གཞས་ཚིག ལུང་རིགས་རྒྱལ།
ལོ་ཟླས་ང་གང་དུ་ཁྲིད་རུང་།
སེམས་པ་འདི་ཁྱེད་ལ་འཁོར་ཡོད།
མི་ཚེ་ལ་རིང་ཐུང་མེད་ན།
བུ་མོ་ཁྱོའི་བརྩེ་སེམས་ཡུལ་དུ།
ཨ་ཇོ་ང་མྱུར་དུ་ལོག་ཡོང་།
ལས་དབང་ནི་གང་འདྲ་བཙན་རུང་།
ལུས་སེམས་འདི་ཁྱེད་ལ་གཏད་ཡོད།
སྨོན་ལམ་ལ་མཐུ་ཞིག་ཡོད་ན།
བུ་མོའི་ཁྱོའི་བརྩེ་སེམས་ཡུལ་དུ།
ཨ་ཇོ་ང་མྱུར་དུ་ལོག་ཡོང་།
ཉིན་མཚན་ལ་རེས་འཁོར་ཡོད་རུང་།
སྐྱོ་སྡུག་ལ་ཉིན་མཚན་མི་འདུག
ལས་མཐུན་གྱི་ལམ་ཞིག་ཡོད་ན།
བུ་མོ་ཁྱོའི་བརྩེ་སེམས་ཡུལ་དུ།
ཨ་ཇོ་ང་མྱུར་དུ་ལོག་ཡོང་།
ཁ་ཐག་ནི་ཇི་ལྟར་རིང་ན།
སེམས་ཐག་ནི་དེ་ལྟར་ཉེ་སོང་།
ལ་ཐང་ཀུན་རྡོག་པས་མནན་ཏེ།
བུ་མོའི་ཁྱོའི་བརྩེ་སེམས་ཡུལ་དུ།
ཨ་ཇོ་ང་མྱུར་དུ་ལོག་ཡོང་།
ཕྱི་ལོགས་སུ་ཆར་བ་ཟིམ་ཟིམ།
ནང་ལོགས་སུ་སེམས་པ་སྟོང་སྟོང་།
ཕྱི་ནང་གི་གནོན་ཤུགས་བར་ནས།
མི་རྐྱང་ང་ཉལ་སར་ལྷུང་སོང་།
གྲོགས་པོ་ཚོ་རྦད་དེ་ཆབ་སྲིད་ལ་མགོ་འཁོར་ཡོད་སྟབས། མཚམས་རེར་སེམས་གུ་ཡངས་ཀྱི་ཆེད་དུ་གཞས་ཚིག་རེའང་འབྲི་ཨེ་ཐུབ་བལྟས་ན་གང་འདྲ་རེད།
ཏག་ཏག་རེད། མཚམས་ལན་རེར་སེམས་པ་གསོ་བྱེད་རེ་བྱེད་ན་མ་གཏོགས་འུ་ཚང་གི་མང་བོ་ཞིག་ཆབ་སྲིད་ཀྱི་ཆེད་དུ་ཤི་རྒྱུ་ཡིན་ཁ་ཞིག་རེད། དེ་ཡང་མི་མང་གི་ཆེད་དུ་ཆབ་སྲིད་གཉེར་ནས་ཤི་ན་ད་རླབས་ཆེན་རེད་མོད། འོན་ཀྱང་ངས་བཤད་པ་དེ་དེ་འདྲ་ཅིག་ཀྱང་མིན་ཁ་འདྲ།
ངོ་མ་དགོད་བྲོ་བ་ཞིག་ལ་འུ་ཚང་གི་མཆན་འདོགས་མཁན་མང་བོ་ཞིག་ར་བཟི་ཡོད་པ་འདྲ། ཆབ་སྲིད་ཀྱིས་བཟི་ཡོད་པ་འདྲ། སྒེར་གཉེར་གྱིས་བཟི་ཡོད་པ་འདྲ། ཡང་ན་དྲན་གདུང་གིས་བཟི་ཡོད་པ་འདྲ།
དཔེར་ན་མི་ཞིག་གིས་ཅིག་ལ་སྡིག་དམོད་བྱས་ཡོད་ན་སྡིག་དམོད་རྐྱང་རྐྱང་བྱེད་གི། ཡང་ཅིག་གིས་གླུ་ཞིག་བླངས་ཡོད་ན་མགོ་རྔ་མ་གང་ཡང་མེད་པར་ཁོ་རང་གིས་ཀྱང་སྐད་གསེང་མཐོན་པོས་གླུ་ལེན་གི། གནས་ཚུལ་འདིས་ང་རང་ར་བཟི་མང་བོ་ཞིག་གི་ནང་ལ་ཐོན་ཡོད་པའི་ཚོར་བ་སྤྲད་སོང༌། ངོ་མ་ཡིན་ང་ཚོ་ར་བཟི་མང་བོ་ཡོད་ས་དེར་སོང་ན་དེ་འདྲ་ཅིག་རེད། མ་གཞི་ཡག་པོ་རེད་ངས་ཁྱེད་རང་ཚོར་འཁེང་ར་བྱས་ནས་རྩ་བ་ནས་མིན། མུ་མཐུད་དུ་གླུ་ལོངས་དང་ངས་ཁུ་སིམ་སིམ་གྱི་ཁང་མིག་ཅིག་གི་ནང་ན་དྲ་གྲོགས་ཚོའི་གླུ་སྐད་ལ་སྒུག་ནས་ཡོད། ད་ལས་ཁུངས་ཀྱི་ཉིན་གཅིག་གི་ལས་ཀ་འང་ཚར་ཡོད། ང་ཇ་དཀར་ཡོལ་གང་ལས་དྲ་ངོགས་ཀྱི་གླུ་སྐད་དེ་ཚོ་གལ་ཆེ་གི། ལོངས་དང་ཡང་གཅིག་གིས་ལོངས་དང༌།
ལས་དབང་དེ་གང་འདྲ་བཙན་རུང་།
སྐྱོ་སྡུག་ལ་ཉིན་མཚན་མིད་རུང་།
མི་རིགས་འདིའི་ལང་ཚོ་ཉམས་དུས།
ཇོ་ཇོ་རང་ཐུགས་བརྒྱལ་མ་བཞེངས།
མི་རིགས་ཤིག་གི་ལང་ཚོ་རྙིལ་ལ་ཉེ་དུས
མི་རྐྱང་ཞིག་སྡུག་གཏམ་ལ་ཉན་པའི་སེམས་པ་མེད་གི
ཕུ་བོ་ལགས ཐུགས་བརྒྱལ་མ་བཞེངས།
ཨོ་་་་་་་་་་་་་་་་་དེ་ཡང་གཅིག་གིས་གླུ་ཞིག་བླངས་སོང༌། དེ་རིང་དྲ་ངོས་ན་གྲོགས་པོ་ཚོ་མང་བོ་མཐོང་རྒྱུ་མེད་ཁུ། ཕལ་ཆེར་གཟའ་ཉི་མ་རང་རང་གི་དགའ་རོགས་ཚོར་ཐུག་གི་སོང་ཡོད་ས་རེད། ཡིན་ན་འང་ངས་གཟའ་ཉི་མ་དྲ་ངོགས་ན་རོལ་བཞིན་ཡོད། ཁེར་རྐྱང་གི་སེམས་པ་ལ་ཁེན་ནས་རོལ་བཞིན་ཡོད། དབྱངས་གསལ་གྱི་ཚེ་སྲོག་ལ་འཇུས་ནས་རོལ་བཞིན་ཡོད།