ཟླ་བ་གཞོན་ནུ།
ནག་མོ་ཁོལ་ལགས་ཀྱི་མི་ཚེའི་ལོ་རྒྱུས་ལ་གཏམ་རྒྱུད་གང་མང་ཞིག་ཡོད་ཅིང་། འཁྲུངས་ཡུལ་ལའང་བཤད་པ་མི་མཐུན་པ་མང་དག་ཅིག་ཡོད་དེ། ཁ་ཤས་ཀྱིས་ཁོང་ཁ་ཆེ་ནས་རེད་ཟེར་ལ། ལ་ཤས་ཀྱིས་ལྷོ་ཕྱོགས་ནས་ཡིན་པར་བརྗོད།
ཡང་གཞན་པ་འགས་ཁོང་ཟ་ཧོར་གྱི་ཕྱོགས་སུ་འཁྲུངས་པར་ཡང་བཞེད་ཅིང་།ཡང་ཁ་ཤས་ཀྱིས་ཁོང་ཨོ་རྒྱན་གྱི་ཡུལ་དུ་འཁྲུངས་པར་བཤད་པ་སོགས་བཤད་ཚུལ་མི་མཐུན་པ་ཧ་ཅང་མང་། རྒྱུ་མཚན་ནི་སྔོན་གྱི་མཁས་པ་དེ་དག་ནི་དེང་གི་མི་རྣམས་དང་མི་མཚུངས་པར་ཁེངས་སྐྱུང་རབ་ཏུ་ཆེ་བ་དང་། མཁས་འདོད་དང་གྲགས་འདོད་ཀྱི་ཀུན་སློང་རྩ་ནས་སྤངས་པས། ཐ་ན་རང་གི་ཕྱག་རྩོམ་ལ་མཚན་མི་འགོད་པ་ནི་རྒྱུན་འབྱམས་ལྟ་བུར་བཤད། དེའི་རྐྱེན་གྱིས་ཕྱི་ནང་གི་སྔ་རབས་མཁས་པ་གང་མང་ཞིག་གི་བརྩམས་ཆོས་སུ་ལ་གཏོགས་མིན་དང་། སུས་མཛད་མིན་སོགས་རིགས་པ་ཞིབ་མོས་མ་དཔྱད་པར་ཤ་གཟུག་ཟ་རྐྱང་ལྟ་བུ་མི་འོང་བའང་ཀུན་སྤྱོད་བཟང་བོ་དེས་ལན་པར་འཆད་དོ།།
གང་ལྟར་དང་ཐོག་སློབ་དཔོན་ནག་མོ་ཁོལ་ཁོང་གླེན་པ་ཞིག་ཡིན་པ་བོད་ལ་སྔོན་ནས་གྲགས་པ་ལྟར་རོ།། དེ་ཡང་རྒྱལ་བོའི་སྲས་མོ་ཧ་ཅང་མཁས་ཤིང་མཛངས་པ་ཞིག་ཡོད་པ་དེས་སུ་ཞིག་མོ་དང་ལྷན་དུ་བརྩད་ནས་རྒྱལ་ན་དེའི་མནའ་མ་བྱེད་རྒྱུ་ཁས་འཆེས། བརྒྱ་ལ་རྩོད་པ་ཤོར་ན་གདོང་ནག་པོ་བཟོས་ཤིང་མགོ་རེགས་བྱས་ཏེ་རྒྱལ་པོའི་ཁབ་ལས་བོང་བུ་ལ་ཞོན་དུ་བཅུག་སྟེ་ཕྱི་ལ་བསྐྲད་རྒྱུ་བྱས། རྒྱལ་བོའི་སྲས་མོ་ཧ་ཅང་མཁས་ཤིང་མཛངས་པ་ཞིག་ཡིན་གཤིས་པཎྜིཏ་གང་མང་ཞིག་ཕམ་པར་བྱས་པས་ཞལ་སྐྱེངས་ཏེ། མཐར་སྙིང་ནད་རྩོད་པའི་ཇུས་བཤམས། དེ་ནས་པཎྜིཏ་མང་བོས་གྲོས་བྱས་ཏེ་ནག་མོ་ཁོལ་(ཁོང་གིས་སྡོང་བོའི་ཡལ་ག་ཞིག་ལ་ཞོན་ཏེ་ཡལ་ག་དེ་ག་རང་གཅོད་ཀྱིན་པ་དངོས་སུ་མཐོང་བས)སྲས་མོར་རྩོད་པ་བྱེད་དུ་ཁྲིད། པཎྜིཏ་དེ་དག་གི་དམིགས་ཡུལ་ནི་སྲས་མོ་ལ་མག་པ་བླུན་པོ་ཞིག་བཙལ་ནས་མོ་རང་ཞལ་སྐྱེངས་པ་ཞིག་བྱེད་དོ་དགོངས་པའོ།། དེ་ནས་ཁབ་ཏུ་ཁྲིད་དེ་ཁོང་ཅག་ན་རེ་ཁོང་གིས་ངག་ནས་ཅང་མི་སྨྲ་བར་རྣམ་འགྱུར་ཉིད་ཀྱིས་རྩོད་པ་བྱེད་པར་འགྱུར་རོ་བྱས་སོ།།
དེ་ནས་སྲས་མོས་མཛུབ་མོ་གཅིག་བསྟན་ཏེ་ཤཱཀྟི(ནུས་པ)་ནི་གཅིག་ཁོ་ནའོ་ཞེས་པའི་བརྡ་མཛད་པར། ནག་མོ་ཁོལ་གྱིས་མོས་ཁོང་གི་མིག་བྲུས་མི་འོང་ངམ་སྙམ་སྟེ་ཕྱིར་མཛུབ་མོ་གཉིས་བསྟན། དེ་སྲས་མོས་ལན་ཡང་དག་ཅིག་ཏུ་ངོས་འཛིན་བྱས་པ་སྟེ། ནུས་པ་ནི་མངོན་པའི་ཚེ་གཉིས་གཉིས་སུ་མངོན་པར་བྱེད་པ་དེ་སྟོན་པའོ་ཞེས་མཁས་པ་དེ་དག་གིས་འགྲེལ་བས་སོ།། (ཤི་བ་དང་ཤཱཀྟི། ན་ར་དང་ནཱརཱི་ལ་སོགས་པ་ལྟ་བུ།)
དེ་ནས་སྲས་མོས་མཛུབ་མོ་རྣམས་བརྐྱངས་ཏེ་ལག་པ་ཡ་གཅིག་ཐལ་ལྕག་གི་ཚུལ་དུ་བསྟན་པར། ནག་མོ་ཁོལ་གྱིས་ལན་དུ་ཁུ་ཚུར་བསྟན། དེ་ཡང་སྲས་མོས་ལན་འགྲིག་པར་བརྩིས་པ་སྟེ། སྲས་མོས་མཛུབ་མོ་ལྔ་བརྐྱངས་པ་འབྱུང་བ་ལྔའི་བརྡ་རུ་མཛད་པ་དང་། ནག་མོ་ཁོལ་གྱིས་ཁུ་ཚུར་བཅོས་པ་འདུས་ཤིང་བྱས་པའོ་(ས། ཆུ། མེ། རླུང་། ནམ་མཁའ།)ཞེས་པའི་བརྡ་རུ་འགྲེལ།
ཁོང་ལ་རྒྱལ་ཁ་ཐོབ་པས་དེ་ནས་ཁོང་གཉིས་གཉེན་བསྒྲིགས་ནའང་། ཅང་མ་འགོར་བར་སྲས་མོས་ནག་མོ་ཁོལ་བླུན་པོ་ཞིག་ཡིན་པ་རྟོགས་པར་གྱུར་ཏེ། ཕོ་བྲང་ལས་ཕྱིར་བསྐྲད། ནག་མོ་ཁོལ་ཐད་ཀར་ནག་མོའི་ལྷ་ཁང་དུ་ཕྱིན་ཏེ། སྐུའི་མདུན་དུ་ལྕེ་བཅད་པར། ལྷ་མོ་ནག་མོ་དངོས་སུ་སྣང་བར་གྱུར་ཏེ། ཁོང་ལ་མཆོག་གི་དངོས་གྲུབ་གནངས། ཁོང་ཕྱིར་ཕོ་བྲང་དུ་ཕེབས་པར། ཁོང་གི་ཆུང་མས། “ ཨསྟི ཀཤྩིཏ བཱག བིཥེཤཱ?” (ཁྱོད་ངག་ལ་མཁས་པར་གྱུར་ཏམ?) ཞེས་དྲིས་པར། ཀཱ་ལི་དཱ་སས་ཚིག་མགོ་མ་གསུམ་གྱིས་མགོ་བཙུགས་ཏེ། སྙན་ངག་གི་བསྟན་བཅོས་ཆེན་མོ་རེ་རེ་མཛད་པ་སྟེ།
ཨསྟི — ཨསྟི ཨུཏྟརསྱཱཾ དིཤི ཞེས་ཨསྟིས་མགོ་བཙུགས་ཏེ་<<གཞོན་ནུ་འབྱུང་བ>>།
ཀཤྩིཏ— ཀཤྩིཏ ཀཱནྟཱ ཞེས་ཀཤྩིཏས་མགོ་བཙུགས་ཏེ་<<སྤྲིན་གྱི་ཕོ་ཉ>>།
བཱག —བཱགཱརྠབིབ་ཞེས་བཱག་གི་ཡིག་འབྲུས་མགོ་བཙུགས་ཏེ་<<ར་གྷུའི་གདུང>>ཞེས་པའི་སྙན་ངག་གི་བསྟན་བཅོས་དེ་དག་མཛད་པར་གྲགས་སོ།།
སྒྲུང་འདི་<<དབྱངས་ཅན་མགུལ་རྒྱན>>གྱི་འགྲེལ་མཛད་མཁན་པོ་སློབ་དཔོན་འདོད་པའི་དབང་ཕྱུག་མཆོག་གིས་ཚོགས་ཐུན་ཞིག་ལ་གསུངས་པ་ཟིན་བྲིས་སུ་བཏབ་པའོ།།
སྒྲུང་འདི་འདྲ་ཞིག་མི་ལོ་ལྔ་བཅུ་ཟིན་ལ་ཉེ་བར་གོ་མ་སོང་། དེ་ཡག་པོ་བྱུང་།
ད་རུང་སྒྲུང་འདི་འདྲ་ཡོད་ན་བོད་ཡིག་ལ་ཕབ་རོགས། ཚེ་རིང་།
ཁོང་གི་འཁྲུངས་ཡུལ་ལ་བཞེད་པ་མ་འདྲ་བ་མང་པོ་ཡོད་ཀྱང་གོང་གི་སྒྲུང་དང་བསྡུར་ན་ཡུལ་གཞན་ཞིག་ནས་ས་དེར་སློབ་སྦྱོང་དུ་ཡོང་བ་མིན་པ་མངོན་གསལ་རེད་་་་གང་ལྟར་རྒྱལ་བོ་དེ་ཡུལ་གང་གི་ཡིན་ན་དེའི་ཉེ་འཁོར་ཞིག་ཡིན་པ་གསལ་བོ་རེད་་་
རྩོད་པ་བྱེད་སྐབས་ཀྱི་ཚིག་མ་གཏོགས་སྔོན་བདག་གིས་ཐོས་པ་དང་གཅིག་མཚུངས་་རེད་ ཁོང་གི་གསུང་ཞིག་ན་ཀུར་གུམ་དང་ལྷན་ཅིག་སྐྱེས་པར་བཤད་པས་ཁ་ཆེ་ཡུལ་རེད་ཟེར་མཁན་ཡང་འདུག
མཆོག་གི་དངོས་གྲུབ་ཟེར་རྒྱུ་ཡིན་ནམ།
དེང་སྐབས་འཛམ་གླིང་ལ་ཚན་རིག་དར་ནས་འཇིག་རྟེན་འདིར་བསྔོགས་པ་མ་ཚད་རྒྱུད་སྐར་གཞན་ཀྱང་བསྔོགས་ནས་ཚར་གྲབ་ཡོད་དུས། བོད་མི་རིགས་འདི་དུང་སྐད་ཡིག་ཤི་རོ་ཞིག་ལ་དཔྱད་པ་བཏང་མ་ཚར་པར་བསྡད་ཡོད་པ་རེད།
འཛམ་གླིང་སྒང་འདིར་མི་སུ་ཞིག་གིས་མ་བསླབ་མཁས་བ་ཆགས་པ་མཛུབ་མོ་འཛུག་ས་ཡོད་མ་རེད།
ད་སྟོན་པ་དང་སྤྲུལ་སྐུ་མི་དགོས་
ངས་ལོ་ངོ་ཕལ་ཆེར་བདུན་ཅུ་མ་ཟིན་གོང་དུ། འདི་དང་ཆ་འདྲ་བ། རྟོག་པས་བཏགས་ཤིང་མིང་མངས་ལ་ཡོངས་གྲགས་་ཆགས་པའི་ནག་མོ་འཁོལ་གྱི་སྒྲུང་བོད་སྐད་དུ་བཀླགས། བོད་སྐད་ལ་ཉམས་མྱོང་དམན་པ་དག་གིས་དེ་འདྲ་མཐོང་མེད་པ་སུའི་སྐྱོན་ཡིན་ནམ།
ངས་ལོ་ངོ་ཕལ་ཆེར་བདུན་ཅུ་མ་ཟིན་གོང་དུ། ཞེས་པ་དེ། ངས་ལོ་ངོ་ཕལ་ཆེར་བདུན་ཅུའི་གོང་དུ། ཞེས་བཅོས་སོ།
ནག་མོ་འཁོལ་གྱི་ལོ་རྒྱུས་བཀོད་པ་ཐུགས་རྗེ་ཆེ། འདི་ཕལ་ཆེར་བོད་ཡིག་ནང་ཡོད་བསམ་གི ངས་ཀྱང་འདི་འདྲ་ཞིག་བོད་ཡིག་ནང་ཀློག་མྱོང་འདུག
ལ་དྭགས་པས་ཅིག་ཤེས་མདོག་མདོག་བྱས་འདུག བྱིས་པ་དང་ལྷན་དུ་སྐད་ཆ་བཤད་མི་འདོད་ལེ
གཞོན་ནུ་ཟླ་མེད་ལགས། ནག་མོ་ཁོལ་གྱི་བརྩམས་ཆོས་དང་སྦྱར་བའི་སྒྲུང་འདི་འདྲ་ད་བར་ཐོས་མྱོང་།
ཁོང་སྔོན་མ་གླེན་པ་ཡིན་སྟངས་དེ་ད་བོད་ལ་སྔར་ནས་ཡོངས་གྲངས་ཡིན་བསམ་གི
ངས་ཐོས་མྱོང་བའི་ལོ་རྒྱུས་གོང་ལྟར་ཡིན་པ་ལ།
་་་་་ནག་མོ་ཁོལ་ཐད་ཀར་ནག་མོའི་ལྷ་ཁང་དུ་ཕྱིན་ཏེ། སྐུའི་མདུན་དུ་ལྕེ་བཅད་པར། ལྷ་མོ་ནག་མོ་དངོས་སུ་སྣང་བར་གྱུར་ཏེ། ་་་་་་་ ཞེས་པ་འདི་ལ།
ཉིན་ཅིག་ནག་མོ་ཁོལ་གྱིས་སྔར་རྒྱུན་བཞིན་ལྷ་མོ་ནག་མོའི་རྡོ་སྐུའི་མདུན་དུ་གསོལ་བ་འདེབས་དུས། རང་གི་གཡོག་མོ་ལ་སྲས་མོས་མངགས་པ་ལྟར། ལྷ་མོ་ནག་མོའི་སྐུའི་རྒྱབ་ཏུ་ཡིབ་ཏུ་བཅུག་ནས། ཁྱོད་ལ་ཅི་དགོས་ཟེར་བ་ལ། ང་ལ་ངག་གི་དངོས་གྲུབ་དགོས་ཞེས་པ་ལ། སྐུ་རྒྱབ་ནས་གཡོག་མོས་འོ་ན་འདི་ཟ་ཤིག་ཅེས། ལ་དུ་༼རྒྱ་གར་གྱི་མངར་ཟས་ཅིག༽ཟ་འཕྲོ་སྤྲད་པ་ལ། ལྷ་མོ་རང་གིས་གནང་བྱུང་སྙམ་ནས་བཟས་པས་བྱིན་གྱིས་བརླབས་པས་དེ་ནས་བཟུང་མཁས་པར་གྱུར་པ་བཤད།
གློ་གྲོས་ཡོད་ན། ལ། ཞེས་པ་ལགས་ཞེས་འབྲི་བ་ལྟར། ལེ། ཞེས་པ་དེ། ལེགས། ཞེས་འབྲི་དགོས་སོ།
གློ་གྲོས་ཡོད་ན། ཞེས་པ་དེ། བློ་གྲོས་ཡོད་ན། ཞེས་བཅོས།
་
བླུན་པོའི་ཡོན་ཏན་ཁར་འབྱིན་ཏེ།