དྲེད་པོ་ཧོར།
ཁྱེད་ང་ལ་དགའ་ན།
གར་སོང་གར་བསྡད་ཀྱི་མནའ་ཚིག་དག་ཉེན་རྟོག་པས་རྐུན་མར་སྒོག་སྒོག་ལྟར་བྱས་མ་འདུག་པར།
ཡ་ཁོག་དྲོན་མོའི་ནང་གི་གློ་བ་ཚ་བོ་དེ་གཅིག་གློན་དང་།
ཁྱེད་ང་ལ་དགའ་ན།
དྲྭ་ངོས་ཀྱི་པར་རིས་དང་མཆན་བུ་དག་བྱི་ལས་ཙི་ཙི་སྲུང་སྲུང་ལྟར་བྱས་མ་འདུག་པར།
སེམས་པ་དག་མའི་ནང་གི་ཡིད་ཆེས་གཙང་མ་དེ་གཅིག་གནོངས་དང་།
ཁྱེད་ང་ལ་དགའ་ན།
ཁ་པར་དང་འཕྲིན་ལན་དག་བུན་བདག་གིས་བུ་ལོན་འདེད་འདེད་ལྟར་བྱས་མ་འདུག་པར།
ལྷོད་ཆགས་གུ་ཡངས་ཀྱི་བསམ་ཤེས་གཤིས་བཟང་དེ་གཅིག་ངོམས་དང་།
ཁྱེད་ང་ལ་དགའ་ན།
བསམ་ཚོད་དྲན་ཚོད་ལ་དོགས་འདྲི་དང་རྒྱུགས་ལེན་རྒན་གྱིས་སློབ་མ་བཙུར་བཅུར་ལྟར་བྱས་མ་འདུག་པར།
ལྷད་མེད་དྭངས་གཙང་གི་དུངས་སེམས་འོ་མ་དེ་གཅིག་བླུད་དང་།
ཁྱེད་ང་ལ་དགའ་ན།
ཆད་ལྷག་དང་ནོར་འཁྲུལ་ཚང་མ་རྩིས་པས་སྐར་རྩིས་རྒྱག་རྒྱག་ལྟར་བྱས་མ་འདུག་པར།
བརྟན་བརླིང་གཡོ་མེད་ཀྱི་སྙིང་ཆུང་དམར་ལུ་དེ་གཅིག་ཤོམས་དང་།
ཁྱེད་ང་ལ་དགའ་ན།
སྡུག་ཡུས་དང་ངུ་ཤུམ་ཁོ་ནས་ཕྲུ་གུས་ཨ་མར་གཙེ་གཙེ་ལྟར་བྱས་མ་འདུག་པར།
འཛུམ་ཤུགས་ཤུགས་ཀྱི་སྤྲོ་དགའི་གདོང་རིས་གསོན་པོ་གཅིག་སྟོན་དང་།
ཁྱེད་ང་ལ་དགའ་ན།
བལྟས་བལྟས་རིག་རིག་་ལ་དོགས་པ་རྣམ་རྟོག་རྐྱང་རྐྱང་གི་ཟུར་གསུམ་སྣོད་དུ་བླུགས་པ་ལྟར་བྱས་མ་འདུག་པར།།
མ་བཅོས་གཤིས་གྲུབ་ཀྱི་ལྷད་མེད་བྲང་ཁོག་ཡངས་པོ་དེ་ཁ་གཅིག་ཁྱོག་དང་།
ཁྱེད་ང་ལ་དགའ་ན།
ང་དང་ངའི་དུས་གསུམ་གྱི་བྱ་གཞག་ལ་ཉམས་ཞིབ་པ་ཞིག་ལྟར་རང་ཉིད་ཀྱི་དུས་ཚོད་གཟད་མ་འདུག་པར།
བག་ཕེབས་བློ་བདེ་ཡི་གུ་ཡངས་འཚོ་བ་ཞིག་སྐྱོལ་དང་།
ངོ་མ་སྙན་སོང་་་་་་་འཚོ་བའི་བྲོ་བ་འདུག
ངོ་མྱིག་གིར་མི་རིག་རྒྱུ་མ་ཞིག་གིས་དད་ཡོད་པ་འདྲ། འཇིག་རྟེན་འདི་ན། འབྱུང་བཞི་འཁྲུག་པ་ལྟར་ང་ཚོ་དེ་བཞིན་དུ་གདའ། བླ་མ་དཀོན་མཆོག་མཁྱེན། ཧ་ཧ་ཧ།