རེབ་ཐོག་མདའ།
གནའ་བོའི་སྲོལ་ལ་དུས་ཀྱི་ལྷན་པ་བརྩེགས།།
དེང་རབས་ཁྲོམ་ན་ལད་ཟློས་ཁོ་ནས་ཚིམས།།
གནའ་དེང་ཤེས་བྱའི་སྟོང་བའི་ངེད་ཅག་སྟེ།།
རིགས་མཐུན་མེས་པོ་དག་གི་ཉེས་ཅན་ཡིན།།
ཁྱོད་དང་གངས་རི་དེ་ལ་བར་ཐག་ཅིག །
ང་དང་ཁྱོད་ལ་རིགས་ཀྱི་ལས་དབང་ཞིག །
གངས་རིའི་ཁ་དོག་ཁྱོད་ཀྱི་གཤིས་ན་བོར།།
ཕུ་ནུའི་ལས་དབང་ངེད་གཉིས་སེམས་ན་བོར།།
ཕྱི་གོས་མཛེས་ལ་སྤྲོ་བ་ཁྱོད་ཀྱི་ཆོས།།
ནང་བསམ་ཕྱུག་ལ་འབད་པ་ང་ཡི་བློ།།
ཕྱི་ནང་ལྟ་བའི་ཁྱད་པར་ཅུང་ཙམ་ལས།།
ངེད་གཉིས་ཟུངས་ཁྲག་འདྲེས་པ་བདེན་པའི་ལུགས།།
ནུབ་ཀྱི་གྲོང་ན་གཡོག་པོའི་ལས་ཀྱིས་བྲེལ།།
རྡ་སའི་རི་ན་ཕྱུག་པོའི་གྲས་སུ་བགྲང་།།
སྤྱི་དོན་ཕལ་བ་རང་དོན་གཙོ་བའི་རིགས།།
ང་ཚོ་རྗེས་རབས་པ་ཡི་གྲས་ན་མང་།།
དེང་རབས་ཡིན་ཞེས་སྐྲ་མདོག་ཚོན་གྱིས་བསྒྱུར།།
གསར་བ་དར་ཞེས་ལུས་ཕུང་ཕྱི་ལ་བཏོན།།
ཕྱི་ལུས་གཙོ་བོ་བསམ་བློ་ཕལ་བའི་རིགས།།
མི་རབས་གསར་བར་འབོད་པའི་ཁྲོད་ན་མང་།།
འཛིན་པའི་བློ་དང་འབད་པའི་སེམས་དེ་དབེན།།
ཞེན་པའི་རིགས་དང་འཁུར་བའི་འགན་ཡང་བོར།།
གཞན་བརྟེན་བསམ་བློ་མཐུག་པོའི་ཕ་རོལ་ན།།
གཡེང་བའི་དུས་ལ་གདའ་བ་སྤྲོ་བའི་འཛུམ།།
གླུ་དང་གར་གྱིས་མྱོས་པ་བདེ་བར་སྣང་།།
གཞན་སྐད་ཐར་ཐོར་ངག་ལ་མོས་པར་མཛད།།
གནའ་དེང་ཤེས་བྱའི་མིག་ཟུང་མེད་པའི་བུ།།
ཞིབ་ཏུ་བསམ་ན་ང་ཚོ་རྗེས་རབས་དག །
རྒྱུ་དང་འབྱོར་བ་ཅུང་ཙམ་དར་བའི་ན།།
མི་གཞི་དྲང་ཚུགས་སྣེ་སྟེ་འཁྱོག་ནས་གདའ།།
ཐོབ་དང་གོ་སའི་རང་དོན་འཁྱོངས་བས་ན།།
རང་རིགས་རྨང་ནས་བརྗེད་པ་ངེད་ཅག་ཡིན།།
ཕུགས་རྒྱང་རིང་བོ་བསམ་པའི་བློ་དེ་དབེན།།
རང་གཞན་ཀུན་ལ་ཕན་པའི་ལྷག་བསམ་སྟོང་།།
ཀྱག་ཀྱོག་མི་ཚེ་འདི་ཡི་ཁུགས་སོ་ན།།
སྤྱི་དོན་བསམ་པའི་མི་བུ་ཉུང་ཙམ་གདའ།།
ཕྱི་ལོ་༢༠༡༤ ཟླ་༩ ཚེས་༦ ཉིན་ལྡི་ལིའི་མཐོང་མྱོང་ཡི་གེ་བཏབ།
བློ་མིག་དོག་པ་སེམས་རྒྱ་མ་ཡང་བ།།
རང་ཉིད་སྡུག་ལ་སྦྱར་བའི་ཚོགས་ངན་ཞིག།
རྐུ་ཇག་ཁྲམ་གསུམ་མིན་པའི་ཕ་རོལ་ན།།
ལྟོ་གོས་ཅི་ལྟར་འཚོལ་བ་དབྱེ་མ་དགོས།
དུས་དང་མཐུན་པའི་རྣམ་པ་མ་ཡོད་ན།
རྗེས་ལུས་ཡིན་རབས་བཤད་པ་གནའ་ནས་མང་།།
དཀྱོག་མཚམས་འདི་ན་འཕག་པའི་རིགས་གཅིག་ཚོ།།
ང་ནི་སྤོབས་པ་རྒྱས་བའི་དགའ་སྣང་ཡིན།
རྒྱུན་དུ་རྣ་སྡུག་རྐྱང་ལས་མི་གོ་བ།།
ཕྲག་དོག་རང་བརློམ་ཅན་གྱི་རྣག་ཁྲག་ལས།།
འཇིག་རྟེན་བསླབས་པར་གདོམས་པའི་གཏམ་མིན་པས།།
མགོ་པོ་ཡར་ལ་བཀྱགས་ནས་གནམ་ལ་ལྟོས། ཧ་ཧ་ཧ