ཆབ་མདོ་ངག་ཕུན།
(ཁོང་ཉིད་འཇིག་རྟེན་འདི་ནས་ཁ་བྲལ་ཏེ་མི་ལོ་དུ་མ་སོང་བས་རྗེས་དྲན་དུ་ཕུལ།)
གནས་རྩ་གསུམ་ཀུན་འདུས་བླ་མ་རྗེ།།
རྗེ་དྲིན་ཅན་རྩ་བའི་བླ་མ་སོགས།།
བདག་མ་རིག་རྨོངས་པ་ཡོངས་སེལ་ནས།།
གནས་འཁོར་བ་འདམ་ལས་གྲོལ་བར་ཤོག།།
གནས་མ་རིག་རྨོངས་གཉིད་སེལ་པ་པོ།།
དྲིན་དགེ་བའི་བཤེས་གཉེན་ཁྱེད་ཉིད་ལ།།
བདག་མོས་གུས་སྙིང་ནས་ཡི་རངས་ཞུ།།
བདག་ཚེ་རབས་རྗེས་སུ་འཛིན་པར་ཤོག།།
མི་ང་ལ་བཀའ་དྲིན་ཆེ་བའི་རྒན།།
དུས་དེ་རིང་རྗེས་དྲན་ཞུ་བ་འདོད།།
ནང་ཤེས་རིག་བཀྲ་ཤིང་གཤིས་བརྒྱུད་འཇམ།།
མི་མཐོ་དམའ་མི་ལྟ་གཅིག་ཏུ་འཛིན།།
ངེད་སློབ་ཕྲུག་ཞོགས་པ་འཛོམས་མ་ཐག།།
ཞལ་འཛུམ་མདངས་ཁེངས་ཤིང་འཚམས་འདྲི་གནང།།
དགུན་གྲང་ངར་ཇེ་ཙམ་ཆེ་ན་ཡང་།།
དེ་སུན་སྣང་མེད་པར་སློབ་ཁྲིད་མཛད།།
གནས་གྲོང་གསེབ་སློབ་གྲྭར་ཆ་རྐྱེན་ཞན།།
རྒན་ཁོང་ཉིད་སུན་སྣང་སྤུ་ཙམ་མེད།།
ངེད་སློབ་ཕྲུག་རྣམས་ལ་ཅི་ནུས་ཀྱིས།།
དབྱངས་གསལ་བྱེད་ལ་སོགས་རིམ་གྱིས་སློབ།།
རྒན་ཁོང་གི་ག་ཚད་རྡུང་ན་ཡང་།།
ཁོང་ཉིད་ལ་མི་དགའི་འགྱུར་མ་མྱོང་།།
དུས་ད་ལྟ་བསམ་བློ་བཏང་བའི་སྐབས།།
རྒན་ཁོང་ཉིད་བྱམས་བརྩེ་མཚོན་པ་འདྲ།།
ཞལ་འཛུམ་མདངས་སྟོན་བཞིན་སློབ་ཕྲུག་ལ།།
སེམས་ཁམས་དང་མཐུན་པའི་སློབ་ཁྲིད་མཛད།།
སྐད་གཅིག་ཀྱང་མི་གཡེང་སློབ་ཕྲུག་ལ།།
རང་ནུས་པ་ག་ཡོད་སློབ་ཁྲིད་མཛད།།
སྐབས་རེ་ལ་སློབ་ཕྲུག་འགའ་ཤས་ལ།།
ཉིན་ཁ་ལག་བཟའ་རྒྱུ་མེད་པའི་སྐབས།།
ཁོང་ཉིད་ཀྱིས་བཞེས་ལག་སློབ་ཕྲུག་སྟེར།།
རྒན་ཁོང་ཉིད་གྲོད་ཁོག་སྟོངས་པ་བཞུགས།།
དུས་ད་ལྟ་ཡིད་ལ་འཁོར་བའི་སྐབས།།
རྒན་ཁོང་ཉིད་བྱམས་བརྩེའི་སེམས་ཤུགས་ལ།།
དེ་དྲན་ཞིང་བཀའ་དྲིན་ཞུ་བ་འདོད།།
རྒན་དྲིན་ཅན་དེ་ཉིད་སྙིང་ནས་དྲན།།
རྒན་དམ་པ་དེ་ཉིད་གློ་བུར་དུ།།
མགོ་ཀླད་ཁྲག་འདྲིས་ནས་ཕྱི་ལམ་གཤེགས།།
ངེད་བུ་སློབ་མགོན་མེད་ད་ཕྲུག་གྱུར།།
རྒན་དམ་པ་བཀའ་དྲིན་སྙིང་ནས་དྲན།།
ས་རྒྱུས་མེད་མི་ཡུལ་ལུང་ལ་འཁྱམས།།
མི་རྒྱུས་མེད་མཉམ་དུ་འཚོ་བ་རོལ།།
གནས་རྒྱུས་མེད་ཡུལ་ལ་གནས་གཞི་ཆགས།།
དུས་ད་ནི་ཕ་ཡུལ་ཡིད་ལ་འཁོར།།
གནས་མི་ཡུལ་ལུང་ནས་དགེ་རྒན་བསྟེན།།
རྒན་ཁོང་གིས་བརྡ་དག་སྙན་གསུམ་ཁྲིད།།
རྒན་ཁོང་གིས་བཀའ་དྲིན་དེ་ལ་བརྟེན།།
དུས་ད་ལྟ་འབྲི་ཀློག་ཤེས་ཙམ་གྱུར།།
དུས་དེ་རིང་གོ་སྐབས་དེ་ཉིད་འཛིན།།
རྒན་ཁོང་ལ་བཀའ་དྲིན་སྙིང་ནས་ཞུ།།
ཁོང་སྐུ་གཟུགས་བར་ཆད་མེད་པ་དང་།།
ཡིད་ཅི་བསམ་ལྷུན་གྱིས་འགྲུབ་པར་སྨོན།།
དེང་གངས་ཅན་བོད་ཕྲུག་ཐམས་ཅད་ལ།།
ད་གནའ་དེང་མཐུན་པའི་ཤེས་རིག་འོད།།
དེ་སྦྱིན་མཁན་དགེ་རྒན་ཐམས་ཅད་ལ།།
མི་ང་ཡི་སྙིང་ནས་རྗེས་དྲན་ཞུ།།
ད་བཀའ་དྲིན་ཆེ་འོ་དགེ་ལགས་ཚོ།།
བོད་མི་རིགས་འབྱུང་འགྱུར་གནས་བབས་ནི།།
དེ་ཤེས་ཡོན་འཕེལ་རྒྱས་རག་ལུས་ཤིང་།།
དེ་ཤེས་ཡོན་བཟང་ཞན་དགེ་རྒན་ཡིན།།
ཞེས་པ་འདི་དགེ་རྒན་ཉིན་མོར་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་བྲིས་པ་ཞིག་ཀྱང་ཡིན་ལ། དེ་ཡང་ལོ་ལྟར་བོད་མིའི་སློབ་གྲྭ་ཁག་གི་ནང་ཕྱི་ཟླ་༩ ཚེས་༥ ཉིན་དགེ་རྒན་གྱི་ཉིན་མོ་ཞེས་སྲུང་རྩི་ཞུ་བཞིན་ཡོད་པ་རེད་དོ།
ཆབ་མདོ་ངག་ཕུན་གྱིས་ཟླ་ཚེས་བཟང་པོར་ཕུལ།
རང་གི་རྒན་རྗེས་སུ་དྲན་པ་ནི་ཁྱོད་རང་ཡ་རབས་མཚོན་པ་ཡིན།