དོན་ཡོད་ཞགས་པ།
གངས་ཅན་བོད་ལ་སྨྱུག་ཐོགས་མཁས་པ་མང་།།
མཁས་པ་མང་ཤོས་སྙན་ངག་མཁན་པོ་ཡིན།།
སྙན་ངག་སྣ་ཚོགས་གཙང་པོ་བཞུར་བཞུར་འབྲི།།
སྙན་ངག་དཔེ་དེབ་ག་ས་གང་དུ་རྒྱུགས།།
སེམས་ལ་གང་དྲན་ཡིག་ངོར་ཕབ་པ་ན།།
རང་གིས་རང་ལ་སྙན་ངག་མཁན་པོར་ལྟ།།
སེམས་ཀྱིས་འདི་དྲན་དེ་དྲན་མེད་པ་ན།།
སྙན་ངག་རྣམས་ནི་དབྱར་གྱི་རྩྭ་ལྡུམ་འདྲ།།
གཞུང་ལུགས་ཆེན་པོར་དུས་ཀྱི་སྙུགས་བསྲིངས་ཏེ།།
དཀའ་སྤྱད་སྡུག་རུས་བརྒྱུད་ནས་སྦྱངས་དགོས་མེད།།
གཞུང་ལུགས་སྣ་ཚོགས་གཅལ་དུ་བཀྲམས་བྱས་ཏེ།།
ཚངས་པའི་ཐིག་རིས་བཏབ་བཞིན་བརྟག་དགོས་མེད།།
རི་ཞིག་མཐོང་སྐབས་ཡིད་ལ་དགའ་སྣང་ཡོང་།།
མཚོ་ཞིག་མཐོང་སྐབས་ཡིད་ལ་སྐྱོ་སྣང་ཡོང་།།
དགའ་སྐྱོའི་ཚིག་དུམ་ཕྲེང་དུ་བསྒྲིགས་པ་ལ།།
སྙན་ངག་པ་ཡི་ཆོ་ལོ་འབབ་སོ་ལོ།།
སྟེང་ནས་དཔོན་གྱིས་བཙིར་སྐབས་སྨྲ་དབང་མེད།།
ཡིད་ལ་གང་ཡོད་ཁ་ནས་བཤད་དབང་མེད།།
ཁ་ནས་བཤད་ན་ཚེ་འདིར་འཚོ་དབང་མེད།།
སྙན་ངག་གདོང་རས་གོན་ལ་ལེ་བདའ་མེད།།
རྩ་བ་བོར་ནས་ཡལ་ག་མ་འཛིན་ཞེས།།
གུང་ཐང་བླ་མས་བསླབ་བྱ་བརྒྱབ་ནས་ཡོད།།
སྙན་ངག་བཟུང་ནས་ཕོར་བ་མི་འགེངས་པས།།
སྙན་ངག་པ་རྣམས་ངུ་སྐད་མཁན་པོར་སེམས།།
བཙན་པོ་རྒྱ་ཡི་རྒྱལ་ཁྲིམས་བཙན་པོའི་འོག།
རང་གི་སྡུག་ཡུས་འདྲེན་པའི་ཕོ་ཉ་སྟེ།།
བཙན་འོག་སྙན་ངག་མནར་གཅོད་མྱོང་བ་ཅན།།
འཁྱོག་པའི་རྒྱན་གྱིས་སྤེལ་ན་ཅི་ཞིག་ནོངས།།
ཕ་མས་རང་ལ་གནང་བའི་མིང་ཞིག་ཡོད།།
བླ་མས་རང་ལ་གནང་བའི་མིང་ཞིག་ཡོད།།
དངོས་མིང་དོར་ནས་སྨྱུག་མིང་ཡིན་ཞེས་ཏེ།།
འདྲེ་དང་སྨྱོན་པའི་མིང་འཛིན་སྙན་ངག་མཁན།།
འདི་དག་ཐམས་ཅད་ལད་མོ་ཡིན་འདྲ་སྟེ།།
ལད་མོ་བྱེད་རྒྱུ་ཧ་ཅང་མང་སོང་བས།།
ལད་མོ་བྱེད་ཡུལ་དེ་བོར་ནས་འདུག།
ལོང་བ་གཡང་མཆོངས་འདི་འདྲ་ཨེ་མ་སྡུག།
དེས་ན་ཅིའི་ཕྱིར་ཁྱོད་ཀྱིས་སྙན་ངག་འབྲི།།
རང་སེམས་སྐྱོ་ནས་སྙན་ངག་བྲིས་སམ་ཅི།།
འབྲི་རྒྱུ་མ་རྙེད་སྙན་ངག་བྲིས་སམ་ཅི།།
ཡང་ན་བཙན་པོའི་ཁྲིམས་ལ་འཇིགས་སམ་ཅི།།
མི་རྣམས་འཚོ་བ་དོན་ཡོད་བྱེད་ཕྱིར་དང་།།
རིག་པའི་གནས་རྣམས་དོན་ཡོད་བྱེད་ཕྱིར་དང་།།
མི་རིགས་ལ་རྒྱ་མཐོ་རུ་འདེགས་པའི་ཕྱིར།།
སྙན་ངག་བྲོ་གར་འཁྲབ་པ་ཡིན་ནམ་ཅི།།
ཆང་གོམས་ན་ཚ་ཅན་ལ་ཆང་ཞིག་དགོས།།
ཉལ་ཐའི་ན་ཚ་ཅན་ལ་ཉལ་ཐ་དགོས།།
དེ་བཞིན་ན་ཚ་ལྟ་བུའི་ངག་གི་སྒྱུ་མ་འདི།།
གངས་ཅན་ཡོངས་ལ་འགོས་ནས་ཡུན་རིང་འགོར།།
སྙན་ངག་སྨྲ་ལ་སྤོབས་པའི་གདེང་མེད་མོད།།
སྙན་ངག་ཚིག་གིས་དྲ་བ་ཁེངས་མཐོང་སྟེ།།
དོགས་སློང་ཚིག་ཕྲེང་སྤེལ་བའི་ཆོ་ག་འདི།།
གངས་ཅན་རིག་སྨྲའི་ཁྲོད་དུ་བརྫངས་སོ་ལོ།།
རིག་པ་སྨྲ་བ་དོན་ཡོད་ཞགས་པས་གང་ཤར་གྱིས་སྤེལ་བའོ།། ཤིས་པར་གྱུར་ཅིག་གུ། །།
སྤྱིར་འགྲོ་བ་མི་གཞན་གྱི་ལམ་ལུགས་ལ། ཚིགས་ལྷུག་ནས་འབོལ་རྩོམ་དང་ལྷུག་རྩོམ་ལ་བགྲོད་པ་དང་། ལྷུག་རྩོམ་འདི་འབྲི་དཀའ་བར་བརྩི། བདག་ཚོ་སྙན་ངག་མང་པོ་ཐོན་པ་འདི། ཚིགས་ལྷུག་འབྲི་བདེ་བ་དང་། འཇུག་བདེ་བ་ཙམ་གྱིས་དེ་ལྟར་མང་པོ་འཐོན་པ་ཡིན་སྲིད་དམ།
རང་རེ་བོད་ཀྱི་མཁས་པའི་ནང་ལ་སྙན་ངག་དང་གཙོ་བོ་ཚིགས་བཅད་འབྲི་མཁས་པ་རྣམས་ཚིགས་ལྷུག་ལ་བྱིས་པའི་གོམས་སྟབས་བཞིན་མང་པོ་ཞིག་འཁྱོར་བར་བྱེད། དེ་དང་འབྲེལ་བ་ཡོད་སྲིད་དམ།
སྨྱུ་ཐོགས་ཐམས་ཅད་སྙན་ངག་མཁན་པོ་མིན།།
གང་བྲིས་ཐམས་ཅད་སྙན་ཚིག་རྐྱང་བ་མིན།།
སེམས་ལ་གང་ཤར་ལག་པས་འཇོན་པ་འདི།།
དབུགས་རིང་ཕྱི་ལ་བཏང་པའི་སྣང་ཚུལ་ཙམ།།
སྨྱུག་ཐོགས་ཐམས་ཅད་སྙན་ངག་མཁན་པོ་མིན།།
གང་བྲིས་ཐམས་ཅད་སྙན་ཚིག་རྐྱང་བ་མིན།།
སེམས་ལ་གང་ཤར་ལག་པས་འཇོན་པ་འདི།།
དབུགས་རིང་ཕྱི་ལ་བཏང་པའི་སྣང་ཚུལ་ཙམ།།
དག་ཡིག་ངག་སྒྲོན་ལས།
སྙན་དངགས་ཟིལ་དངར་ཚར་དུ་མངར། །
ཀ་རྡོ་ལགས།
བདེན་པ་རེད། སྙན་དངགས་རེད། ཡིག་ནོར་ཤོར་འདུག་པས་དགོངས་དག
ཉེ་འཆར་དབྱིན་ཇིའི་སྙན་དངགས་སྐོར་ལ་གྲངས་ཀ་ཞིག་བཏོན་པའི་ནང་ལ། ལོ་ལྟར་སྙན་དངགས་འབྲི་མཁན་ཇེ་ཉུང་དང་། ཀློག་མཁན་ཇེ་ཉུང་གི་འགྲོ་སྟངས་ལ་བལྟས་ན། སྙན་དངགས་འབྲི་སྲོལ་འདི་གང་མགྱོགས་མཇུག་སྒྲིལ་གྱི་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག འདི་དབྱིན་ཇིའི་སྐད་ཡིག་ནང་ལ་རེད། བོད་ཡིག་ད་དུང་མ་ཤེས།