སྐྱོ་བྲག་དགའ་དབང་།
བསྭཽ། རང་གི་བསམ་པ་བཞིན་མ་བྱུང་བ་ན་ཐན་ཟློག་བྱེད་པ་ནི་བོད་པའི་གོམས་གཤིས་ཡིན་ཕྱིར། ངས་ཀྱང་དྲ་གྲོགས་དམ་པ་ཉིན་འགར་གོ་རིག་མི་འདུག་པའི་ཐན་ལྟས་འདི་ཚོ་ཡིན་སྲིད་སྙམ་པ་དག་ལ་ཟློག་སྒྱུར་རེ་བྱེད་ཀྱི་ཡིན།
ཀྱེ། སྲིད་པ་ཡེ་ནས་ད་ལྟའི་བར། །
ཐན་ལྟས་ཟློག་པའི་བཀའ་སྲོལ་ཡོད། །
དྲ་གྲོགས་གོ་རིག་མེད་པའི་རྐྱེན། །
ཡིན་པར་སྲིད་པའི་ཐན་ལྟས་ཟློག །
སྐྱེ་བའི་ཐ་མ་འཆི་བ་ནི། །
འགྲོ་བ་ཀུན་གྱི་ཆོས་ཉིད་དེ། །
ཚེ་བསོད་དབང་ཐང་ཞན་པ་དག །
གཞོན་ཤིར་གྱུར་པའི་ཐན་ལྟས་ཟློག །
འབྱུང་བ་འཁྲུགས་པའི་ཟུག་གཟེར་གྱིས། །
ལུས་སེམས་སྟོབས་ཤུགས་དབྱིངས་སུ་ཡལ། །
གྲག་འགུལ་མེད་པ་ཉལ་སར་ལུས། །
ཉམ་ཐག་ནད་པའི་ཐན་ལྟས་ཟློག །
སེམས་ནས་ཞེན་པ་མ་ཡལ་ཀྱང་། །
བག་ཡོད་མེད་པའི་རང་གཤིས་ཀྱིས། །
འཕྲུལ་ཆས་ཐང་ལ་ཟག་པ་སོགས། །
ཆག་གྲུམ་ཤོར་བའི་ཐན་ལྟས་ཟློག །
དུས་རབས་སོ་སོའི་ལོངས་སྤྱོད་ལ། །
ཉེར་མཁོའི་ཤེས་ཡོན་ཅི་ཡང་མེད། །
མཉེན་ཆས་འཁྲུགས་པ་མ་ཤེས་པར། །
ཐོམ་མེ་ལུས་པའི་ཐན་ལྟས་ཟློག །
རང་ཉིད་མ་རབས་ལས་ཀ་ལ། །
བྱང་བ་ལྟ་བུར་གཞན་དག་ཀྱང་། །
ཡིན་པར་དོགས་པའི་གཞུང་འདྲེ་ཡིས། །
དྲ་སྒོ་བརྒྱབས་པའི་ཐན་ལྟས་ཟློག །
འདོད་ཆེན་ནམ་མཁའ་སྟོང་པའི་མཐའ། །
གང་དུ་མེད་པའི་སྤྱོད་ཐལ་དང་། །
བསོད་ནམས་དམན་པའི་སྤྲང་འཆལ་གྱི། །
སྒོར་མོ་རྫོགས་པའི་ཐན་ལྟས་ཟློག །
འདོན་ཡོན་ཞེན་པ་མ་ཆོད་པས། །
བར་དོ་དྲི་ལ་འཁོར་བ་བཞིན། །
གླ་ཆའི་གོ་སྐབས་ནམ་ཐོབ་ལ། །
གཡོག་ཏུ་རྒྱུག་པའི་ཐན་ལྟས་ཟློག །
རང་གི་སྣང་བ་མ་དག་པས། །
གཞན་པའི་གཏམ་ལས་གང་ཡིན་ཀྱང་། །
ཐམས་ཅད་གནོད་པའི་དགྲར་མཐོང་བ། །
སྣ་ཐུང་ཁོང་ཁྲོའི་ཐན་ལྟས་ཟློག །
འགྲོ་བའི་བསམ་སྤྱོད་ཐ་དད་ལ། །
གུ་ཡངས་བསམ་ཤེས་མ་ཐུབ་པས། །
འཁྲུགས་རྐྱེན་སྣ་ཚོགས་བྱུང་བ་ན། །
གློ་བུར་ངེས་འབྱུང་ཐན་ལྟས་ཟློག །
འཛམ་གླིང་གནས་ཚུལ་ཁྱབ་གདལ་ཕྱིན། །
རང་གི་གནས་ཚུལ་རྒྱུན་ལྡན་གྱུར། །
བལྟ་ཉན་བྲོ་བའི་གནས་ཚུལ་ཟད། །
ཅི་བྱར་མེད་པའི་ཐན་ལྟས་ཟློག །
དུས་ཀྱི་ཆོ་འཕྲུལ་དྲ་ལམ་ནས། །
དགྲ་གྲོགས་སྒྱུ་མའི་གར་སྒྱུར་བ། །
དྲ་འབུ་ཕོ་མོ་འཛོམས་པ་ལ། །
གེགས་བྱེད་ཐན་ལྟས་ཐམས་ཅད་ཟློག །
དོ་རྒྱལ་སྨོན་ལོག་ཐན་ལྟས་ཟློག །
དོ་རྒྱལ་འབྱུང་པོའི་ཐན་ལྟས་ཟློག །
དོ་རྒྱལ་གནོད་འཚེའི་ཐན་ལྟས་ཟློག །
དོ་རྒྱལ་རྗེས་འབྲངས་ཐན་ལྟས་ཟློག །
རྩོམ་འདི་འབྲི་སྟངས་ཡག་པོ་ཞིག་རེད། སྲོལ་རྒྱུན་དང་དེང་རབས་ཀྱི་བྲོ་བ་གཉིས་ཀ་ལྡན།
ཐན་ལྡོག་ཟེར་བའི་དོན་དེ་ལེགས་པར་ཤེས་སོང་།
རང་བཞིན་འགྱུར་མེད་ཆོས་སྐུའི་ཞིང་།།
རྣམ་རོལ་འགགས་མེད་ལོངས་སྤྱོད་རྫོགས།།
འགྲོ་དོན་ཡོལ་མེད་སྤྲུལ་པའི་སྐུ།།
སྐུ་གསུམ་འགྲོ་བའི་མགོན་དེར་འདུད།།
སྔོན་བྱོན་བདེན་ཚིག་གྲུབ་རྣམས་ཀྱིས།།
འགྲོ་བའི་སྡུག་བསྔལ་སེལ་བའི་ཐབས།།
གཏོ་བཅོས་སྣ་ཚོགས་མཛད་པ་རྣམས།།
ཚིག་ཙམ་ཡིན་པར་རློམ་པ་ཟློག །
སྨན་དང་རྫས་ཀྱི་ནུས་པ་བཞིན།།
བདེན་ཚིག་གྲུབ་པའི་ཚིག་སྦྱོར་ལས།།
ལས་རྣམས་བདེ་བར་གྲུབ་མོད་ཀྱང་།།
དེ་ཚུལ་མི་ཤེས་རྨོངས་པ་ཟློག །
སྨན་དང་སྨན་པའི་ལས་ཐབས་ཀྱིས།།
ཕན་དང་མི་ཕན་སྣ་ཚོགས་ཀྱང་།།
སྨན་ཀུན་རྫུན་མར་མི་འགྱུར་བཞིན།།
གསང་སྔགས་དེ་ལྟར་མ་རྟོགས་ཟློག །
ཟློག་གོ་རང་གི་མགོ་ལ་ཟློག །
སྒྱུར་རོ་རང་གི་མགོ་ལ་སྒྱུར།།
ཕྱི་ནང་བར་གསུམ་དུས་ཀུན་ཀྱི།།
མི་དགེའི་མཚན་ལྟས་དགྲ་ལ་སྒྱུར།།
དགྲ་ཆེན་བདག་འཛིན་འབྲལ་མེད་འཆང་།།
ཕྱི་རོལ་དགྲ་ལ་ཐན་དུ་བརྩི།།
རང་དོན་སྒྲུབ་ཆེད་གཏོ་བཅོས་འབད།།
ཐན་ལྟས་དེ་ཡིས་ཐན་གཞན་ཟློག །