གཡུ་དྲུག་དཀར། རྡ་ས།
ཕར་ལྟོས་ན་མི་རེ་འགའ་ལས་མི་མཐོང་བས། ཁ་ཞེང་ཆུང་དྲགས་པའི་རྒྱུད་ལམ་ཆུང་ཆུང་ཞིག་ཏུ་སྣང་ཡང་། དུས་རབས་ཀྱི་ལམ་ཡིན། ཁ་སང་དེ་རིང་གི་བརྐྱང་བསྐུམ་གྱི་རྣམ་འགྱུར་ལ་བརྟག་ན། ཧ་ཅང་ཐུང་ཐུང་ཞིག་ཚོར་ཡང་། རེ་ལྟོས་དང་ངང་སྒུག་གི་ལམ་ཡིན། གཞུང་རྒྱུད་ཀྱི་ཀྱཀ་ཀྱོག་གི་ཁུག་པ་དང་། ས་རྡོ་འབར་འབུར་རྡོག་ཏུ་ཐོན་པའི་ངོས་ན། ཇི་འདྲའི་རྩུབ་ཉམས་ཤིག་མཆིས་མོད། ཞི་བའི་ལམ་ཡིན།
འོན་ཀྱང་། མི་འགའ་ཤས་ཛ་དྲག་དང་འུར་གསེང་ཁྲོད་ཕར་ཐོན་ཞིང་། སྐྱོ་ཉམས་དང་སེམས་འཁྲལ་གྱིས་ཕྱིར་ལོག་གིན་པའི་འགྲུལ་བཞུད་ཀྱི་ཟློས་གར་རེ་རེ་ལས། ཁྱོད་ཀྱི་སྙིང་རྗེ་མེད་པའི་གཤིས་རྒྱུད་དེ་མཐོང་ཐུབ་ཅིང་། ཚུར་རོལ་གྱི་རེ་བ་ངོ་མ་གཅེར་བུར་བགྱི་ཡང་། ཕ་རོལ་གྱི་ཕྱི་རྐྱེན་ནང་རྐྱེན་ལ་ཁེན་པའི་ཆོ་འཕྲུལ་ཞིག་འདུར་རྒྱུག་བྱེད་པའི་སྣང་བརྙན་དེ་ལས། ཁྱོད་ཀྱི་ཟོག་བརྫུས་ཀྱི་རང་བཞིན་དེ་ཡང་མྱོང་ཐུབ་པས། མི་ལོ་སུམ་ཅུའི་བར་ཐག་དང་ཤུལ་རྗེས་ལ་ལྟོས་ན། ཁྱོད་ནི་ཇི་འདྲའི་གཞན་དབང་གཞན་དབང་ཞིག་དང་། ནུས་མེད་ནུས་མེད་ཅིག སྐབས་རེར་འགྲོ་ས་ཞིག་བདོག་པ་ལྟ་བུ། སྐབས་རེར་འགྲོ་ས་ཞིག་མེད་པར་འདྲ་ཞིང་། མཚམས་རེར་འགྲོ་ལམ་ཞིག་ཡིན་པའམ། མཚམས་རེར་འགྲོ་ས་ཞིག་མིན་པར་ཡང་ཐེ་ཚོམ་པའི་སྣེ་མོ་གཉིས་ཀྱི་བར་ཐག་ལས་ཅི་ཡང་མི་འདུག
ཅི་ཡང་མིན་པའི་ཁྱོད་ཀྱི་བར་ཐག ས་འོག་གི་དར་ཐག སེམས་ཀྱི་གསང་ཐག སུ་ཞིག་གི་ཚེ་ཐག་དེ་རེད་ཟེར་བས། གཡོ་བརྫུས་དང་ལྐོག་ཇུས་ཀྱིས་བཟོས་པའི་ཁྱེད་ཀྱི་བར་ཐག་གི་རྨ་ཁ་དེ་ཇི་འདྲའི་ཟབ་ཨང་།
འབྲེལ་མོལ་གྱི་ལམ་ཡཱ། ང་ཚོའི་སྙིང་ཁོང་ན་ཁྱེད་ནི་དོན་ངོ་མའི་ལམ་ཞིག་ཡིན། ང་ཚོའི་རྡོག་སྣེ་རུ་ཁྱེད་ནི་སེམས་དང་སེམས་ཀྱི་འབྲེལ་མོལ་གྱི་ལམ་ཞིག་ཡིན། ཁྱེད་ནི་ང་ཚོ་ཕྱིར་རྡོག་པའི་ལམ་ཡིན། ཁྱེད་ནི་ང་ཚོའི་མ་འོངས་པའི་ལམ་ཡིན། དེ་བས། ཁྱེད་ལྟ་བུའི་འགྲོ་ལམ་ཞིག་རྙེད་སོང་བའི་ཉི་མ་དེ་ནས། ང་ཚོའི་བྲང་ཁོག་རེ་བས་ཁེངས་ཤིང་། ང་ཚོའི་སེམས་པ་ཕ་ཡུལ་དང་བར་ཐག་ཉེ་རུ་སོང་ལ། ང་ཚོའི་ཡིད་སྤྲོས་བས་བརྟས་ཤིང་། དགའ་བས་མྱོས་ཡོད། ཉི་མ་དེ་ནས་ང་ཚོས་བདེན་པའི་མིག་གིས་ཁྱེད་ལ་ལྟོས་ཡོད། ང་ཚོས་ཡིད་ཆེས་ཀྱི་རྣ་བ་ཁྱེད་ལ་གཏད་ཡོད།
འོན་ཀྱང་། རེ་བཞག་གི་སྙིང་ལ་བཅིངས་པའི་མི་ལོ་སུམ་ཅུའི་བར་ཐག་དེ་ནས། འགྲུལ་བཞུད་ཐེངས་བརྒྱད་ཀྱི་རྡོག་སྒྲས། ང་ཚོའི་རྨི་ལམ་གྱི་འབྱུང་ཁམས་ཡོངས་སུ་དཀྲོགས་སོང་པས། ད་ནི་སེམས་ནང་གི་ན་ཟུག་དང་སྙིང་ནད། དོགས་པ་དང་སྐྱོ་སེམས་ཇེ་ཆེ་ནས་ཇེ་ཆེ་དང་། རེ་བ་དང་ཡིད་ཆེས། སྨོན་འདུན་དང་གདེང་སྤོབས་ཇེ་ཆུང་ནས་ཇེ་ཆུང་རེེད་པས། བར་ཐག་འདིའི་འགྲུལ་མི་ཚོ་མགོ་ཡུ་འཁོར་ནས་ལོག་གྲབས་འདུག་ལ། ལོག་སོང་ན་སྐྱུག་མི་འཇོག་པའི་ངེས་པའང་མི་འདུག་ན།
ད་ནི་འབྲེལ་མོལ་གྱི་ལམ་བུ་ལ་རང་གི་སྲོག་སྙིང་མེད་པར་སུ་ལའང་ཡིད་ཆེས་དང་གདེང་སྤོབས་མེད་པའི་བེམ་པོ་ཙམ་ལས་མ་འདས།།
“ད་ནི་སེམས་ནང་གི་ན་ཟུག་དང་སྙིང་ནད། དོགས་པ་དང་སྐྱོ་སེམས་ཇེ་ཆེ་ནས་ཇེ་ཆེ་དང་། རེ་བ་དང་ཡིད་ཆེས། སྨོན་འདུན་དང་གདེང་སྤོབས་ཇེ་ཆུང་ནས་ཇེ་ཆུང་རེེད་” ཞེས་པའི་འཚོར་པ་འདི་ནི་ང་རང་རྩིས་པས་ཆོལ་གསུམ་བོད་རིགས་མང་ཆེ་བའི་མཐུན་མོང་གི་མྱོང་འཚོར་དངོས་འབྲེལ་ཞིག་རེད་ འོན་ཀྱང་ དོན་ཆེན་འགྲུབ་པར་ངང་རིང་དགོས་ཞེས་པ་ལྟར་ རྒྱལ་ཁབ་དང་མི་རིག་གཅིག་གི་རྩ་དོན་གྲུབས་རྒྱུར་དཀའ་ཚེགས་དང་དུས་ཡུན་རིང་པོ་འགོར་སྲིད་པ་ནི་དཔེ་ན་རྒྱ་གར་དང་ཨི་སི་རལ་ལྟ་བུ་རེད་བསམ་ འོན་ཀྱང་ད་ལྟའི་བོད་རྒྱ་གཉིས་ཀྱི་གནས་རྟངས་དེ་ བོད་ནི་རོགས་མགོན་མེད་པའི་བྲོག་མོ་ཆུང་ཆུང་ཞིག་དང་འདྲ་ལ་ རྒྱ་ནི་སྟག་གཟིགས་དོམ་སེང་ཚང་མ་ཞུམ་་དགོས་པ་ལང་འཚོ་དར་བའི་གླང་ཆེན་ལྟ་བུའི་གནས་སྟངས་དེ་འདྲ་ཞིག་འོག་ བོད་ཕྱི་ནང་གཉིས་སུ་བོད་མི་ཚོར་དཀའ་སྡུགས་ཇི་འདྲ་ཞིག་འཕྲད་རུང་ ང་ཚོར་དཀའ་སྡུགས་དེ་གསེལ་ཆེད་དགྲ་བོར་བརྒོལ་བའི་རྫས་མཚོན་གྱི་ནུས་པའི་སྟོབས་ཀྱང་མེད་ལ་ རྫས་མཚོན་གྱི་བརྒོལ་བའི་ལངས་ཕྱོགས་ཀྱང་མིན་པར་ ང་ཚོའི་སྟོབས་དང་ནུས་པ་ནི་དྲང་བདེན་དང་ རེ་བ་ ཡིད་མཆེས་ གདེང་སྤོབས་ སེམས་ཤུགས་ སྙིང་སྟོབས་ ཕྱི་ནང་གཉིས་སུ་ཆོལ་གསུམ་བོད་མིའི་སྐྱིད་སྡུགས་མཉམ་མྱོངས་ཀྱི་ཆིག་བསྒྲིལ་གྱི་ནུས་སྟོབས་དེ་ཡིན་ སྟོབས་ཤུགས་འདི་ནི་དམགས་དཔུང་དང་མཚོན་རྫས་ཀྱི་སྟོབས་ལས་ཀྱང་ནུས་པ་ཆེ་བ་ཡིན་པའི་ཁུངས་སྐྱེལ་མི་ལོ་༦༠་རིང་རྒྱ་དམར་དམགས་དཔུང་ནས་བོད་མིར་བཙན་བརྣོན་སྡུགས་སྦྱོང་ཇི་ལྟར་བྱས་ཀྱང་བོད་པའི་ངོ་བོ་བརྟན་པོར་གནས་ཐུབ་ཡོད་པ་དེ་རེད་ དེར་བརྟེན་རྒྱ་དམར་ནས་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་རིགས་ཡོངས་ཀྱི་སྙིང་ལ་ཕོག་ཆེད་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་དང་སྙིང་ནོར་༧ གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་ཁུངས་མེད་ཀྱི་མཚན་དམས་དང་བོད་དོན་གྲོས་མོལ་རིམ་པར་དོན་འབྲས་གསོན་མི་འཇུག་པ་གང་ཐད་ནས་ཀྱང་བོད་མིའི་སེམས་ཤུགས་དང་ སྙིང་སྟོབས་ རེ་བ་ ཡིད་མཆེས་ ལར་རྒྱ་ལ་སོགས་བོད་མིའི་བདེན་པའི་ནུས་སྟོབས་གཅིག་པུ་དེ་ཉིད་མེད་པར་བཟོ་རྒྱུ་ཡིན་པ་དེ་ན་ ང་ཆོ་བོད་རིགས་ཡོད་དོ་ཅོག་ནས་དུས་ནམ་ཡང་ གནས་སྟངས་གང་གི་རྐྱེན་པས་ཀྱང་ འུ་ཐུག་མི་ཉན་ལ་ སེམས་ཤུགས་ཆགས་མི་ཉན་ རེ་བ་ཟད་མི་ཉན་ སྙིང་སྟོབས་ཞུམ་མི་ཉན་ ཡིད་མཆེས་སླགས་མི་ཉན་ དེ་དག་ནི་བོད་དོན་གྱི་སྲོག་རྩ་ཡིན་བོད་མིའི་སེམས་ནང་གི་ན་ཟུག་དང་སྙིང་ནད་དེ་དག་སྙིང་སྟོབས་ཞུམ་པའི་ཕྱོགས་སུ་མ་སོང་བར་ང་ཚོའི་གོང་བུའི་ནུས་པ་དཀྲུན་པའི་ཕྱོགས་སུ་ཁ་ལོ་བསྒྱུར་ཏེ་བེད་སྤྱོད་ཐུབ་རྒྱུ་གལ་ཆེ་ སྤུན་ཟླ་ཚོ་སྙིང་སྟོབས་ནམ་ཡང་མ་ཞུམ་ཨང་ དེ་ནི་དགྲ་ལ་དགོས་རྒྱུ་གཙོ་བོ་དང་རང་ཉིད་ཕུང་བའི་གཞི་ཞིག་མ་རེད་དམ་ བོད་རྒྱལ་ལོ།