བྱ་མདོ་སྐལ་རྒྱམ།
རྗེ་བླ་མའི་གསུང་རྩོམ་ལེགས་བཤད་གསེར་ཕྲེང་དང་འབྲེལ་བའི་དོན་འགའ་གླེང་བ།
—-གྲོགས་པོ་ཞིག་དང་འཕྲོས་མོལ་བྱས་པའི་སྐད་ཆ་ཡི་གེར་བསྡེབས་པ།
གསེར་ཕྲེང་ནི་རྗེ་ཙོང་ཁ་བས་དགུང་ལོ་སོ་གཉིས་སྟེང་བརྩམས་པ་ཞིག་ཡིན་པས། ཁོང་གིས་བརྩམས་པའི་གཞུང་ཆེན་ཁག་གི་ནང་ནས་སྔ་གྲས་ཤིག་ཡིན། འདི་ལས་མངོན་རྟོགས་རྒྱན་གྱི་རྒྱ་འགྲེལ་ཉེར་གཅིག་གི་འདོད་པ་མི་འདྲ་བ་དང་། བོད་ཀྱི་མཁས་པས་བཤད་ཚུལ་མི་འདྲ་བ་རྣམས་སྐབས་སྐབས་སུ་བཀོད་ནས་འཐད་མི་འཐད་ཀྱིས་དགག་བཞག་རྒྱ་ཆེར་བྱས་ཡོད་པས། རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་བཞེད་པ་ཤེས་འདོད་ཀྱང་གཞུང་མང་བོ་ཀློག་མི་ཐུབ་མཁན་ཞིག་ཡིན་ནའང་ཧ་ལམ་འདི་ཁོ་ནས་མཐུས་པ་ལྟ་བུ་ཞིག་ཡིན།
སྐབས་སྐབས་སུ་བུ་ཉའི་ཊཱིཀ་གཉིས་དང་། རེད་འདའ་བ། འོད་ཟེར་མགོན་པོ་སོགས་ཀྱི་འགྲེལ་བའི་བཤད་པ་བཀོད་པ་མང་བས་གཞུང་རང་ལ་རྒྱུས་ཅུང་ཟད་མ་ལོན་བར་དུ་རང་ལུགས་དང་གཞན་འདོད་འཁྲུལ་ཉེན་ཆེ་བ་ཡོད། འདི་ལས་ཁོང་གི་ཕྱིས་རྩོམ་རྣམས་དང་མི་མཐུན་པའམ། ལྷག་པར་ཏུ་ལྟ་བའི་སྐོར་ལ་སའི་ཚོགས་བཤད་པའི་སྐབས་ཀྱི། དེ་ཉིད་ ༤༤༡ ལས། དེའི་ཕྱིར་ས་བཅུའི་མཉམ་གཞག་རྣམས་ཀྱིས་ཆོས་ཉིད་ལ་མཐའ་བཞི་ལ་སོགས་པའི་སྤྲོས་པ་གང་དུ་ཡང་མི་འཛིན་ཞིང་དེ་མཐའ་དག་ཉེ་བར་ཞི་བ་ཙམ་ལ་སྤྲོས་བྲལ་ལམ་གཤིས་ལུགས་མཐོང་ཞེས་བཏགས་པ་ཙམ་སྟེ། ཞེས་གསུངས་པ་ལྟ་བུ་བོད་སྔ་མའི་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་རང་ལུགས་སུ་བྱས་པ་དེ་འདྲ་རེ་གཉིས་བྱུང་བ་ནི། ཡོངས་གྲགས་ཀྱིས་བཤད་ཚོད་ལ་རྗེ་ལྟ་བའི་དཔྱད་པ་མ་རྫོགས་གོང་དུ་བོད་སྔ་མའི་ལྟ་བ་དེ་ཉམས་སུ་ལེན་པས་དེའི་དབང་དུ་བྱས་པ་ཡིན་པར་བཤད་ལ།
འདི་འདྲ་ལ་བསྟེན་ནས་ཆོས་བརྒྱུད་གཞན་གྱིས་གསེར་ཕྲེང་རྗེའི་གསུང་མིན་པར་བཤད་པ་ནི་དངོས་བྱུང་གི་ལོ་རྒྱུས་ལ་རྒོལ་བ་ཁོ་ན་ཡིན་ལ། དད་པའི་འཇུག་ངོགས་ལས། ཚལ་གུང་ཐང་དུ་བརྩམས་པར་དངོས་སུ་གསུངས་ལ། རྣམ་བཤད་ཀྱི་སྐབས་འགར་ཡང་འདི་ལ་ཞལ་འཕངས་མཛད་པ་མང་དུ་སྣང་ཞིང་། སྟག་ཚང་ལོ་ཙཱ་བས་ཀྱང་། ཁྱོད་བློ་ཉི་མ་གཞོན་ནུའི་དུས་ཀྱི་ཚེ།།མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།།ཞེས་གསུངས་བ་ནི་གསེར་ཕྲེང་མཐོང་བས་ཡིན་ནོོ།།
འདིའི་སྤྱི་དོན་གྱི་སྐབས་དུ་མར་ཀུན་གཞི་དང་ཉོན་ཡིད་སོགས་ཀྱི་ཐ་སྙད་མང་དུ་འབྱུང་བ་ནི། དཔེ་ཁྲིད་ཀྱི་རྒྱུན་ལ་སྤྱི་དོན་སྐབས་སུ་སེམས་ཙམ་པའི་ལུགས་དང་། ཡན་ལག་གི་དོན་གྱི་སྐབས་སུ་རང་རྒྱུད་པའི་ལུགས་གཙོ་བོར་འཆད་པ་ཡིན་ཞེས་ཀྱང་གསུངས་སོ།།
སྡེ་ཚན་དུ་མའི་སྐབས་སུ་སྤྱི་དང་ཡན་ལག་གི་དོན་གཉིས་སུ་ཕྱེས་ནས་འཆད་པའི་སྤྱི་དོན་ཞེས་པ་ནི། སྐབས་འདིའི་འཆད་བྱ་མངོན་རྟོགས་རྒྱན་དང་འགྲེལ་བ་དོན་གསལ་གྱི་གཞུང་བྱེ་བྲག་པས་དབང་དུ་བྱས་པ་མ་ཡིན་པར། སེམས་བསྐྱེད་ལྟ་བུ་ལའང་མདོ་སོ་སོ་དང་གྲུབ་མཐའ་སྨྲ་བ་གཞན་གྱིས་གསུངས་ཚུལ། མཁས་པ་གཞན་དང་གཞན་གྱིས་འགྲེལ་སྟངས་སོགས་སྤྱིར་སྟོན་པ་ཡིན་ལ། བྱེ་བྲག་གི་དོན་གྱི་སྐབས་སུ་སེམས་བསྐྱེད་ལྟ་བུའི་མཚན་ཉིད་དབྱེ་བ་སོགས་རྒྱན་རྩ་འགྲེལ་ལས་གསུངས་ཚུལ་དང་འགྲེལ་བཤད་དག་གིས་བཀྲལ་ཚུལ་དེ་དག་ལ་འཐད་མི་འཐད་ཀྱིས་དགག་གཞག མདོ་དང་སྦྱོར་ཚུལ་སོགས་གཙོབོར་བྱས་ནས་འཆད་པ་ཡིན་པས་སྤྱི་དོན་གྱི་སྐབས་སུ་གཞུང་སྤྱིའི་གོ་བ་དང་བྱེ་བྲག་གི་དོན་གྱི་སྐབས་སུ་རྒྱན་རྩ་འགྲེལ་ལ་གོ་བ་ལེན་ཐུབ་པ་བྱེད་རྒྱུ་ཅིས་ཀྱང་གལ་ཆེ།
མདོ་དང་སྦྱོར་ཚུལ་ནི། རྒྱ་འགྲེལ་ཉེར་གཅིག་གི་དབང་དུ་བྱས་ན་མདོ་དང་སྦྱར་བ་བཅུ་གཉིས་དང་མ་སྦྱར་བ་དགུ་ཞེས་གསུངས་ལ། བོད་འགྲེལ་ལའང་བུ་ཉཱའི་ཊིཀ་སོགས་ཀྱིས་མཚོན་པའི་མང་བོ་ཞིག་ཡོད་ལ། འཕགས་སེང་གཉིས་ཀྱི་རྗེས་སུ་འབྲངས་ཏེ་འགྲེལ་བ་རྩོམ་པ་པོ་རྣམས་ཀྱིས་ཉི་ཁྲི་ལེའུ་མང་དང་ལེའུ་བརྒྱད་མ་གང་རུང་དང་སྦྱར་ཞིང་། ལེའུ་མང་ལ་ལེའུ་དོན་དྲུག་དང་བཀའ་འགྱུར་ཁྲོད་དུ་པོད་གསུམ་དུ་བསྡུས་ནས་བཞུགས་པ་དེ་ཡིན་ལ། འདིའི་རྒྱ་དཔེ་ལའང་མདོ་མ་ཚང་བ་དང་གོང་འོག་འཁྲུགས་པ་སོགས་ཡོད་པ་ནི་བཙུན་པ་གྲོལ་སྡེས་བཤད་ཚུལ་བཤད་པའི་སྐབས་ལ་བརྟག་ན་ཤེས་ལ། ལེའུ་བརྒྱད་མ་ནི་འཕགས་སེང་སོགས་ཀྱི་འགྲེལ་བར་དྲངས་པ་ལས་གཞུང་ཟུར་བ་བོད་དུ་འགྱུར་མེད་པ་འདྲ།
རྒྱ་གར་ཆོས་འབྱུང་ ༡༤༦ ལས། རྗེ་བཙུན་བྱམས་པས་ལུང་བསྟན་བཞིན་དུ་ཝཱ་རཱ་ཎ་སིར་ཕེབས་པས་དགེ་བསྙེན་ཞི་བའི་གོ་ཆས་ཉི་ཁྲི་ལེ་བརྒྱད་མའི་དཔེ་པོ་ཏ་ལ་ནས་སྤྱན་དྲངས་ཏེ་བྱོན་པ་དང་འཛོམས། ཞེས་བཤད་ལ། གསེར་ཕྲེང་ལས། དེས་(འཕགས་གྲོལ)ནི་ཉི་ཁྲི་ལ་ལེའུ་བརྒྱད་དུ་བྱས་ཤིང་དེ་ཉིད་སྐབས་བརྒྱད་དང་སྦྱར། ཞེས་གསལ་བས་ཉི་ཁྲི་ལེ་མང་ལེའུ་བརྒྱད་དུ་བསྡུས་ནས་དག་པར་མཛད་ཅིང་དེ་ཉིད་མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་དང་སྦྱར་ནས་མདོ་རྒྱན་སྦྱར་བའི་སྲོལ་ཐོག་མར་འབྱེད་པ་པོ་ནི་འཕགས་པ་གྲོལ་ལྡེ་ཡིན་ལ། དེ་བཞིན་དུ་གསེར་ཕྲེང་ལས་ཀྱང་བཤད་བྱ་རྩ་བའི་མདོ་ཉི་ཁྲི་དག་གཏུགས་དང་སྦྱར་བར་གསུངས་པའི་ཉི་ཁྲི་དག་གཏུགས་ནི་འཕགས་པས་དག་བསྒྲིགས་མཛད་པའི་ཉི་ཁྲི་ལེ་བརྒྱད་མ་ཡིན་ལ། དེང་སྐབས་སློབ་དཔོན་གྱི་ལེ་བརྒྱད་མའི་འགྲེལ་བ་ལ་ཡོངས་གྲགས་སུ་ཉི་ཁྲི་ལེ་བརྒྱད་མ་ཞེས་བརྗོད་དོ།། དེ་ལྟར་རྒྱན་རྩ་འགྲེལ་གྱི་དོན་ལ་བློ་རྒྱས་པ་ན་ངེས་པར་ཏུ་མདོ་རྒྱན་སྦྱར་བའི་ཚུལ་ལ་བསླབ་པར་བྱ་དགོས་ཏེ། ཐལ་ཕྲེང་ཙམ་ལ་མགོ་འཁོར་བས་ནི་གར་ཡང་མི་ཕྱིན་པར་རྗེ་འཇིགས་མེད་དབང་བོའི་པད་དཀར་འཁྲི་ཤིང་དུ་གསུངས་པ་ལྟར་ཡིན་ནོ།།
ཞོར་དུ་གསེར་ཕྲེང་བལྟ་བ་ལ་ཉེ་བར་མཁོ་བའི་དཔེ་ཆ་འགའ་ངོ་སྤྲོད་བྱེད་ན། སུ་ཉིད་ཡེ་ཤེས་རྒྱ་མཚོས་བརྩམས་པའི༼གསེར་ཕྲེང་ཚིག་སྡོམ་དོན་རྒན་སློང་ཐབས་ཚིག་གི་ཤེལ་འཁར་དྭངས་བྱེད་ནོར་བུའི་ཕྲེང་བ༽འདིས་ནི་སླ་ས་སྡོམ་པ་དང་དཀའ་ས་བཞག་པ་ལྟ་བུ་མ་ཡིན་པར་གསེར་ཕྲེང་གི་མགོ་མཇུག་ཆ་ཚང་ལ་ཁྱབ་པའི་ཡོངས་འདུས་རང་བཞིན་ཅན་གྱི་སྡོམ་ཚིག་མཆོག་ཏུ་གྱུར་བ་ཞིག་ཡིན་ལ། རྗེ་ཡབ་སྲས་གསུམ་གྱི་བཞེད་མཚམས་མི་འདྲ་བ་དང་། དེ་དག་གི་འགལ་སྤོང་། ཡིག་ཆ་སོ་སོའི་བཞེད་མཚམས། རྩོམ་པ་པོ་རང་ཉིད་ཀྱི་ལྟ་ཚུལ་གསར་བ་སོགས་དཔྱད་པའི་རྣམ་གྲངས་མང་ལ་ཚིག་ཉུང་བས་གསེར་ཕྲེང་ལ་འཇུག་བྱེད་ཀྱི་བསྟན་བཅོས་རྨད་དུ་བྱུང་བ་ཞིག་ཡིན།
ཝ་གིནྡྲ་བིཛྙའམ་ཡོངས་གྲགས་སུ་རྡོ་རམས་པ་སྣམ་ཆེན་གྱིས་མཛད་པའི༼གསེར་ཕྲེང་སྡོམ་ཚིག་ལ་དོགས་པ་དཔྱོད་པ་དྭངས་བྱེད་ནོར་བུའི་བྱི་དོར༽སྨོན་རམས་པ་བློ་བཟང་ཡོན་ཏན་གྱིས་མཛད་པའི༼གསེར་ཕྲེང་ཚིག་སྡོམ་དྭངས་བྱེད་ནོར་བུ་ལ་ནག་རྙོག་བྱུགས་པའི་བྱི་དོར་སྲེག་པའི་མེ་ལྕེ་འབར་བའི་ལུང་རིགས་རྡོ་རྗེ༽དགེ་བཤེས་དཔལ་ལྡན་བཟང་བོས་མཛད་པའི༼གསེར་ཕྲེང་མཆན་འགྲེལ་ལུང་རིགས་ནོར་བུའི་དོ་ཤལ༽འདི་ནི་སྐབས་ལ་ལར་འཕྲོས་ལ་ཤོར་ཏེ་གཞུང་གི་དཀྱུས་ལ་མ་རེག་པ་ལྟ་བུའང་ཡོད་ཀྱང་ཡིག་ཆ་རྣམས་སུ་མི་གསལ་བ་ཞལ་གསལ་དུ་བཏོན་པའང་མང་བས་དབང་རྣོན་གོ་བ་རྒྱ་བསྐྱེད་དུ་འཚོལ་འདོད་པ་ཞིག་ལ་མཁོ་གལ་ཆེ་བ་ཡིན།
མཁན་ཟུར་ངག་དབང་ཉི་མའི་༼གསེར་ཕྲེང་དཀའ་གནད་ཡིད་ཀྱི་ངལ་གསོ༽དང་༼གསེར་ཕྲེང་གི་ས་བཅད༽རྒྱུད་སྟོད་མཁན་ཟུར་གྲགས་པ་ཚེ་བརྟན་གྱི་༼གསེར་ཕྲེང་གི་རྣམ་བཤད་བློ་གསར་མིག་འབྱེད༽ རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོས་མཛད་པའི་༼མངོན་རྟོགས་རྒྱན་གྱི་སྤྱི་དོན༽ འདི་ནི་ཁོང་ལ་དགེ་ལུགས་པའི་དགོན་པ་ཞིག་གིས་ཞུས་ངོར་བརྩམས་པ་ཡིན་པར་བཤད་ལ། གསེར་ཕྲེང་གིས་དགག་བཞག་གི་སྤྲོས་པ་རྣམས་དོར་ནས་རང་ལུགས་རྣམས་ཚིག་ཇི་བཞིན་དུ་བཀོད་འདུག་པས་གསེར་ཕྲེང་གི་སྙིང་བོ་ངོས་མི་ཟིན་པ་རྣམས་ལ་ཟུར་བལྟའི་དཔེ་ཆ་གལ་ཆེན་ཞིག་ཡིན།
རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་༼འགྲེལ་བ་དོན་གསལ་གྱི་མཆན་འགྲེལ༽ འདིས་ནི་གསེར་རྣམ་རྟོག་གསུམ་གྱི་ཚིག་རིས་མི་འདྲ་བ་རྣམས་ཞིབ་དཔྱད་དུ་མ་དང་བཅས་ཏེ་ཡབ་སྲས་གསུམ་གྱི་དགོངས་པ་གཅིག་ཏུ་སྒྲུབ་ཅིང་མདོ་རྒྱན་སྦྱོར་ཚུལ་ལའང་ཞིབ་དཔྱད་དང་དོགས་སློང་མང་བས་ཕར་ཕྱིན་སྤྱི་དང་གསེར་ཕྲེང་བལྟ་བ་ལ་ཉེ་བར་མཁོ་བའི་དཔེ་ཆ་ཕུལ་དུ་བྱུང་བ་ཞིག་ཡིན།
དེ་ལྟར་ན་གསེར་ཕྲེང་དང་འབྲེལ་བའི་འཕྲོས་མོལ་མདོར་བསྡུས་ཙམ་རེ་ཞིག་བྱ་ཟིན་ལ།། སློབ་གཉེར་གྱི་གལ་ཆེའི་རང་བཞིན་དང་སྤྲུལ་བླ་དང་གྲྭ་གཟུགས་ཅན་མང་བོའི་སྤྱོད་པ་སྒྱུ་མའི་ཟློས་གར་སོགས་ལས་བརྩམས་པའི་སྐད་ཆ་ནི་ཁོམ་པའི་སྐབས་སུ་ཡི་གེར་བགྱིའོ།།
2014/09/07 ཉིན་གུང་།
ཆེད་དུ་ཞུ་རྒྱུར། དེའི་སྔོན་ཁ་བརྡའི་ནང་དུ་བདག་གི་སྙན་ངག་གིས་གཙོ་བའི་རྩོམ་མི་ཉུང་བ་ཞིག་༼ཚེ་རིང༽ཞེས་པའི་དྲ་མིང་ནས་སྤེལ་ཡོད་ལ། དེ་སྐད་འཕྲིན་སོགས་སུ་བཀོད་པའི་དངོས་མིང་དང་མ་མཐུན་པས་རྩོམ་ཡིག་ཁ་ཤས་ཤིག་བརྐུས་ལའང་ཤོར་འདུག་པས་ད་ནས་དྲ་ལམ་ཡོངས་སུ་དངོས་མིང་སྤྱོད་ཀྱི་ཡིན།
‚‚རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོས་མཛད་པའི་༼མངོན་རྟོགས་རྒྱན་གྱི་སྤྱི་དོན༽ འདི་ནི་ཁོང་ལ་དགེ་ལུགས་པའི་དགོན་པ་ཞིག་གིས་ཞུས་ངོར་བརྩམས་པ་ཡིན་པར་བཤད་ལ། གསེར་ཕྲེང་གིས་དགག་བཞག་གི་སྤྲོས་པ་རྣམས་དོར་ནས་རང་ལུགས་རྣམས་ཚིག་ཇི་བཞིན་དུ་བཀོད་འདུག་པས་གསེར་ཕྲེང་གི་སྙིང་བོ་ངོས་མི་ཟིན་པ་རྣམས་ལ་ཟུར་བལྟའི་དཔེ་ཆ་གལ་ཆེན་ཞིག་ཡིན།‚‚ དཔེ་ཆ་འདི་དེང་སང་ག་བ་ནས་རག་གི་རེད། ཁྱེད་ལ་ཡོད་དམ། ཁོ་བོ་ལྟ་འདོད་ཡོད།
དཔེ་ཆ་དེ་མཛད་བྱང་ལ་རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོས་མཛད་ཟེར་ནས་མཛད་བྱང་ཡོད་དམ། ངས་བསམ་ན་རྙིང་མ་ཚོས་ལེགས་བཤད་སེར་ཕྲེང་གློང་ཆེན་རབས་འབྱམས་པས་མཛད་ཟེར་བ་དེ་ཕལ་ཆེར་༼མངོན་རྟོགས་རྒྱན་གྱི་སྤྱི་དོན༽དང་གསེར་ཕྲེང་གཉིས་འདྲ་བོ་ཡོད་པས་ནོར་ནས་བ་ཆེན་པོ་བྱུང་བ་ཡིན་ཚོད་རེད་བསམ་གྱི་འདུག
རྙིང་མ་རྣམས་དཔེ་ཆའི་ཤོག་བུའི་མང་ཉུང་མི་ཤེས་པ་དེ་འདྲའི་བླུན་པོ་རྐྱང་ཨེ་ཡིན་ན། གསེར་ཕྲེང་ནི་སྤྱི་དོན་དེ་ལས་སྡེབ་བཞིས་ཆེ་བ་ཡོད། རྫ་དཔལ་གྱི་གསུང་འབུམ་གྲས་ན་འདུག་ལ་ཝར་ཎ་ནས་གཅིག་བུ་ཡང་དཔར་བསྐྲུན་བྱས་འདུག
འདོད་ཆགས་ཆེ་བའི་དགེ་རྒན་ཚོས།།
སློབ་མར་བཙན་གཡེམ་བྱེད་མཚམས་ཞོག།
ཞེ་སྡང་ཆེ་བའི་དགེ་རྒན་ཚོས།།
དགེ་སློབ་མཐུན་སྒྲིལ་གཏོར་མཚམས་ཞོག།
གཏི་མུག་ཆེ་བའི་དགེ་རྒན་ཚོས།།
སློབ་མ་ལོག་ལམ་འཁྲིད་མཚམས་ཞོག།
ལས་འཁྲལ་ངོས་འཛིན་དགེ་རྒན་ཚོས།།
སློབ་མ་འཆལ་བར་གཏོང་མཚམས་ཞོག།
ཕོག་ཐོབ་རྩོད་པའི་དགེ་རྒན་ཚོས།།
སློབ་མ་ཧམ་སེམས་སྤར་མཚམས་ཞོག།
ཕྱོགས་རིས་ཆེ་བའི་དགེ་རྒན་ཚོས།།
སློབ་མ་དུམ་བུ་ཕྱེ་མཚམས་ཞོག།
འགན་འཁུར་མེད་པའི་དགེ་རྒན་ཚོས།།
སློབ་མ་རང་ལྕེབ་གཏོང་མཚམས་ཞོག།
རྒྱན་འཛུགས་དགའ་བའི་དགེ་རྒན་ཚོས།།
རྟག་པར་རང་སྦྱོང་གཏོང་མཚམས་ཞོག།
ཆང་རག་དགའ་བའི་དགེ་རྒན་ཚོས།།
སློབ་མར་ཟ་བཟི་བཤད་མཚམས་ཞོག།
དེ་ལྟར་དགེ་རྒན་ངན་པ་རྣམས།།
སོ་སོའི་སེམས་ལ་བརྟགས་དཔྱད་བྱོས།།
བློ་གསར་ཡིད་འོང་གཞོན་ནུ་ཡི།།
མི་ཚེའི་མདུན་ལམ་བསམ་བློ་ཐོངས།།
མདོར་ན་དགེ་རྒན་འགན་འཁུར་ནས།།
རང་གི་ལས་འགན་ལེགས་སྒྲུབ་སྟེ།།
སློབ་མ་ཞི་དུལ་ཡོན་ཏན་ཅན།།
ཀུན་གྱི་མིག་དཔེ་བསྐྲུན་པར་མཛོད།།
རྩོམ་ཡིག་ལེགས་པོ་ཞིག་བྲིས་འདུག རྗེས་སུ་ཡི་རངས་ཡོད། རྩོམ་ཡིག་གི་སྐོར་ལ་ཞུ་བྱ་ཅང་མ་མཆིས་ཀྱང་། གསེར་ཕྲེང་ཀློང་ཆེན་པས་རེད་ཟེར་བ་འདི་དང་པོ་རྡ་སར་༧ གོང་ས་མཆོག་གིས་༢༠༠༤ ལོའི་དཔྱིད་ཆོས་ཆེན་མོའི་སྐབས་ཀྱི་གསུངས་ཆོས། ཀུན་བཟང་བླ་མའི་ཞལ་ལུང་དང་། སེམས་ཉིད་ངལ་གསོའི་བཀའ་ཆོས་གསུངས་སྐབས། ཀུན་བཟང་བླ་མའི་ཞལ་ལུང་གི་དཔར་གསར་སྐྲུན་གསལ་བཤད་ལ་བྲིས་འདུག ང་ཚོས་གསུངས་ཆོས་ཀྱི་བར་གསེང་སྐབས་སུ་དེའི་སྐོར་འུར་འུར་ཟ་ཁང་ནང་དུ་བགྲོ་གླེང་བྱས་མྱོང་། ཉིན་གསུམ་པའི་གསུངས་ཆོས་སྐབས་སུ་༧གོང་ས་མཆོག་གིས་དེའི་སྐོར་ལ་གསལ་བོར་གསུངས་སོང་། ཁོང་གིས་རྙིང་མའི་བླ་ཆེན་ཞིག་ལ་དེའི་སྐོར་སྐབས་དེ་དྲིས་པ་ཡིན། རྙིང་མའི་ནང་དེ་འདྲའི་བཤད་རྒྱུན་ཡོད་པ་མ་རེད་ཟེར་ནས་གསུངས་སོང་། དེ་འདྲའི་བཤད་རྒྱུན་མེད་བཞིན་དུ་ཁ་ཤས་ཀྱིས་དཔེར་སྐྲུན་གསལ་བཤད་སོགས་སུ་འདི་འདྲ་བཀོད་པ་ནི་ཡག་པོ་མ་རེད་གསུངས་སོང་། ད་དུང་ཚིག་འགྲོས་དང་རྩོམ་སྟངས་ཐད་ནས་ཀྱང་མི་འདྲ་བ་གསུངས་པ་དག་དྲན་ངོ་ན་ཡོད་ཀི
གཞོན་ནུ་ཟླ་མེད་ལགས་ཀྱིས་གསུང་བ་དངོས་བདེན་རེད་དེའི་དུས་ང་གསུང་ཆོས་ན་མེད་ཀྱང་ཁོང་གིས་དེ་ལྟར་གསུངས་བ་གོ་བྱུང་ཡང་་ཟླ་ཚེས་གསལ་བོ་མ་ངེས་པས་འགོད་ཐུབ་མ་སོང་།
གསེར་ཕྲེང་གིས་ས་བཅད་ཕྱེ་དུས། ཚམས་སྦྱར་རྩ་བ་འགྲེལ་པ་གསུམ་ཕྱེ་ཡི་འདུག སློབ་དཔོན་འཕགས་པ་དང་སེང་བཟང་གཉིས་མི་མཐུན་པ་ཡོད་པའི་སྐབས་རྩ་བའི་དོན་འགྲེལ་དུས་འཕགས་པའི་དགོངས་པ་གཙོ་བོ་དང། འགྲེལ་པའི་སྐབས་སེང་བཟང་གི་དགོངས་པ་གཙོ་བོ་འགྲེལ་གྱི་ཡོད་པའི་ཚོར་སྣང་བྱུང། ཡང་གསེར་ཕྲེང་དུ་‚‚བདག་ཉིད་ཆེན་པོ་‚‚བདག་ཉིད་ཆེན་པོ་‚‚ ཞེས་པ་དེ་སུ་རེད་དམ། རྙིང་མ་ཚོས་གསེར་ཕྲེང་གློང་ཆེན་པས་གསུངས་ཟེར་བ་དེ་མ་ཡིན་པའི་སྒྲུབ་བྱེད་གང་བཏང་རྒྱུ་ཡོད་དམ། གློང་ཆེན་དང་གཙོང་ཁ་པ་གཉིས་ཀྱི་བར་ལ་དུས་ཡུན་ཇི་ཙམ་གྱི་ཁྱད་ཡོད་ཤེས་ཀྱི་ཡོད་དམ
བདག་ཉིད་ཆེན་པོ་ཞེས་པ་ནི་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་རེད།རྩ་བའི་སྐབས་འཕགས་པ་དང་འགྲེལ་བའི་སྐབས་སློབ་དཔོན་གཙོ་བོར་བྱས་ནས་འཆད་པ་ནི་བདེན་པ་རེད། ཀློང་ཆེན་པའི་ཡིན་མིན་ནི་རྩོད་པ་མ་ཡིན་པའི་རྩོད་པ་ཡིན་པས་ལན་མང་བོ་འདེབས་སུ་མ་མཐོང་།
རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལེགས་བཤད་གསེར་ཕྲེང་དང་། ཀུན་མཁྱེན་ཀློང་ཆེན་པའི་མཛད་པར་གྲགས་པའི་གསེར་ཕྲེང་གཉིས་གཅིག་ཡིན་མིན་ཐག་གཅོད་དཀའ་བར་སེམས། ཀློང་ཆེན་པའི་རྣམ་ཐར་ཐུགས་སྲས་ཆོས་གྲགས་བཟང་པོས་མཛད་པའི་རྣམ་ཐར་མཐོང་པ་དོན་ལྡན་བྲིས་མ་དང་པར་མ་མང་ཆེ་བའི་ནང་དུ་༼ལེགས་བཤད་གསེར་ཕྲེང་༽ཟེར་བ་ཟུར་ཙམ་ཡང་མ་ཐོན། རྣམ་ཐར་མཐོང་དོན་ཕྲེང་གཏེར་ཤེས་རབ་འོད་ཟེར་གྱིས་བཞེངས་པའི་དཔལ་རི་དགོན་གྱི་པར་མའི་ནང་དུ། མངོན་རྟོགས་རྒྱན་གྱི་ལུས་རྣམ་བཞག་གི་སྤྱི་དོན་གསེར་གྱི་ཕྲེང་བ། དེའི་གསལ་བྱེད་རྒྱན་གྱི་སྣང་བ། ཤེར་ཕྱིར་སྐོར་ལ་བསྟན་བཅོས་གཉིས་ཡོད་པའི་ཟོལ་ལྟ་བུ་འཁོད་ཡོད། སྡེ་དགེ། ཨ་འཛོམས། རྡོ་གྲུབ་སོགས་ཀྱི་པར་མར་༼མངོན་རྟོགས་རྒྱན་གྱི་ལུས་རྣམ་བཞག་གི་གསལ་བྱེད་རྒྱན་གྱི་སྣང་བ།༽ཞེས་པ་ལས་གསེར་ཕྲེང་གི་ཚིག་གཏན་ནས་མེད། ཀློང་ཆེན་པའི་བསྟན་བཅོས་༢༧༡་དབྱེ་དུས། གསེར་ཕྲེང་ཟེར་བ་མེད། འོན་ཀྱང་བྱམས་ཆོས་ལྔའི་སྤྱི་དོན་དང་དེའི་ས་ལམ་རྣམ་བཞག་གཉིས་སོ་སོར་དབྱེར་གནང་ཡོད། དེ་གཉིས་གཅིག་ཏུ་བྱས་ན་མ་ཚང་བ་ལྟ་བུའི་སྐྱོན་ཡང་ཡོད། ཀློང་ཆེན་བཀའ་འབུམ་གསན་ཡིག་ཁག་ཏུའང་འཁོད་མེད། ཞྭ་ལུ་བློ་གསལ་བསྟན་སྐྱོང་གི་གསན་ཡིག་ན་ཡོད་ཟེར་བ་དེའང་བཤད་སྒྲོས་ཙམ་ལས་རྣམ་ཐར་ཏུ་མི་བཞུགས། གོ་ཚོད་ལ། དར་ཐང་སྤྲུལ་སྐུའི་ཕྱག་ཏུ་ཀློང་ཆེན་པའི་གསེར་ཕྲེང་ཟེར་བའི་དཔེ་རྙིང་ཞིག་ཐོབ་ཡོད་པར་ཐོས་ཀྱང་མཐོང་རྒྱུ་མི་འདུག གསེར་ཕྲེང་ཟེར་ཚད་གཅིག་ཡིན་མི་དགོས་པས་སྐྱོ་མ་སྔ་བཙན་བྱེད་དགོས་པར་མ་མཐོང་ངོ། །མི་སུ་ཞིག་ཡིན་ཀྱང་དང་པོའི་བག་ཆགས་དེ་བློ་ནས་འདོར་དཀའ་བས། ཀུན་མཁྱེན་དོལ་པོ་བས། །
འདི་ན་རང་རིགས་རྒན་པོའི་ངག་ཙམ་དཔང་དུ་བྱེད་པ་དང་། །
དང་པོར་གང་ཐོས་དེ་ལ་ཞེན་སླད་ཕྲ་མ་སྔ་བཙན་དབང་སོང་དང་། །
རྟོན་པ་བཞི་བྲལ་འདོད་མི་མང་པས་བདེན་པར་འཇོག་པའི་མི་རྣམས་དང་། །
མཐུན་པར་དཀའ་མོད་སྲས་བཅས་རྒྱལ་བའི་དགོངས་པ་དང་མཐུན་དོན་དང་མཐུན། །
ཞེས་པ་ལྟར་དགེ་རྙིང་གཉིས་ཀྱི་ཞེན་ལྟ་ཅན་ཕལ་མོ་ཆེར་དེའི་སྐྱོན་ཅུང་ཟད་ཡོད། ཤོར་ཐོབ་ཅིག་ཡོང་གི་དོགས་པས་རྩོད་པ་ཡིན་ལས་ཆེ། ནམ་ཞིག་བཤད་ཕྱོགས་གཉིས་ལས་བརྒལ་བའི་གསེར་ཕྲེང་ཡིག་རྙིང་ཞིག་དབང་པོའི་མངོན་སུམ་དུ་མཇལ་བའི་དུས་ཞིག་བྱུང་ན་ཅི་བྱ། །
དེ་ཡང་སྡེ་དགེ་དཔར་ཁང་ནས་དཔར་བསྐྲུན་བྱས་པའི་ཀློང་ཆེན་པའི་གསུང་འབུམ་ཁྲོད་དུ། ཀློང་ཆེན་མཛོད་བདུན་དང་། སྙིང་ཐིག་ཡ་བཞི། ངལ་གསོའི་སྐོར་གསུམ། རྒྱུད་གསང་སྙིང་བོ་སོགས་པོད་བཅུ་གཅིག་ཙམ་འབྱུང་བ་ལས་ལེགས་བཤད་གསེར་ཕྲེང་ཞེས་པའི་བསྟན་བཅོས་ཤིག་མེད་ལ། རྒྱལ་ཚབ་མཁས་གྲུབ་གཉིས་ཀྱི་གསུང་ལས་ཀྱང་རྗེ་རིན་པོ་ཆེས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་བ་ལས་ཞེས་ཞལ་འཕངས་མཛད་པ་འགའ་རེ་ཡོད་ལ། རྗེའི་ཤེར་གྱི་འགྲེལ་བ་ནི་གསེར་ཕྲེང་མིན་ན་གཞན་མེད་ལ། དད་པའི་འཇུག་ངོགས་ལས་ཀྱང་ཞལ་གསལ་དུ་ཐོན་པས། གསེར་ཕྲེང་ཀློང་ཆེན་པའི་ཡིན་ན་སྲས་གཉིས་ཀྱིས་དེ་ལྟར་གསུངས་པ་མི་སྲིད་ལ། བརྐུས་དགོས་པའི་རྒྱུ་མཚན་དང་དགོས་པ་གཉིས་ཀ་མེད་པས། འདི་ནི་ཞེན་པ་ཙམ་མ་ཡིན་པས་དངོས་ཡོད་ལོ་རྒྱུས་སྨྲ་བ་ཙམ་ཡིན།
གཉིས་པ་(འཐད་ཕྱོགས་ངོས་གཟུང་བ་)ལ་གཉིས། བཀའ་དང་བསྟན་བཅོས་ཀྱི་མཚན་གཞིའོ། །དང་པོ་(བཀའི་མཚན་གཞི་)ནི། ཆོས་སྟོན་པ་པོར་སྣང་བ་གཟུགས་སྐུ་གཉིས་དང༌། དེས་བསྟན་པར་སྣང་བ་གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ་ནི་‚‚‚གདུལ་བྱའི་གཞན་སྣང་འབའ་ཞིག་ལ་འཇོག་པས་‚‚‚བཀའ་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་སྒྱུ་མ་ལྟ་བུས་བདག་རྐྱེན་དང་གདུལ་བྱའི་རྒྱུད་དག་པས་རྒྱུའི་རྐྱེན་བྱས་པ་ལ་བརྟེན་ནས་གདུལ་བྱ་དེའི་ཤེས་པ་མིང་ཚིག་ཡི་གེའི་རྣམ་པ་དེ་དང་དེར་སྣང་བ་ཉིད་ཡིན་པའི་ཕྱིར། ཉན་པ་པོའི་རྒྱུད་དང་འབྲེལ་གྱི། སངས་རྒྱས་ཀྱི་རྒྱུད་དང་མ་འབྲེལ་ཏེ། གཞན་དུ་ན། སངས་རྒྱས་ལ་ནང་གི་ཤེས་པ་ཕྱི་རོལ་གྱི་སྒྲར་ཞེན་པའི་མ་རིག་པ་ཡོད་པས་སྒྲིབ་པ་མ་ལུས་པ་སྤངས་པ་མི་སྲིད་པས་སོ། །ཉན་པ་པོའི་རྣམ་རིག་དེ་ཡང༌། སངས་རྒྱས་ཀྱི་མཐུ་ལས་བྱུང་བའི་ཕྱིར་དེས་བྱས་པར་བཞག་སྟེ། དཔེར་ན་རྨི་ལམ་ན་སྔགས་ལ་སོགས་པ་ལྷའི་མཐུས་རྙེད་པའི་རྣམ་རིག་ཉིད་རང་གི་ཤེས་པ་ཡིན་ཀྱང་ལྷས་བྱས་ཞེས་བརྗོད་པ་བཞིན་ཏེ།
གསུང་འདི་དགེ་པའི་དགེ་བཤེས་ཚོས་དགོངས་པ་ག་འདྲ་ལེན་གྱི་ཡོད་དམ།
དེ་ལ་མ་རིག་པའི་བག་ཆགས་ཀྱི་ས་ནི། བསྡུ་བ་ལས། དེ་བཞིན་གཤེགས་པའི་ཡེ་ཤེས་ཉག་གཅིག་གིས་སྤོང་བར་བཤད་པའི་ཟག་བཅས་ཀྱི་གནས་ངན་ལེན་ཕྲ་མོ་སྟེ། ‚‚དེའི་དཔེ་ལ་སྔ་རབས་པ་དག་གླ་རྩི་བླུགས་པའི་སྣོད་ན་དེ་མེད་ཀྱང་དྲི་མ་ནམ་པ་བཞིན་དུ་‚‚ཉོན་མོངས་དང་ཉེ་ཉོན་རྣམས་སྤངས་ཀྱང་དེ་དག་གི་རྟེན་བྱས་པའི་བག་ལ་ཉལ་ལོ་ཞེས་འཆད་དོ། །ཟག་མེད་ཀྱི་ལས་ནི་ཉོན་མོངས་དང་མ་འདྲེས་ལ་སྲིད་པའི་རྒྱུར་གྱུར་པའི་སེམས་པ་སྟེ་སྔར་བསྟན་པ་བརྒྱད་པོ་ལྟ་བུར་མངོན་ནོ། །
མ་རིག་པའི་བག་ཆགས་ཀྱི་ས་གསེར་ཕྲེང་གི་བཤད་པ་འདི་ལས་གསལ་བ་དང་ལྷག་པ་མེད་ཚོད་རེད།
‚‚བདག་ཉིད་ཆེན་པོ་ཞེས་པ་ནི་ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་རེད།‚‚ སྐལ་རྒྱམ་ལགས། རྔོག་བློ་ལ་བདག་ཉིད་ཆེན་པོ་ཞུ་དགོས་དོན་གང་ཡིན་ནམ། གཞན་སྔ་རབས་ཀྱི་མཁས་པ་རྣམས་རང་རང་མིང་ནས་སྨོ་ནས་ཁོང་ལ་བདག་ཉིད་ཆེན་པོ་ཞུ་དགོས་དོན་ཧ་གོ་མ་སོང། དཔེར་ན། (བདག་ཉིད་ཆེན་པོ་དང་‚‚ཨར་ལ་‚‚སོགས་པའི་མཁས་པ་རྣམས་ཀྱིས་སྔར་ལྟར་བཤད་པ་འཐད་པར་མཐོང་ངོ་།) (ཏིང་ངེ་འཛིན་གྱི་བྱིན་རླབས་ཞེས་‚‚རིག་རལ་‚‚འདོད་པ་ནོར་རོ།) (དྭགས་པོ་ན་རེ།) (འདི་ལ་ཁྱུང་ན་རེ།) (‚‚བྱང་ཡེ་‚‚ནི་མཐོང་ལམ་བར་མ་ཆད་དུ་སྐྱེ་བས་དབང་པོ་འཕོ་ལོང་མེད་) འདི་དག་སོ་སོའི་མཚན་ནས་སྨོས་ནས་ལོ་ཙཱ་བ་ལ་བདག་ཉིད་ཆེན་པོ་ཞུ་དགོས་དོན་གང་ཡིན་ནམ།
གོ་ཚོད་ལ། དར་ཐང་སྤྲུལ་སྐུའི་ཕྱག་ཏུ་ཀློང་ཆེན་པའི་གསེར་ཕྲེང་ཟེར་བའི་དཔེ་རྙིང་ཞིག་ཐོབ་ཡོད་པར་ཐོས་ཀྱང་མཐོང་རྒྱུ་མི་འདུག གསེར་ཕྲེང་ཟེར་ཚད་གཅིག་ཡིན་མི་དགོས་པས་སྐྱོ་མ་སྔ་བཙན་བྱེད་དགོས་པར་མ་མཐོང་ངོ། །‚‚
ལྷག་བསམ་ལགས་ཡག་པོ་བྲིས་འདུག ང་ལ་གོ་ཚོད་གཅིག་ལ་དར་ཐང་ལག་ཏུ་ཡོད་པའི་གསེར་ཕྲེང་ཟེར་བ་དེ་སྐལ་རྒྱམ་གྱིས་ཟེར་བའི་རྫ་དཔལ་སྤྲུལ་གྱི་དེ་རེད། དེ་ལ་རྫ་དཔལ་སྤྲུལ་གྱིས་མཛད་ཟེར་བའི་མཛད་བྱང་ཞིག་ཡོད་ཚོད་འདུག དར་ཐང་ཁོ་རང་གིས་ང་ཚོའི་གྲྭ་བ་ཁོང་རང་མདུན་དུ་ལས་ཁ་བྱེད་མཁན་ཞིག་ལ་གློང་ཆེན་གྱི་སེར་ཕྲེང་འདི་དགེ་ལུགས་པས་གཙོང་ཁ་པས་མཛད་ཟེར་གྱི་ཡོད་པ་རེད་ཅེས་ཁོང་ལ་ལབ་ནས་དཔེ་ཆ་བསྟན་སོང་ལབ་ཀྱི་འདུག ཁོང་གྱི་ཀྱང་དབུ་ནས་ཀློག་དུས་གསེར་ཕྲེང་གི་ཚིགས་འདྲ་བོ་དེ་འདྲ་འདུག་ལབ་སོང་ཁོ་རང་དཔེ་ཆ་ཡག་པོ་དེ་འདྲ་མ་རེད། ང་ལ་རྙིང་མ་ཚོས་གསེར་ཕྲེང་གློང་ཆེན་གྱི་གསུང་རེད་ལབ་ཀྱིན་ཡོད་པ་ ༢༠༠༠ གོང་ལ་གོ་མྱུང་ཡོད། ཡིག་ཐོག་བྲིས་བ་ཕལ་ཆེར་ཟླ་མེད་ཀྱི་བདེན།
དྲི་མེད་ལྷག་བསམ་ལགས། སྐྱོ་མ་སྔ་བཙན་ཟེར་བའི་གོ་དོན་གསལ་པོ་ཞིག་གསུང་རོགས།
ཚིག་འདིར་ད་དུང་ཡང་གོ་བ་ཡག་པོ་ཞིག་ཐེབས་མ་སོང་།
ལོ་ཙཱ་བ་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཆོས་རྗེ་རྔོག་བློ་ལྡན་ཤེས་རབ་སྟེ་་་ཞེས་གསེར་ཕྲེང་གཞུང་གི་སྦྱར་བྱང་དུ་འབྱུང་བ་འདིས་ཤེས་ནུས་པར་མ་ཟད། གསེར་ཕྲེང་གཞུང་གི་སྐབས་མང་བོར་རྔོག་བློའི་ཊཱིཀ་ཆེ་ཆུང་གཉིས་ལ་ཚད་མར་མཛད་པ་འདིས་ཀྱང་ཤེས་ནུས། ཁྱེད་ཀྱིས་དྲི་བ་སྔ་མ་གཉིས་ལ་ལན་གསལ་ཐག་ཆོད་ཅིག་ཟེར་ན་མི་ཤེས་ཀྱང་གཏན་ནས་བཤད་རྒྱུ་མེད་པའང་མིན་མོད། འདིར་འདབས་མཆན་ཙམ་དུ་མི་ཤོང་བས་ངལ་བ་མ་བྱས། གསེར་ཕྲེང་ལ་ཐོས་ལོ་བྱས་མྱོང་མཁན་ཞིག་ཡིན་ན་དེ་ཙམ་གྱི་དཀའ་གནད་ཀྱང་མིན།
མཆན་15་པ། འཇིགས་མེད་བློ་གྲོས་ལགས་ལ། སྐྱོ་མ། རྩམ་ཐུག་ལ་གོ། དཔེ་ཡིས་བསྟན་དོན་ཁ་མཆུ་སློང་བའོ། ། ཡོལ་མོའི་ཕྱོགས་སུ་ད་དུང་ཡང་རྩམ་ཐུག་ལ་སྐྱོ་མ་རང་དུ་འབོད། གཏམ་དཔེ་འགར། གྱང་བར་དུ་ཆུ་རྒྱག་པ། མི་བར་ཏུ་ལྕེ་རྐྱོང་པ། ཟེར་བའི་ཆུ་དང་། ལྕེ་གཉིས་ཀས་ཁ་མཆུའི་དོན་སྟོན་པ་ལྟར། སྐྱོ་མ་གཤེར་པོས་འབྱར་རྩི་མི་ཡོང་། ཟེར་བའི་དཔེས་ཤོག་ལྡེབ་ལ་བར་ཤོག་སྦྱོར་དུས་གཤེར་དྲག་ན་སླར་འབྱེད་པའི་རྐྱེན་དུ་གྱུར་བས་བཏགས་སྐད་དོ། །མདོར་ན་ཁྲིམས་གཏུག་སོགས་བྱེད་དུས་དང་པོ་བཤད་མཁན་ལ་དུས་ཚོད་ཡང་མང་ཙམ་ཐོབ་པ་དེང་དུས་ཀྱང་མཐོང་བའི་ཆོས་སུ་གྱུར་པས། བཤད་པ་སྔ་མ་དབང་བཙན་དུ་འགྲོ་བ་མང་པས། འདྲིས་དེ་ཙམ་མེད་པའི་མི་ཞིག་གི་བཟང་ངན་རིན་ཐང་ཡང་། བློ་གཟུ་བོར་གནས་པ་ཞིག་མིན་ཚེ་འགྲམ་གྱིས་མིས་བཤད་པ་སྔ་མ་དེའི་རྗེས་སུ་འགྲོ་ལྡོག་བྱེད་པ་ཆོས་ཉིད་དོ། །
བྱ་མདོ་སྐལ་རྒྱམ་ལགས། གོང་དུ་དྲངས་པའི་གསེར་ཕྲེང་གི་ལུང་དེའི་སྐབས་སུ་མཉམ་བཞག་གི་ངོས་ན་ཀུན་རྫོབ་ཀྱི་སྤྲོས་པ་ཅི་ཡང་མེད་པར་གསུང་བ་མ་གཏོགས་བོད་སྔ་མའི་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་རྗེའི་རང་ལུགས་སུ་བྱས་ཡོད་པ་ཁ་གསལ་པོ་ཞིག་མི་སྣང་། སྐབས་འདིའི་གཞུང་རྣམས་གུང་བསྒྲིགས་ཏེ་བལྟས་ནའང་ས་བཅུའི་མཉམ་བཞག་གི་ངོས་ན་མཐའ་བཞི་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་རིག་ངོའི་སྟོང་ཉིད་ཙམ་བསྟན་པར་ཧ་ཅང་གསལ། ཡིན་ཡང་། ཁྱེད་ཀྱིས་སྐབས་འདིར་བོད་སྔ་མའི་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་རྗེའི་རང་ལུགས་སུ་བྱས་ཡོད་པར་ཐག་བཅད་ནས་སྨྲས་པ་ནི། གོང་གི་ལུང་དེའི་ཚིག་རིས་ཀྱི་ངོ་གདོང་ཙམ་ལ་ཁེན་པ་ཡིན་ནམ། ཡང་ན། ཁུངས་ལུང་རྒྱུ་མཚན་གཞན་ཞིག་ལ་བརྟེན་པ་ཡིན།
མཉམ་གཞག་ངོ་ན་སྤྲོས་པ་མ་མཐོང་བ་དང་མེད་པར་མཐོང་བ་གཉིས་ལ་ཁྱད་འབྱེད་པ་ནི་རྗེའི་དབུ་མ་དགོངས་པ་རབ་གསལ་སོགས་ཕྱི་རྩོམ་དག་ན་དམིགས་བསལ་གྱིས་རྩལ་བཏོན་ནས་གསུངས་ཡོད་པས། ལས་སླ་མོའི་ངོས་ནས་བཤད་ན་བོད་སྔ་མ་དང་རྗེའི་ལྟ་བའི་ཁྱད་པར་ཡང་འདི་ལས་འབྱེད་དགོས་ལ། འདིའི་ཁུངས་ནི་གུང་ཐང་བསྟན་པའི་སྒྲོན་མེའི་བསྟོད་པ་དོན་ལྡན་མའི་འགྲེལ་བར་སྔ་རབས་པའི་ལྟ་བ་ཡིན་པར་གསུངས་ཡོད། གོང་དུ་དྲངས་པ་དེའི་འོག་ན་ད་དུང་ཚིག་ཅིག་ཡོད་པས་ལྟ་བའི་སྐོར་ལ་གོ་ཐོས་ཅུང་ཟད་ཡོད་ན་མི་འདྲ་བའི་ཁྱད་པར་ཤེས་དགོས་པ་འདྲ་ཞིག་ཡོད།
བྱ་མདོའི་བྱ་ཚང་ནང་ནས།།བྱ་རྒྱལ་མང་པོ་འཕུར་ཐལ།།བྱ་མདོའི་ལེགས་བཤད་མ་གཏོགས།།བྱ་སྤུ་གཅིག་ཀྱང་མ་ལྷག །ཨ་ལེ་རྩེད་མོ་ཡིན། སྐལ་རྒྱན་ལགས་ཀྱིས་དཔྱད་པ་ཡག་པོ་གནང་འདུག །ཉིད་ཀྱིས། དེ་ཉིད་མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་དང་སྦྱར་ནས་མདོ་རྒྱན་སྦྱར་བའི་སྲོལ་ཐོག་མར་འབྱེད་པ་པོ་ནི་འཕགས་པ་གྲོལ་ལྡེ་ཡིན་ལ། དེ་བཞིན་དུ་གསེར་ཕྲེང་ལས་ཀྱང་བཤད་བྱ་རྩ་བའི་མདོ་ཉི་ཁྲི་དག་གཏུགས་དང་སྦྱར་བར་གསུངས་པའི་ཉི་ཁྲི་དག་གཏུགས་ནི་འཕགས་པས་དག་བསྒྲིགས་མཛད་པའི་ཉི་ཁྲི་ལེ་བརྒྱད་མ་ཡིན་ལ། དེང་སྐབས་སློབ་དཔོན་གྱི་ལེ་བརྒྱད་མའི་འགྲེལ་བ་ལ་ཡོངས་གྲགས་སུ་ཉི་ཁྲི་ལེ་བརྒྱད་མ་ཞེས་བརྗོད་དོ།།ཞེས་པ་ལྟར་ཉི་ཁྲི་ལེ་བརྒྱད་མ་དེ་མདོ་རྒྱན་སྦྱར་བའི་བསྟན་བཅོས་ཐོག་མ་ཡིན་ཟེར་ན་འགྲིག་གམ། དེའི་སྔོན་ལ་མདོ་རྒྱན་སྦྱར་བའི་བསྟན་བཅོས་ཤིག་མེད་དམ།
མིག་བརྒྱད་པ་ངའི་ཕ་ཡུལ་ལ་རྒྱུས་ཡོད་ཅིག་རེད། ཚིག་གིས་གཅོད་མཚམས་ཤེས་བཅུག་དང་ངས་དེ་ལྟར་བཤད་མེད།
སྔ་རབས་པ་མང་པོ་ཞིག་གིས་མ་མཐོང་བ་དང་མེད་པར་མཐོང་བ་གཉིས་ལ་ཁྱད་མི་ཕྱེ། བོད་ཕྱི་རབས་པས་ཁྱད་ཕྱེ་སྟེ། ཡི་དྭགས་འགའ་ཞིག་ལས་དབང་གིས་དེའི་མིག་ཤེས་ཀྱིས་ཆུ་མ་མཐོང་བ་ཡིན་གྱི་མེད་པར་མཐོང་པ་མ་ཡིན་པ་བཞིན་ནོ།།
མིག་བརྒྱད་པ་སོགས་དཔྱོད་ལྡན་རྣམས་ལ་གསོལ་བ། སྔ་རབས་དང་ཕྱི་རབས་ཟེར་བའི་ས་མཚམས་གནས་དུས་གང་ཟག་གིས་དབྱེ་བ་འབྱེད་པ་ཡིན་ནམ། གསལ་པོ་ཞིག་གསུངས་གྲོགས། །
དྲི་མེད་ལྷག་བསམ་ལགས། རྗེའི་གསུང་ལས་སྔོན་གྱི་ཁ་ཅིག་དང་ཕྱིས་ཀྱི་ཁ་ཅིག་ཞེས་སྔ་ཕྱིའི་མཚམས་དབྱེ་སྟངས་ལ་བལྟས་ན་བུ་སྟོན་ཡན་ཆོད་ལ་སྔ་རབས་པ་དང་དེའི་ཚུན་ཆད་ལ་ཕྱི་རབས་པ་ཞེས་ས་མཚམས་གང་ཟག་གིས་དབྱེ་བ་འབྱེད་པ་ཡིན་ནམ་སྙམ་མོ། །གསལ་པོ་ཞིག་ཞུ་རྒྱུ་མ་བྱུང་ལགས།།
རྨོ་བོ་ཅོ་རི་ལགས། བཀྲ་ཤིས་བདེ་ལེགས་ཞུ། ད་ཕྱིན་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ལ་་་་་ཐ་སྙད་གསར་པ་ཞིག་དགོས་འདུག ཆོས་ལུགས་གསར་པ་རྒྱ་ཏོ་དང་དོལ་ལུགས་འདི་རེད། མདོར་ན་ཁྱོད་ཚོས་དགེ་ལུགས་པ་མིང་དོན་བརྗེ་དགོས་ཞེས་དོལ་ཚོགས་ཀྱིས་སྐད་འབོད་རྒྱག་གི་འདུག་ག ད་ཕྱིན་ཆོས་ལུགས་ཆེན་པོ་བཞི་འམ་ཡང་ན་ལྔ་ཞེས་སམ། ཡང་ན་དགེ་ལུགས་པ་ལ་དོལ་ལུགས་པ་ཞེས་བཏགས་ན་གང་འདྲ་འདུག་གམ།
གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང་། ། ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི། །བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང། གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན།།ཞེས་པ་ལྟར་དགེ་བའི་བཤེས་གཉེན་བསྟེན་པ་གལ་ཆེ། །དེ་མིན་རང་རྒྱུད་འབྱུང་བོས་བརླན་པའི་མི་ལ་ནམ་ཡང་ཡོན་ཏན་ཡར་སྐྱེད་མེད།
ཨ་ཕྱི་ལགས་ཡག་པོ་འདུག ‚‚དགེ་ལུགས་པ‚‚ ‚‚དོལ་ལུགས་པ‚‚ ‚‚རྒྱོ་ལུགས་པ‚‚འདི་གསུམ་གྱི་ནང་བོད་ཀྱི་ཆོས་ལུགས་ཚང་མ་འདུས་སོ་ཧཧཧཧཧཧ་
གསེར་ཕྲེང་དུ་བོད་སྔ་མའི་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་རྗེའི་རང་ལུགས་སུ་བྱས་ཡོད་པར་ཁས་བླངས་ཕྱིན། གསེར་ཕྲེང་རྣམ་བཤད་གཉིས་དགོངས་པ་གཅིག་ཏུ་འབབ་པའི་གཞི་མེད་པར་འགྱུར་བར་གོར་མ་ཆགས་ལ། གདན་སའི་ཡིག་ཆ་ཁག་དང་རྗེས་འབྲང་མཁས་པ་མང་པོས་དེ་གཉིས་དགོངས་པ་གཅིག་ཏུ་བསྒྲུབས་གནང་མཛད་པ་ཡང་ངལ་བ་འབྲས་མེད་དུ་ཅི་ལ་མི་འགྱུར། གོང་དུ་དྲངས་པའི་ལུང་དེའི་དགོངས་དོན་གཞན་དུ་འགྲེལ་བའམ། ཡང་ན་བུ་ཉ་སོགས་ཀྱི་འདོད་པ་བཀོད་པ་ཙམ་ལས། རྗེའི་རང་ལུགས་འཐད་ལྡན་མིན་ཞེས་བརྗོད་ན་མ་གཏོགས་རྗེའི་ལེགས་བཤད་རྣམས་ལ་ཚིག་སྔ་ཕྱི་འགལ་བ་དང་གོང་འོག་མི་མཐུན་པ་སོགས་ཀྱི་སྐྱོན་གྱི་དྲི་མས་གོས་པར་ཡང་ཞལ་གྱིས་བཞེས་དགོས་པར་འགྱུར་རོ། བསྟོད་པ་དོན་མ་སོགས་ལས་རྗེའི་ལེགས་བཤད་རྣམས་ལ་ཟུར་ཕྲ་མོ་ཙམ་གྱི་སྐྱོན་ཆགས་པའང་ནམ་པ་ཐམས་ཅད་དུ་མི་སྲིད་པར་གསུང་བ་དང་། རྗེའི་གསུང་རབ་རྣམས་ནི་སྦྱོར་བ་ཚང་ཞིང་སྦྱོར་ཚད་དམན་ལྷག་ཏུ་མ་སོང་བ། ནད་སེལ་སྟོབས་ཆེ་ཞིང་ནད་གཞན་མི་བསྐྱེད་པའི་ནད་བརྒྱ་སྨན་གཅིག་ལྟ་བུ་ཡིན་པར་གསུང་བས་ཀྱང་རྗེའི་གསུང་རབ་རྣམས་སུ་ལྟ་བའི་གོལ་ས་སྟོན་པའི་ཚིག་གཅིག་ཀྱང་མེད་པར་ཧ་ཅང་གསལ། གཞན་ཡང་། གསེར་ཕྲེང་དུ་དགག་གཞི་དགག་ཆོས་གཉིས་ཀ་མཛོ་སྦྲེལ་གཡང་དུ་ལྟུང་བ་ལྟ་བུའི་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་བསྟན་པར་འདོད་ན། བོད་སྔ་རབས་པའི་ལྟ་བ་སྟོན་པའི་གཞུང་ལུགས་རྣམས་ལ་སྐྱོན་བརྗོད་མང་དུ་མཛད་པ་དག གསེར་ཕྲེང་ལའང་སྐྱོན་དེ་དག་འཇུག་པར་ཐལ་བ་ནི་ལྡོག་ཏུ་མེད་དོ།
མིག་བརྒྱད་པས་བཀའ་ལན་གནང་བར་ཐུགས་རྗེ་ཆེ། སྔ་རབས་པའི་འདོད་ཚུལ་ཟེར་བ་དེ་ས་སྐྱའི་མཁས་པ་འགའ་ཞིག་གི་གསུང་ནའང་ཡོང་གི་ཡོད། །ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་དང་ཧ་ཤིང་གི་ལྟ་བ་ལས་ལོགས་སུ་གྱུར་བ་ཞིག་ཡོད་དམ་མེད། དེ་ཡིན་ན་དང་པོ་སྔ་འགྱུར་སྐབས་མཁས་པ་ཀ་མ་ལ་ཤི་ལ་རྗེས་འབྲངས་དང་བཅས་པས་དགག་པ་རིམ་པར་བརྒྱུད། མཐའ་མར་རྗེ་ཙོང་ཁ་པས་ལུང་རིགས་གཉིས་ཀས་དགག་པ་མིན་ནམ། དེ་ལྟ་ན་སྔ་རབས་པ་ཟེར་བ་དེ་བཤད་སྲོལ་འགའ་ཞིག་གི་བརྒྱུད་འཛིན་པར་གོ་བ་ལས་དུས་ཀྱི་དབྱེ་བར་འཇོག་དཀའ་བར་སྣང་། །རེ་ཞིག་ས་མཚམས་ཟག་གིས་དབྱེ་བ་དེ་ལེགས་པའི་ཕྱོགས་སུ་གོ།
རེད་སྔ་རབས་པ་ཕྱི་རབས་པ་ཡིག་ཆ་སོ་སོ་ན་རྗེ་རིན་པོ་ཆེ་མ་ཕེབས་གོང་གི་བོད་ཀྱི་མཁས་པ་རྣམས་ལ་སྔ་རབས་པ་དང་ཁོང་གི་རྗེས་ཀྱི་མཁས་པ་རྣམས་ལ་ཕྱི་རབས་ཀྱི་ཐ་སྙད་བྱེད་ཀྱི་འདུག གསེར་ཕྲེང་དུ་བུ་སྟོན་ཡན་མན་ལ་བྱེད་པ་བདེན་ནོ།
འོན་འདི་ནི་ཐ་གཅིག་ཏུ་དུས་ཚིགས་ངེས་པ་ལྟ་བུ་བྱེད་མི་རུང་བར་སེམས། རྡ་སྦྱོར་མཁན་སོ་སོས་ལྟོ་ས་ལྟོ་འཇོག་གིས་བྱེད་པར་སེམས་སོ།།
མིག་བརྒྱད་པ་མཆོག་དང་། དྲི་མེད་ལྷག་བསམ་མཆོག་སོགས་དྲ་རྒྱའི་སྟེང་ལེགས་བཤད་གསེར་འཕྲེང་སྐོར་ལ་བགྲོ་གླེང་མཛད་པར་དགའ་བསུ་ཞུས། བསྟན་པ་སྔ་དར་དང་། ཕྱི་དར་གཉིས། ཞེས་པ་ཐོས དང་པོ་དེ་རྒྱལ་པོ་གླང་དར་དུས་སུ་བསྟན་པ་མེད་པར་མ་སོང་གོང་དང་། ཕྱི་དར་དེ་ལོ་ཆེན་རིན་ཆེན་བཟང་པོ་ནས་མགོ་བརྩམས་སོ། ཞེས་ཐོས་ན། སོ་སོའི་ཡིག་ཆ་ཁག་ན། བོད་སྔ་རབས་པ་ན་རེ། ཕྱོགས་སྔའི་འདོད་པ་འཛིན་མཁན་སུ་ཡིན་བཙལ་ནས། དེ་ཉིད་བསྟན་པ་སྔ་དར་སྐབས་བྱུང་བ་ཡིན་ན། སྔ་དར་དང་སྔ་རབས་པ་དུས་གཅིག་པར་ངོས་འཛིན་ཐུབ་སྙམ། ཕྱྭ་པ་ཆོས་སེང་སྔ་རབས་པ་ཡིན་ནམ། ཕལ་ཆེར་ཡིན་ལས་ཆེ། གང་གིས་མཛད་པའི་དབུ་མ་རྒྱན་གྱི་འགྲེལ་པ་དབུ་མེད་ལ་སྤར་པ་དེ་ཡིག་འབྲུ་ཆུང་བས་ཀློག་དཀའ། འདི་ཉིད་སྤར་གསར་དུ་འཐོན་ངེས། ཞེས་གསུངས་པ་ཐོས། འཐོན་ཡོད་དམ། ཞེས་དྲི་བ་ཞུའོ།
བོད་ཀྱི་གཞུང་དཔེ་གཟིགས་པ་པོ་རྣམས་ཀྱིས་དཔེ་ཆའིཚིག་ཕྲད་དང་། མིང་ཚིག བརྗོད་པ། བྱ་ཚིག་འགྱུར་སྟངས་ལ་ཡང་དོ་སྣང་མཛད། བོད་སྐད་ཀྱི་བརྡ་སྤྲོད་གཞུང་དོན་མཁྱེན་ཐུབ།
བདག་གི་དྲི་བ་ཞིག་ཡོད། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྗེ་བཙུན་བྱམས་མགོན་པོས་མཛད་པ་རྫོགས་སོ། ཞེས་པ་དང་། རྗེ་བཚུན་བྱམས་མགོན་པོས་མཛད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྫོགས་སོ། ཞེས་པར་ལེགས་སྦྱར་སྐད་དང་། ཨིན་སྐད་དུ། འདི་འདྲའི་བརྗོད་པ་བཤད་པ་རྒྱབ་ཚུལ་ཡོད་པ་དང་། བོད་བརྡ་སྤྲོད་གཞུང་རྣམས་སུ་འདི་རིགས་ལ་བཤད་པ་རྒྱབ་པ་ཞིག་མ་མཐོང་། སྔར་བོད་ཀྱི་མཁས་པ་རྣམས་ཀྱིས་བོད་ཀྱི་འགྲོ་སྟངས་ལ་གཟིགས་པས་བོད་ཀྱི་གཞུང་དཔེ་རྣམས་དག་པ་བྱུང་། ཕྱིས་སུམ་རྟགས་ལ་དར་སྲོལ་བྱུང་དང་། འབྱུང་བཞིན་པས་བོད་ཀྱི་གཞུང་སྐད་ཇེ་སྡུག་ཏུ་འགྲོ་བ་ལྟ་བུ་ཞིག་མི་འདུག་གམ། དེས་ན། སུམ་རྟགས་སྦྱོང་བ་པོ་རྣམས་ཀྱིས་གཞུང་དཔེ་རྣམས་ཀློག་པར་མཐོང་། ཞེས་སོ།
འོག་གི་རབ་བྱེད་འདི་གཞན་དུ་བཀོད་ཟིན་ཀྱང་། འདིར་གཟིགས་པ་པོ་མང་བས་སླར་ཡང་བཀོད།
སྒྲོན་མེ་སྤར་ཏེ་བལྟས་པ་ན། འདིར་ཡོད་པའི་མིང་ཚིག་གཉིས་ལ་དཔྱད་ན། བོད་ཀྱི་སྒྲ་རིག་པར་ཕན། སྒྲོན་མེ་སྤར་ཏེ། ལ་དྭགས་ཁ་སྐད་དུ། འོད་སྤར་ཏེ། ཞེས་ཟེར། དོན་གཅིག་པ་ཡིན། དེ་ཡང་། སྤོར། སྤར། སྤར། སྤོར། འདི་ལ་ཁ་ཅིག་གིས། སྦོར། སོགས་འབྲི་བར་མཐོང་། སྒྲོན་མེ། ཞེས་པར་སྔར་གྱི་བོད་མིས། སྒྲོན་མ། ཞེས་འབོད་པ་དེ། མཁས་པས་བྲིས་པའི་དཔེ་ཆ་དག་ན་མཆིས། དེར་མ་ཟད། ཁུ་ནུ་བླ་མ་རིན་པོ་་ཆེས་འདི་ལ་གཙིགས་ཆེ་བར་མཛད་དེ། “བྱང་ཆུབ་སེམས་ཀྱོ་བསྟོད་པ་རིན་ཆེན་སྒྲོན་མ།” ཞེས་གསུངས། བསྟན་བཅོས་འདི་ཉིད། རྒྱ་གར་དུ་ལན་དུ་མར་སྤར་པར་མ་ཟད། ཀ་ན་ཌའི་བོད་རིག་གཞུང་ལ་མཁས་པ། ཐུབ་བསྟན་ཐར་འདོད་(Gareth Sparham) མཆོག་གིས་ཨིན་སྐད་དུ་བསྒྱུར་པ། ༡༩༩༩ ལོར་ཨ་རིར། བོད་དཔེ་དང་ཨིན་འགྱུར་སྐད་གཉིས་ཤན་སྦྱར་གྱི་ཚུལ་དུ་སྤར་པ་ལག་ཏུ་སོན་ཅིང་། བཀླགས་པར་སྐལ་བ་བཟང་ངོ་།
རྗེ་བཚུན། ཞེས་པ་རྗེ་བཙུན། ཞེས་དང་། དཔེ་རྣམས་ཀློག་པར་མཐོང་། ཞེས་པར། དཔེ་རྣམས་ཀློག་དགོས་པར་མཐོང་། ཞེས་དགོས། དགོས་ཆད་པ་གསོས་སོ། འདི་ལྟར་བྱེད་བཞིན་བོད་ཆོས་སྐད་དེ། རིག་གཞུང་སྐད་དག་པར་བྱེད་པ་ལ་བརྩོན་ན། མི་ཚེ་དོན་ལྡན་དུ་འགྱུར་རོ།
རྒན་ལ་དྭགས་པ་དང་དྲི་མེད་ལྷག་བསམ་སོགས་ལ་བཀའ་འདྲི་ཞུ་རྒྱུར། འཕགས་པ་ཀླུ་སྒྲུབ་ཀླུ་ཡུལ་དུ་ཕེབས་ནས་ཡུམ་འབུམ་པ་སྤྱན་དྲངས་བ་དང་འཕགས་པ་ཐོགས་མེད་ལྷ་ཡུལ་དུ་ཕེབས་ནས་བྱམས་ཆོས་སྡེ་ལྔ་སྤྱན་དྲངས་པས་དེ་དག་རིམ་པས་ཡིག་ཐོག་ལ་ཇི་ལྟར་ཕབ་ཚུལ་དང་སྐབས་དེ་དུས་ཀྱི་ཡི་གེ་གང་འདྲ་ལ་ངོས་འཛིན། དེང་སང་ལྷ་ཡུལ་དང་ཀླུ་ཡུལ་ངོས་འཛིན་ཇི་ལྟར་མཛད་ལགས།
སློབ་དཔོན་མིག་བརྒྱད་པ་མཆོག་ལ་ཞུ་ན། ཉིད་ཀྱི་གོང་གི་དྲི་བ་རྣམས་རྣལ་འབྱོར་པའི་བསམ་གཏན་ནམ་ཏིང་ངེ་འཛིན་གྱི་ནུས་པ་ལས་བྱུང་བ་ལགས་པས། བདག་ལྟ་བུ་སྐྱེ་བོ་རང་དགའ་བའི་བློ་ཡུལ་ལས་འདས་པ་ལགས་།