བཞིན་སྨན་པ་ལ་བསྐྱར་བསྟེན་བྱས་ཀྱང་སྨན་པས་ཀྱང་ནད་དྲག་པ་ལ་ངོས་འཛིན་བྱས། འོན་ཏེ་ཉིན་ཤས་རྗེས་སུ་ཧེ་ལན་གྱི་རྣ་བ་དང་མིག་ལ་ཨ་མ་དོགས་འཚབ་སྐྱེས། དེ་ནི་ཨ་མས་དགོངས་ཟས་དུས་ཀྱི་བཟའ་བཏུང་བརྡ་གཏོང་དྲིལ་བུ་དཀྲོལ་བ་དང་མིག་མདུན་དུ་ལག་གཡུགས་བྱས་པ་སོགས་ལ་ཧེ་ལེན་གྱིས་སྣང་བ་ཡེ་ནས་མེད་པས་སོ།
གང་ལྟར་ནད་གཞི་དྲག་པོ་དེའི་འཇུག་འབྲས་ཧེ་ལེན་ནི་རྣ་བས་མི་གོ་ལ་མིག་གིས་མི་མཐོང་བའི་འོན་ལོང་གཉིས་ལྡན་གྱི་བྱིས་པ་ཉམ་ཐག་ཅིག་ཏུ་གྱུར། འགྲོ་བ་མི་ལ་ཧ་ཅང་དགོས་མཁོ་ཆེ་བའི་དབང་པོ་ལྔ་ལས་གཉིས་བེད་མེད་དུ་གྱུར་པའི་ཧེ་ལེན་གྱི་ཀུན་སྤྱོད་ལ་ཡང་འགྱུར་བ་ཆེན་པོ་ཕྱིན་ཏེ་ཁོང་ཁྲོ་ཤིན་ཏུ་ཆེ་བའི་བྱིས་པ་ཤིག་ཏུ་འགྱུར་ནས་གཞན་ལ་རྡེག་པ་དང་སོ་འབྲད་པ། བཅའ་དངོས་སོགས་གཏོར་གཤིགས་བྱེད་པ། ད་དུང་རང་ཉིད་ཀྱིས་གང་འདོད་བྱེད་དུ་མ་བཅུག་ཚེ་ངུ་བ་སོགས་ཧེ་ལེན་གྱི་ཁྱིམ་མི་ཡོངས་ལ་ཟིང་ཆ་ཧ་ཅང་ཆེ། ཟིང་ཆ་དེ་དག་ཞོད་འཇགས་སུ་བཏང་བར་ཧེ་ལེན་ལ་ཀ་ར་སོགས་སྟེར་ནས་གང་འདོད་བྱེད་དུ་བཅུག་རྒྱུ་ལས་གཞན་ཐབས་ཤེས་མ་རྙེད།
ཧེ་ལེན་གྱི་གཅེན་པོ་ནི་མོ་ལ་སུན་ནས་རྟག་ཏུ་ཕ་མ་ལ་ཧེ་ལེན་སྨྱོན་པ་དང་ཛ་དྲག་ཅན་དག་བཅོལ་ཡུལ་གྱི་དོ་དམ་ཁང་ངམ་བཟང་བཙྭོན་ཁང་དུ་འཇུག་རྒྱུའི་རེ་སྐུལ་བྱེད་བཞིན་ཡོད། བསམ་ཚུལ་དེ་ལ་ཧེ་ལེན་གྱི་གཉེན་ཉེ་མང་པོས་རྒྱབ་སྐྱོར་བྱས་ཀྱང་ཧེ་ལེན་གྱི་ཕ་མས་མོས་མཐུན་མ་བྱས་པས་བཟའ་མི་ནང་ཁུལ་ལའང་རྟག་ཏུ་འཁྲུགས་རྩོད་ཤོར་བའི་གནད་དོན་དུ་གྱུར། དེ་ལྟར་གཉན་ནད་དྲག་པོ་དེས་ཧེ་ལེན་གྱི་མིག་དང་རྣ་བ་མེད་པ་བཟོས་པ་མ་ཟད་ཧེ་ལན་གྱི་ཁྱིམ་ཚང་གི་བདེ་སྐྱིད་ཀྱང་མེད་པ་བྱས། ཧེ་ལེན་གྱི་ཕ་མས་ཐབས་ཤེས་ཡོད་དགུ་སྤྱད་དེ་སྨན་པ་མང་པོར་བསྟེན་ཀྱང་སྨན་པ་ཡོངས་ཀྱིས་གཅིག་གྱུར་གྱིས་ཧེ་ལན་མི་ཚེ་ཧྲིལ་པོར་འོན་ལོང་ཞིག་ཏུ་གྱུར་རྒྱུ་ལས་སློབ་སྟོན་གཞན་མེད་པའི་ལན་བཏབས་པས་ཕ་མ་གཉིས་ནི་སེམས་སྡུག་གི་ཀློང་དུ་ཚུད།
ཧེ་ལན་ལོ་ངོ་དྲུག་ལ་སོན་དུས་ཧ་ཅང་སྤྱང་གྲུང་ལྡན་ལ་འཚུབ་སྤྱོད་ཆེ་བའི་བྱིས་པ་ཞིག་ཏུ་གྱུར་ཏེ་མོས་ཁྱིམ་གྱི་ལྡེའུ་མིག་སོགས་བརྐུས་ནས་སྐབས་འགའ་ཁང་པའི་ནང་སྒོ་འདེམས་ཏེ་ཁྱིམ་མི་གཞན་ནང་དུ་ཡོང་མི་བཅུག་པ་དང་། སྐབས་འགར་ཕྱི་སྒོ་རྒྱག་ནས་ནང་མི་ཕྱི་རུ་འགྲོ་མི་བཅུག་པ་སོགས་བཟའ་མི་ཡོངས་ལ་དཀའ་ངལ་ཧ་ཅང་བཏད། འོན་ཏེ་དཀའ་ངལ་དང་ཟིང་ཆ་ཤིན་ཏུ་ཆེ་བའི་ཧེ་ལན་གྱི་ཕ་མ་ལ་སློབ་སྟོན་པ་ཆེན་མོ་ཨེ་ལེཀ་སི་ཨན་དར་གྱིས་ཧེ་ལེན་ལ་དམིགས་བསལ་གྱི་དགེ་རྒན་ཚོལ་ནས་སློབ་སྦྱོང་སྤྲད་དགོས་པའི་གྲོས་འགོ་བཏོན། ཨེ་ལེཀ་སི་ཨན་དར་ནི་འཇིག་རྟེན་འདིར་ཆེས་ཐོག་མའི་ཁ་པར་བཟོ་མཁན་དེ་ཡིན་ལ་ཨ་རི་ཕྱོགས་སུ་སྙན་གྲགས་ཧ་ཅང་ཆེ་བའི་སྐྱེས་བུ་དམ་པ་ཞིག་ཀྱང་ཡིན།
ད་དུང་ཁོང་གི་ཨ་མ་ཡང་འོན་པ་ཞིག་ཡིན་སྟབས་འོན་ལོང་སོགས་དབང་པོ་སྐྱོན་ཅན་དག་གི་ཆེད་དུ་ཁོང་གིས་ཞིབ་འཇུག་མཛད་པ་དང་། ཕྱག་ལས་གནང་བཞིན་ཡོད་སྟབས་ཁོང་གི་སློབ་སྟོན་ལྟར་ཧེ་ལེན་ཕ་མས་དགེ་རྒན་གདན་ཞུ་དང་རེ་སྐུལ་གྱི་ཡི་གེ་ཞིག་མངའ་སྡེ་མེཀ་སི་ཆུག་སི་ལ་ཡོད་པའི་པེར་ཀིན་ལོང་བའི་སློབ་གྲྭའི་མགོ་གཙོ་ལ་བཏང་། ལོང་བའི་སློབ་གྲྭ་དེའི་མགོ་གཙོ་མི་ཁེལ་ནས་ཆེད་དུ་བཀོད་སྒྲིག་གནང་སྟེ་པེར་ཀིན་སློབ་ཟུར་ཨན་སུ་ལི་ཝན་ཞེས་པའི་ལོ་ན་ཆུང་བའི་བུད་མེད་དགེ་རྒན་ཞིག་བཏང་གནང་མཛད། དགེ་རྒན་ཨན་སུ་ལི་ཝན་ཡང་མིག་གིས་རབ་རིབ་མཐོང་བ་ཙམ་ལས་ལོང་བ་ཞིག་ཡིན། རྒྱུ་མཚན་དེས་མོ་རང་ལ་ལོང་བའི་མྱོང་ཚོར་གྱི་ཉམས་མྱོང་ཟབ་མོ་ལྡན་པས་ཧེ་ལེན་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་སློབ་སྦྱོང་ལ་བསྐུལ་རྒྱུའི་སེམས་ཤུགས་དང་ལྷག་བསམ་ལྷད་མེད་སྐྱེས།
དེས་ན་༡༩༨༧ ཟླ་༣་ཚེས་༣ ཉིན་ཧེ་ལེན་གྱི་མི་ཚེ་ལ་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་བྱུང་བའི་ཀྱོག་མཚམས་ཤིག་སྟེ་དགེ་རྒན་ཨན་དང་མཇལ་བའི་ཉིན་མོ་དེ་ཡིན་ལ་ཉིན་མོ་དེ་ཧེ་ལན་གྱི་མི་ཚེ་ལ་བདེ་སྐྱིད་ཀྱི་འོད་སྣང་འདྲེན་པའི་སྐྱ་རེངས་ཐོག་མར་དེ་ཤར་བ་ཡིན། དགེན་ཨན་ལགས་ཀྱི་ཆེས་ཐོག་མ་ཧེ་ལན་དང་མཇལ་དུས་མོ་རང་གི་ཆེད་དུ་ཧེ་ལན་ལ་ཉོས་པའི་རྩེད་ཆས་ཨ་ལད་པད་ཀོ་དེ་ཧེ་ལན་གྱི་ལག་ཏུ་བཞག་པས་ཧེ་ལན་ནས་མོ་རང་གི་ཨ་མ་རེད་སྙམ་ནས་ཨན་གྱི་ལག་པ་ནས་བཟུང་སོང་།
ཨན་གྱིས་ཧེ་ལན་གྱི་སྐེ་ལ་འཐམ་འཁྱུད་བྱས་པ་ཙམ་ནས་ཧེ་ལན་གྱིས་ཨ་མ་མིན་པར་ཤེས་ནས་རྦུད་རྒྱག་བཏང་བས་ཨན་གྱིས་ཧེ་ལན་ནི་སྤྱང་གྲུང་ལྡན་པའི་བུ་མོ་ཞིག་ལས་འོན་ལོང་རྒྱུན་ལྡན་བ་ཞིག་མིན་པར་རྟོགས། དགེ་རྒན་ཨན་གྱིས་ཧེ་ལེན་ལ་སྐད་ཡིག་སློབ་རྒྱུའི་བསམ་ཚུལ་བཤད་པས་ཕ་མ་གཉིས་ཀ་ཧང་སང་ནས་སྐད་ཡིག་ཇི་ལྟར་སློབ་རྒྱུའི་བཀའ་འདྲི་ཞུས། དགེན་ཨན་གྱིས་སྐད་ཡིག་ནི་མི་ཚེའི་འཚོ་གནས་ཐོག་གལ་ཆེན་གྱི་རང་བཞིན་ཡིན་པས་ངེས་པར་དུ་སློབ་དགོས་ལ་ཤེས་རབ་ནི་སེམས་ཀྱི་ཡོན་ཏན་ཞིག་ཡིན་པས་ངེས་པར་དུ་མིག་དང་རྣ་བར་བརྟེན་དགོས་པའི་ངེས་པའང་མེད་ཅེས་བཤད།
ཧེ་ལན་གྱི་ཕ་མས་ཨན་ལགས་ནི་ཧ་ཅང་གཤིས་རྒྱུད་གྱོང་བའི་བུད་མེད་ཅིག་ཡིན་པར་ཤེས་ཀྱང་རང་གི་བུ་མོའི་ཆེད་དུ་མོའི་འདོད་པ་དང་བསྟུན་རྒྱུ་མོས་མཐུན་བྱས། ཨན་གྱིས་ཉིན་དང་པོ་ཨ་ལད་པད་ཀོ་ཞེས་པའི་ཚིག་འདི་ཧེ་ལན་ལ་བསླབས། ཨ་ལད་པད་ཀོ་ནི་རས་ཀྱི་བཟོས་པའི་བྱིས་པའི་འདྲ་གཟུགས་སམ་རྩེད་ཆས་ལ་ཟེར་ཞིང་དེ་ཉིད་དབྱིན་ཡིག་ཏུ་སྦྲོལdollཞེས་པ་འདི་ཡིན། སྦྲོལ་dollཞེས་པའི་དབྱིན་ཡིག་འདི་ཉིད་དགེན་ཨན་གྱིས་མཛུབ་མོ་ཡིག་གཟུགས་ཀྱི་དབྱིབས་བཟོས་ནས་ཧེ་ལེན་གྱི་ལག་མཐིལ་དུ་རེག་བཅུག་པ་མ་ཟད་ཧེ་ལན་གྱི་མཛུབ་མོའང་ཡིག་གཟུགས་ཀྱི་དབྱིབས་བཟོས་ཏེ་སྐྱར་སྦྱོང་ནས་ཡང་སྦྱོང་བྱེད་དུ་བཅུག་སྟེ་ཨ་ལད་པད་ཀོ་ཡི་མིང་ཧེ་ལན་གྱི་སེམས་སུ་ངེས་ཐབས་བྱས། ཉིན་གཉིས་པ་ཨན་གྱིས་cakeཁེག་ཀི་འམ་མངར་ཟས་བག་ལེབ་ཀྱིང་མིང་བསླབས།
རྒྱུ་མཚན་ནི་ཧེ་ལེན་ཆེས་དགའ་ཤོས་དང་དོ་སྣང་བྱེད་ཤོས་ནི་རྩེད་ཆས་ཨ་ལེ་པད་ཀོ་དང་མངར་ཟས་ཁེག་ཀི་ཡིན་སྟབས་དེ་དག་གིས་རྒྱུད་ནས་ཧེ་ལན་གྱི་བློ་ཁ་སྐད་ཡིག་ཕྱོགས་སུ་དྲངས་རྒྱུའི་ཐབས་བཀོད་འཐེན། འོན་ཏེ་བལྟ་བྱེད་ཀྱི་མིག་དང་ཉན་བྱེད་ཀྱི་རྣ་བ་གཉིས་ཀ་མེད་པའི་བྱིས་པ་ཞིག་ལ་ཡི་གེ་སློབ་རྒྱུ་ནི་ལས་སླའོ་ཞིག་ག་ལ་ཡིན་ཏེ་རྒྱུད་རིམ་དེ་དག་ནང་དུ་དགེ་རྒན་དང་དགེ་ཕྲུག་གཉིས་ཀ་ལ་དཀའ་ངལ་ཚད་ལས་འདས་པ་འཕྲད།
སྐབས་རེ་ཧེ་ལན་གྱི་ཕ་མ་ཡང་སེམས་ཤུགས་ཆགས་ནས་མོ་ལ་ཡི་གེ་སློབ་རྒྱུ་དེ་འགྲུབ་མི་སྲིད་པའི་གནད་དོན་ཞིག་ཏུ་བརྩིས་ནས་རྒན་ཨན་ལགས་ལ་ལས་དོན་དེ་ཕྱི་གཤོལ་བྱེད་རྒྱུའི་རེ་བསྐུལ་ཞུས། ཁྱད་པར་ཧེ་ལན་གྱི་ཨ་ཕས་ཉིན་ཞིག་ངའི་བུ་མོའི་ལས་དབང་འདི་ལྟར་དུ་བསྐོས་ཟིན་པས་མོ་ལ་ཡི་གེ་སློབ་རྒྱུ་ནི་ཁྱི་ཕྲུག་འདི་ལ་ཡི་གེ་སློབ་རྒྱུ་དང་ཁྱད་པར་མེད་ཅེས་མདུན་གྱི་ཁྱི་ཕྲུག་ལ་མཛུབ་མོ་བཙུགས་ཏེ་བཤད། དགེན་ཨན་ལགས་ཀྱི་སྐད་ཆ་དེ་གོ་བས་ཁོང་ཁྲོ་ཆེན་པོས་ཁྱེད་ཀྱིས་རང་གི་བུ་མོའི་ནུས་པ་ལ་ཚོད་འཛིན་དང་རྡོག་རོལ་བཏང་བ་རེད་ཅེས་ཁོང་ལ་གཤེ་གཤེ་བཏང་།
ད་དུང་ཁོང་གིས་ཧེ་ལན་གྱི་རྣམ་དཔྱོད་དང་བློ་རིག་ལ་བསམ་ཚེ་ཤེས་ཡོན་ཅན་ཞིག་ཏུ་འགྱུར་རྒྱུར་ཐེ་ཚོམ་མེད་ལ་ཁོ་མོས་འགན་དེ་ཁུར་ཐུབ་ཅེས་བཤད། དགེན་ཨན་ལགས་ཀྱིས་ཡི་གེ་སློབ་རྒྱུ་འབད་བརྩོན་ལྷོད་མེད་བྱས་ཀྱང་ཧེ་ལེན་ལ་གོ་བརྡ་ལེགས་པོ་ཞིག་འཕྲོད་མ་ཐུབ། འོན་ཀྱང་ཨན་ལགས་སེམས་ཤུགས་མ་ཆགས་པ་ཉིན་ལྟར་ཧེ་ལན་གྱི་ལག་མཐིལ་དུ་མཛུབ་རིས་འབྲི་བ་དང་ཧེ་ལེན་གྱི་མཛུབ་མོ་ལའང་མཛུབ་བརྡ་བྱེད་རྒྱུ་བསླབ་པ་མ་ཟད་ཧེ་ལན་གྱི་ཀུན་སྤྱོད་ལའང་འགྱུར་བ་གཏོང་རྒྱུའི་ཐབས་ཤེས་བྱས།
ཧེ་ལན་གྱིས་གོ་དོན་ཆ་ཚང་མ་རྟོགས་ཀྱང་མཛུབ་བརྡ་བྱེད་པ་དང་མཛུབ་རིས་འབྲི་བ་ལ་ཧ་ཅང་དགའ། འོན་ཏེ་ཀུན་སྤྱོད་ལ་འགྱུར་བ་གཏོང་འདོད་མེད་པར་ཉིན་ལྟར་འཚུབ་སྤྱོད་ཁོ་ན་བྱས་པས་དགེན་ཨན་གྱིས་ཉེས་ཆད་བཅད་དེ་སྐབས་འགར་མཛུབ་བརྡ་སོགས་མི་བསླབ་པ་དང་། སྐབས་འགར་བྱ་སྤྱོད་ངན་པ་བཀག་སྡོམ་བྱས་ཏེ་ཇི་ལྟར་ངུ་ཡང་ཁ་ཡ་མི་བྱེད་པ་སོགས་བྱས་པས་ཧེ་ལན་གྱི་ཕ་མས་མ་བཟོད་པས་དགེན་ཨན་ལགས་དང་ཁ་རྩོད་ཤོར། ཨན་ལགས་ཀྱིས་ཨུ་ཚུགས་མཐར་སྐྱེལ་གྱིས་ཧེ་ལན་ཕ་མ་དང་གནས་སྐབས་ཁ་བྲལ་རྒྱུའི་བསམ་ཚུལ་བཏོན་ནས་ཧེ་ལེན་ཁྲིད་དེ་ཧེ་ལེན་ཕ་མེས་ཀྱི་ཁང་པ་རྙིང་པ་རུ་གནས་སྤོས། ཉིན་ལྟར་དགེན་ཨན་གྱིས་ཐབས་ལམ་སྣ་ཚོགས་བེད་སྤྱད་དེ་ཧེ་ལན་གྱི་ཀུན་སྤྱོད་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཕྱིན་མོད་ཧེ་ལན་གྱི་ཕ་མས་མ་བཟོད་ནས་སླར་ཡང་ཁྱིམ་དུ་གདན་དྲངས།
དེ་ལྟར་དགེན་ཨན་ལགས་ཧེ་ལན་དང་འཕྲད་ནས་ཟླ་བ་གཅིག་ལྷག་ཙམ་ཕྱིན་པའི་སྤྱི་ཟླ་བཞི་པའི་ཚེས་ལྔ་ཉིན། ཧེ་ལན་གྱི་མི་ཚེ་ལ་བདེ་སྐྱིད་ཀྱི་དགའ་སྟོན་ཐོབ་ཅིང་ཤེས་རབ་ཀྱི་ཉི་མ་ཤར་བའི་ཉིན་མོ་ཞིག་སྟེ། ཧེ་ལེན་ནམ་རྒྱུན་ཆུ་འདྲེན་ཡོ་བྱད་དང་ལྷན་དུ་རྩེད་མོ་རོལ་བ་ལ་དགའ་བ་ལྟར་ཉིན་འདིའི་ཞོགས་པ་ཆུ་འདྲེན་ཡོ་བྱད་ལས་ཆུ་འདྲེན་བཞིན་ཡོད་པ་ཨན་གྱིས་གཟིགས་ཏེ་ཆུ་གྲང་མོ་ཧེ་ལེན་གྱི་ལག་པ་རུ་གཏོར་ནས་ལག་མཐིལ་དུ་ཆུའམ་དབྱིན་ཡིག་w-a-t-e-rཞེས་པ་འདི་བྲིས་པ་དང་ཧེ་ལན་གྱི་མཛུབ་མོ་ལའང་ཆུ་ཞེས་པའི་ཡི་གེའི་མཛུབ་བརྡ་བྱེད་དུ་བཅུག བསམ་ཡུལ་ལས་འདས་པ་ཞིག་ལ་ཧེ་ལེན་གྱི་དེ་ཉིད་ཆུ་ཡི་མིང་ཡིན་པ་ཧ་གོ་བ་དང་མོའི་ངོ་གདོང་ལས་ཧང་སང་པའི་རྣམ་འགྱུར་དང་འཛུམ་མདངས་བཅས་མཐོང་བ་ན་ཨན་ལགས་དབང་མེད་དུ་མིག་ཆུ་ཤོར།
ཧེ་ལན་གྱིས་ད་དུང་དངོས་པོ་གཞན་ལའང་མིང་ཡོད་པའི་གོ་རྟོགས་སད་ནས་བཅའ་དངོས་རེ་རེ་བཞིན་ལག་པས་རེག་སྟེ་མོའི་ལག་མཐིལ་རྒན་ཨན་ལགས་ལ་བསྟན་ནས་མིང་འབྲི་བའི་རེ་འདུན་བཅང་། ཨན་ལགས་དགའ་སྤྲོ་ཆེན་པོས་མིག་ཆུ་འབྱིན་བཞིན་ཕ་མ་སོགས་ཀྱི་མིང་ཡིག་དང་མཛུབ་བརྡ་སོགས་ཧེ་ལན་ལ་བསླབས། ཉིན་དེ་ག་རང་དུ་ཧེ་ལན་གྱིས་དངོས་པོ་སུམ་ཅུ་ཙམ་གྱིས་མིང་བརྡ་ཤེས་པས་དགེན་ཨན་ལགས་དང་མོའི་ཕ་མ་དག་ནི་དགའ་སྤྲོས་ཁེངས་ཏེ་ས་འཕགས་གནམ་མཆོང་བྱས། དེས་ན་དགེན་ཨན་ལགས་ཀྱིས་ལོང་བས་ལོང་སྣ་ཁྲིད་མི་ཐུབ་ཅེས་པའི་དཔེར་དེའང་རང་བཞིན་གྱིས་རྫུན་སྐུབ་བརྟོལ་བ་མ་ཟད་ཐབས་ཤེས་ལྡན་ཞིང་སྙིང་སྟོབས་དང་བཟོད་བསྲན་མངའ་ན་འཇིག་རྟེན་ཐོག་ཏུ་འགྲུབ་མི་ཐུབ་པའི་གནད་དོན་མེད་པའི་དཔང་རྟགས་གསོན་པོའང་བྱས།
ཉིན་གཉིས་པཪ་དགེན་ཨན་ལགས་ཀྱིས་ཧེ་ལན་ལ་དངོས་སུ་དབྱིན་ཡིག་གི་ཕྱི་མོ་དབྱངས་གསལ་ཉེ་དྲུག་སློབ་རྒྱུའི་ཆེད་དུ་ཤོག་བྱང་ཆེན་པོ་ཞིག་གི་ངོས་སུ་ཡི་གེ་ཉེར་དྲུག་དང་ཡིག་རྟགས་འབུར་ལྡན་ལྷན་དུ་བྲིས་ཏེ་A-B-C སོགས་རིམ་བཞིན་བསླབ་པས་རིང་པོ་མ་ཐོགས་པར་ཧེ་ལེན་གྱི་སེམས་སུ་ངེས། སྐབས་དེར་དགེན་ཨན་གྱིས་རང་གི་གྲོགས་མོ་ལ་ཡི་གེ་བསྐུར་བའི་ནང་དུ་”ད་ལྟར་ངས་སྒྲུབ་བཞིན་པའི་ལས་དོན་ལམ་ལྷོང་ནི་ངའི་རེ་བ་དང་རྨི་ལམ་ལས་ཡོངས་སུ་བརྒལ་སོང་།”ཞེས་བཤད་ཡོད།
དེ་ལྟར་ཧེ་ལེན་གྱི་དངོས་པོ་ལ་མིང་བརྡ་ཡོད་པ་དང་མིང་བརྡ་དེ་དག་མཚོན་བྱེད་ཀྱི་ཡི་གེ་ཡོད་པ་ཤེས་ཟིན་པའི་རྗེས་སུ་དགེན་ཨན་གྱིས་རྒྱ་ཆེ་བའི་འཇིག་རྟེན་གྱི་བྱ་དངོས་དག་དང་ཧེ་ལེན་གྱི་བར་ཐག་ཉེ་རུ་གཏོང་རྒྱུའི་བསམ་བློ་འཁོར་ཏེ་བྱ་སྒོང་ལ་རེག་བཅུག་པ་དང་དེ་ནས་བྱ་ལ་རེག་བཅུག་ནས་བྱ་དེ་བྱ་སྒོང་ལས་བྱུང་བ་དང་། དེ་བཞིན་ཤིང་སྡོང་དང་ལོ་མ་ཡལ་ག་སོགས་རེ་བཞིན་རེག་བཅུག་ནས་སྐྱེ་དངོས་འཚར་ལོང་དང་རྒྱུ་རྐྱེན་རྟེན་འབྲེལ་གྱི་རྣམ་གཞག་སོགས་རེ་བཞིན་ངོ་སྤྲོད་བྱས།
དེ་བཞིན་ཧེ་ལེན་གྱི་དབང་ཚོར་དང་། འདུ་ཤེས། སེམས་མྱོང་། རྣམ་རྟོག་སོགས་ཀྱང་ངོ་ཤེས་པའི་ཐབས་ལའང་འབད་བརྩོན་བྱས་ཏེ། ཉིན་ཞིག་ཧེ་ལེན་གྱིས་ཐེ་ཚོམ་གྱི་དྲི་བ་ཞིག་དགེན་ཨན་ལགས་ལ་བཏང་བས་དགེན་ཨན་གྱིས་T-h-i-n-k བསམ་གཞིག་ཅེས་པའི་ཡིག་འབྲུ་དག་ཧེ་ལན་གྱིས་ལག་མཐིལ་དུ་བྲིས་པས་དེ་མ་ཐག་ཏུ་ཧེ་ལན་གྱིས་རང་ཉིད་ཀྱིས་གང་ཞིག་དྲན་པ་དེར་བསམ་གཞིག་ཟེར་བ་ཡིན་པར་ངོ་ཤེས། ཨན་གྱིས་ད་དུང་ཧེ་ལེན་ལ་ཡིག་གཟུགས་སློབ་རྒྱུའི་བསམ་བློ་འཁོར་ཏེ་ཤོག་ངོས་སུ་ལག་གཡས་པས་ཡི་གེ་འབྲི་བཅུག་པ་མ་ཟད་གཡོན་པས་ཡོ་འཁྱོགས་སོགས་མི་ཡོང་བའི་ཚད་འཛིན་སོགས་བྱེད་ཐབས་བསླབས་པས་ཧེ་ལེན་གྱིས་ཡི་གེ་འབྲི་ཤེས་པར་བྱུང་།
༼མུ་འགོད།༽
དཔེ་ཡག་པོ་འདུག།
རྩོམ་ཡིག་འགོད་པ་པོ་མཆོག་གིས་ཧེ་ལན་ཁེ་ལར་དང་། སློབ་དགེ་ཨན་མཆོག་གི་ལོ་རྒྱུས་ལེགས་པར་བཀོད་པར་ཐུགས་རྗེ་ཆེ། བརྗོད་བྱ་དང་རྗོད་བྱེད་གཉིས་ཀ་ལེགས་པས། ཡིད་ལ་དང་བ་འདྲེན་པ་ཞིག་བྱུང་།
ལོང་བ་རྣམས་ཀྱིས་འབུར་ཡིག་ཀློག་པ་ཧེ་ལན་ལ་། སློབ་བྱེད་པ་ཨན་མཆོག་གིས་གསར་གཏོད་བྱས་པ་ཞིག་ཏུ་མངོན།
་
བོད་ཡིག་དུ་དེ་འདྲའི་ལོང་བ་དག་གིས་ཀློག་པའི་ཆེད་དུ་ས་སྐྱ་བླ་མ་མདྨ་དབང་གྲགས་མཆོག་གིས་བཟོ་བསྐྲུན་མཛད་པ་དེ། བདག་ཨ་རིའི་གྲོང་ཁྱེར་ནེཝ་ཡོརྐ་ལ་ཡོད་སྐབས། ལོ་ཤས་སྔོན་ལན་མང་དུ་བསྟན་པར་མཛད། ཁོང་གིས་ཧེ་ལན་ཁེ་ལར་དང་། སློབ་དགེ་ཨན་གྱི་ལོ་རྒྱུས་གསན་ཡོད་ངེས་བསམས།
་
རྩོམ་ཡིག་པ་མཆོག་གིས། ཁ་སྐད་བཞིན། དགོང་། ཞེས་མ་བྲིས་པར་བོད་ཀྱི་སྔར་ཡོད་གཞུང་དཔེ་དག་དང་། དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་དང་བསྟུན་ཏེ། དགོངས། ཞེས་བྲིས་པར་དགའ་བ་ཆེ།
སླར་ཡང་གཤམ་གྱི་མིང་ཚིག་དག བོད་དཔེ་ཡོངས་གྲགས་དང་། བོད་ཀྱི་སྔར་དར་སྲོལ་ཅན་གྱི་དག་ཡིག་དག་བསྟུན་ན། བོད་ཀྱི་རིག་གཞུང་ལ་སྲུང་སྐྱོབ་ཏུ་འགྱུར། དེས་ན།
བཟོས་པ་མ་ཟད་ལ། བཟོས་པར་མ་ཟད། ཅེས་དང་།
ནང་སྒོ་འདེམས་ཏེ། ཞེས་པར་བྱ་ཚིག་གཞན་ཞིག་དགོས་པར་མཐོང་། ནང་སྒོ་བསྡམས་ཏེ། ཡང་ན། ནང་སྒོ་བརྒྱབས་ཏེ། ལུང་པ་སོ་སོའི་ཁ་སྐད་ཤོར་ཏེ། རྒྱབ། ཅེས་པར་རྒྱག ཅེས་པ་ཡང་མང་དུ་མཐོང་།
ཡོང་། ཞེས་པར་། འོང་། ཕྱི་སྒོ་རྒྱག་ནས་། ཞེས་པར་། ཕྱི་སྒོ་བརྒྱབས་ནས་། ཞེས་བོད་ཡིག་དག་ཆ་ལ་རྩི་བར་འདོད་པས་བྲིས་པ་ལ་དགག་པ་དང་། འཕྱས་འདོགས་ཡོད་ན། རྒྱོབས་ཤིག ཅེས་སོ།
ེབཀུར་འོས་དགེན་ལ་དྭགས་འཇམ་དཔལ་ལགས་ཀྱིས་དགོངས་ཚུལ་དང་དག་བཅོས་གནང་བར་བཀའ་དྲིན་ཆེ་ཞུ། འབུར་ཡིག་འདི་དགེན་ཨན་ལགས་ཀྱིས་གསར་གཏོད་བྱས་པ་རེད་མི་འདུག འབུར་ཡིག་འདི་ཐོག་མར་ཧྥ་རན་སི་དམག་མིས་གསང་བརྡ་སྐྱེལ་བྱེད་ཀྱི་བརྡ་ཡིག་དེ་ཕྱིས་སུ་དབྱིན་ལན་གྱི་ལོང་བ་ཞིག་ལ་དམག་མི་ཞིག་གིས་རིགས་པ་དེ་བསླབས་ནས་འབུར་ཡིག་བྱུང་བའི་ལོ་རྒྱུས་ཤིག་ངས་མཐོང་མྱོང་། འོན་ཏེ་ད་ལྟར་གསལ་པོ་མི་དྲན་འདུག གང་ལྟར་ཧེ་ལེན་ལོ་བརྒྱད་ལ་སླེབས་སྐབས་པེར་ཀིན་སློབ་གྲྭའི་ནང་དུ་འབུར་ཡིག་ཅན་གྱི་དེབ་བརྒྱ་ཕྲག་ཡོད་པར་བཤད་འདུག་ལགས།
རྣ་བས་མ་གོ་མིག་གིས་མ་མཐོང་ན། དེ་ལས་ལྷག་པའི་དཀའ་ངལ་ཞིག་འཇིག་རྟེན་འདིར་དཀོན་པར་སྣང་། གལ་ཏེ་དབང་བོ་གཅིག་ལ་སྐྱོན་ཤོར་ཡང་གཉིས་ཀ་དུས་གཅིག་ཏུ་མི་འོང་བའི་སྨོན་ལམ། །
ཡགཔོ་འདུག མུ་འགོད་གནང་རོག
དགའ་བསུ་ཡོད། འདི་རིགས་མུ་མཐུད་འབྲི་རོགས་ཞེས་འབོད་སྐུལ་ཞུ།
སྒྲུང་དེ་སྙན་པོ་འདུག་
འཕྲོ་ལ་སྒུག་བསྡད་ཡོད།