རྔ་རྒོད།
དེ་རིང་སང་ཉིན་གྱི་དངོས་ཡོད་ཀྱི་བགྲོ་གླེང་གསར་འགྱུར་གལ་ཆེན་དེ་ནི་ང་ཚོས་ཐོས་ཚེ་འདི་ལ་ཧང་སངས་དགོས་པ་དང་དཔེ་མི་སྲིད་པ་ལྟ་བུའི་ཚོར་བ་ཁྱད་པར་བ་ཞིག་ང་ཚོར་འཁོར་སྲིད་མོད། འོན་ཀྱང་དེ་ལ་ཞིབ་པར་བརྟགས་ན་དེ་ལ་ཡ་མཚར་དགོས་པ་དང་དཔེ་དེ་གཏན་ནས་མི་སྲིད་པའི་ལོ་རྒྱུས་ཤིག་ཀྱང་གཏན་ནས་མ་རེད། སྐབས་དོན་གཙོ་བོ་ནི་སི་ཁོལ་ལཎ་ཊྲིའི་མི་མང་གིས་རང་ཉིད་ལ་རང་དབང་ཡོད་པའི་ཐོག་ནས་རང་ཉིད་ལ་རང་བཙན་དགོས་མི་དགོས་པའི་འོས་ཤོག་འཕེན་ཉིན་དེ་ནི་སང་ཉིན་རེད། དེའི་ཕྱིར། ཉིན་དེའི་མཚན་དཀྱིལ་ཡོལ་ཙམ་ནས་མཐའ་མའི་འོས་ཤོག་གི་མཇུག་འབྲས་ནི་སི་ཁོལ་ལཎ་ཊྲིར་དེ་འཛམ་གླིང་ཡོངས་ཀྱིས་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱ་རྒྱུ་ཡིན་མིན་དེ་གསལ་བོར་ང་ཚོར་ཁྱབ་བསྒྲིགས་བྱ་ངེས་ཡིན་པས་དེ་དུས་ང་ཚོས་ལྷན་དུ་དེ་ལ་བལྟ་མོར་བལྟའོ།།
འོན་ཏེ་ད་དུང་འདི་གཉིས་རྒྱལ་ཕམ་མཐའ་གཅིག་ཏུ་མ་ངེས་པས་གྲུབ་འབྲས་འདི་རེད་ཅེས་ད་དུང་བཤད་མི་བཏུབ་མོད། བདེན་མིན་གང་ལྟར་བདུན་ཕྲག་འདིའི་ནང་གསར་འགོད་པ་སོགས་ཀྱིས་སྡོམ་རྩིས་བགྱིས་པར་ལྟར་ན་རང་བཙན་དགོས་ཟེར་མཁན་བརྒྱ་ཆའི་% ༤༩ ནས་བརྒྱ་ཆའི་% ༥༡ བར་རེད། དེ་ནི་དངོས་སུ་བཅར་འདྲི་བཏང་ཚར་བའི་མི་མང་ནང་གསེས་ནས་ལན་གསར་བོ་འདེབས་མཁན་དང་མི་འདེབས་མཁན་གཉིས་བསྡུར་ནས་དེའི་སྟེང་ནས་བརྒྱ་ཆ་བསྡོམས་པ་ཙམ་མ་གཏོགས་མི་མང་སྤྱིའི་སྡོམ་ཚིག་ཅིག་མིན་པར་མཁྱེན་དགོས།
གཞན་འོས་ཤོག་འཕེན་མཁན་ལ་སི་ཁོལ་ལཎ་ཊྲིའི་མི་རིགས་རང་ཉིད་ཙམ་མ་གཏོགས་དབྱིན་ཇིའི་མི་རིགས་ཚོ་འདིར་འོང་ཆོག་གིིན་མེད། སི་ཁོལ་ལཎ་ཊྲིར་ད་ཐེངས་ཀྱི་གོ་སྐབས་ཙམ་མིན་པར་༡༩༧༤ ལོར་མི་རིགས་རང་ཉིད་ཀྱིས་ཐད་ཀར་རང་བཙན་དགོས་མིན་གྱི་འོས་ཤོག་དེ་འཕངས་ཡོད་ཀྱང་དེ་ལ་གྲུབ་འབྲས་ཐོབ་མེད། ལོ་རྒྱུས་གཞན་ཞིག་བསྙད་ན་སི་ཁོལ་ལཎ་ཊྲིར་མི་གྲངས་ས་ཡ་ལྔ་དང་སྟོང་ཕྲག་སུམ་བརྒྱ་ཉི་ཤུ་རྩ་བདུན་ཙམ་ལས་མེད་ལ་ས་ཆའི་དབང་དུ་བཏང་ནའང་ས་རྒྱ་ཧ་ཅང་ཆུང་ཆུང་ཞིག་རེད་དོ།།
འོན་ཀྱང་སི་ཁོལ་ལཎ་ཊྲིར་ལོ་མང་སྔོན་ནས་མང་གཙོ་དང་རང་དབང་འགྲོ་མིའི་ཐོབ་ཐང་སོགས་ཧ་ཅང་ཡག་པོ་ཡོད་པར་མ་ཟད། ལྷག་པར་སྔོན་མ་ནས་རང་ལ་དབྱིན་ཇིའི་ལས་ལོགས་སུ་སྒོ་མོ་དང་རྒྱལ་དར་གཉིས་བསྟན་རྒྱུ་ཡོད་པར་མ་ཟད་དེ་གཉིས་བེད་སྤྱོད་ཀྱང་དེར་ཡོད། སྒོར་མོའི་འཛའ་དེ་ཡང་དབྱིན་སྒོར་དང་གཅིག་པ་རེད་དོ།།
འདིར་ཁོ་བོས་དབྱིན་ཇི་དང་སི་ཁོལ་ལན་ཊྲིའི་ལོ་རྒྱུས་དེ་ཧ་ཅང་ཐག་རིང་གི་ཚན་རིག་དང་ངག་རྒྱུན་ལོ་རྒྱུས་སོགས་རྒྱབ་ལ་བསྐྱུར་ཏེ་འདིར་མདོ་བསྡུས་ཙམ་ཞིག་བཤད་ན། དུས་རབས་བཅུ་བཞི་བའི་ནང་དུ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རང་བཙན་བརྩད་དེ་དམག་འཁྲུག་ཐེངས་མང་བྱུང་ཡོད། དུས་རབས་བཅུ་བདུན་པའི་མགོར་༡༦༠༦ ནས་ཕན་ཚུན་གྱི་སྲས་དང་སྲས་མོའི་གཉེན་སྒྲིག་བྱུང་སྟེ་མཛའ་འབྲེལ་ངང་མཐུན་སྒྲིལ་གོང་བུ་དེ་༡༦༥༦ ལོར་རྒྱལ་ཁབ་གཅིག་གི་ངོ་བོར་གྱུར་འདུག གང་ལྟར་དུས་རབས་བཅོ་བརྒྱད་ཀྱི་མགོར་༡༧༠༧ ལོར་དབྱིན་ཇི་སྤྱི་མཐུན་རྒྱལ་ཁབ་དེ་དབུ་བརྙེས་པ་ནས་བཟུང་སྟེ་མི་ལོ་སུམ་བརྒྱ་དང་ལོ་བདུན་རིང་དུ་རྒྱལ་ཁབ་འདི་གཉིས་ཀྱིས་མཉམ་པོར་སྐྱིད་སྡུག་མཉམ་བཞེས་དང་ཕྱག་ལས་མཉམ་དུ་གནང་ཡོད།
དམིགས་བསལ་དབྱིན་ཇི་སྤྱི་མཐུན་རྒྱལ་ཁབ་འདི་ལ་མང་གཙོ་ཚད་ལྡན་གྱི་དུས་ཆེན་དེ་༡༨༣༢དབུ་བརྙེས་ཤིང་དེ་ནི་དུས་རབ་བཅུ་དགུའི་ནང་རེད། དེའི་ཕྱིར་རྒྱལ་ཁབ་འདིར་བཀུར་འོས་དོན་ལྡན་མང་གཙོ་དེ་དར་ནས་ལོ་༡༨༠ ལྷག་གི་རྗེས་སུ་ད་བཟོད་གཞུག་ནས་སི་ཁོལ་ལཎ་ཊྲིར་མ་བསྒྲིག་རང་བསྒྲིག་དང་མཉམ་པོར་གཟའ་སྐར་འཛོམ་པའི་ཉི་མ་འདི་འདྲ་ཞིག་གི་བསྐལ་བཟང་དེ་སང་ཉིན་ང་ཚོའི་མདུན་དུ་འབྱུང་རྒྱུ་དེའོ།།
མཇུག་གཏམ། གུས་པ་བོད་རིགས་གཅིག་ཡིན་པས འདིར་རང་རེའི་དབུ་མའི་ལམ་གྱི་སྐོར་ཐུང་ངུ་ཞིག་བརྗོད་དགོས་བྱུང་། འདི་ནི་ཁོ་བོ་སྒེར་གྱིས་རྒྱུན་ལྡན་གྱི་དབུ་མའི་ལམ་ལ་བལྟ་བའི་བསམ་གཞིག་གི་སྐོར་ཙམ་ལས་གཞན་གྱི་འདོད་པ་ལྟར་མིན། གཅིག་དབུ་མའི་ལམ་འདི་དོན་དངོས་ལ་བཙན་བྱོལ་བོད་གཞུང་ཁོ་ནའི་ཆེད་དུ་བཏོན་པ་ཞིག་རེད་ཅེས་བསྒྲུབ་ནའང་ལུང་དང་རིགས་པ་གཉིས་ཀ་འཛོམས་པོ་ཡོད། གཞན་བོད་ནང་གི་རྒྱ་ཆེའི་མང་ཚོགས་ཀྱི་ཆེད་དུ་བཏོན་པ་རེད་ཅེས་བརྗོད་ནའང་རིགས་པ་ཡང་དག་དང་དཔེ་མཚོན་གསལ་བོ་ཡོད། འོན་ཀྱང་གཏིང་རིང་གི་རིགས་ལམ་འདི་ལ་རྒྱ་ནག་གཞུང་གིས་ཀྱང་ལན་འདེབས་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མ་རེད།
དེའི་ཕྱིར། འཇིག་རྟེན་གྱི་བྱ་བ་ཡོད་ཚད་གང་དེ་ལ་གོ་བ་ལེན་ཚུལ་མི་འདྲ་བ་གཉིས་གསུམ་རེ་ཡོད་ན་། རྩོད་གཞི་དེ་ལ་དངོས་ཡོད་དང་གཏན་ཚིགས་ཡོད་པ་གང་ཞིག་རང་ཉིད་གང་དེ་ལ་ཡིད་ཆེད་ཡོད་ན་དེ་ག་རང་རང་ལུགས་སུ་བཟུང་ན་རང་ཉིད་ཀྱི་བློར་འབབ་བདེ་བོ་ཞིག་ཡོད་པ་འདྲ། དེའི་ཕྱིར། གུས་པས་༧ གོང་ས་མཆོག་གི་ཞལ་ནས་དབུ་མའི་ལམ་འདི་བོད་ནང་གི་བོད་མི་ཚོའི་ཆེད་དུ་གཙོ་བོ་ཡིན་ཞེས་པའི་ཚིག་དེ་ལ་གཏན་ཚིགས་དང་ཡིད་ཆེས་བྱེད་བཞིན་དེ་དེ་བཞིན་ཏུ་འདོད་དོ།
གཞན་མ་བརྟག་པའམ་ལྟས་ཚོད་ཙམ་ལ་དབུ་མའི་ལམ་འདི་ཚིག་གཉོམ་པོའམ་དོན་སྙིང་ཡང་མོ་ལྟ་བུ་ཞིག་ཏུ་སྣང་སྲིད་མོད། ཞིབ་ཏུ་བརྟགས་ན་དབུ་མའི་ལམ་འདི་གཏིང་རིང་ཞིང་དེ་ནི་གཏན་ཚིགས་གསུམ་གྱིས་བསྒྲུབ་འོས་པའི་སྲོག་དབང་དང་ལྡན་པའི་ཆབ་སྲིད་ཀྱི་ལྟ་བ་ཡ་མཚན་པ་ཞིག་ཡིན་སྟབས། དེ་ནི་མ་འོངས་པར་ང་ཚོར་མེད་དུ་མི་རུང་བའི་གསེར་གྱི་ལྡེ་མིག་ཅིག་ཏུ་འདོད་དོ།།
འདིར་ཁོ་བོས་དཔྱད་མ་གཏམ་འདི་བྲིས་ཚར་བའི་གཞུག་ཏུ་རང་གིས་ཁ་པར་ནང་ནས་དེ་ལ་ཞུ་དག་ཐེངས་གཉིས་བཏང་ན་ཡང་ད་དུང་རང་སྐྱོན་རང་གིས་མི་ཤེས་པས་འདིར་དག་ནོར་ཡོད་ན་དགོངས་དག་མཛོད།
ཅེས་རྔ་རྒོད་ཀྱིས་༢༠༡༤/༩/༡༧ ལ་དབྱིན་ཡུལ་ནས།
སྐུ་ཞབས་རྔ་རྒོད་ལགས་ཀྱིས་གསར་འགྱུར་ཚ་ཐོག་ཏུ་སྤེལ་བ་གནང་བ་ལ་ཡིད་རིང་ཡོད། ཉིན་ཞིག་ང་ཚོ་ལའང་ཉི་མ་ཡོང་སྲིད་