བསོད་ནམས།
གསུང་དབྱངས་སྙན་མོ་རྣ་བར་ལྷུང་དུས། །
སེམས་པའི་ཕུག་གི་གཏན་འདུན་རྙེད་སོང་། །
དྲན་པའི་རི་མོ་རྡོ་ལ་ཐོགས་ནས། །
བཀྲ་ཤིས་ཚིག་གིས་སྨོན་ལམ་བཏབ་ཡོད། །
བརྙན་སྒྲོན་མེ་ཏོག་འཛུམ་ཆུང་མཇལ་དུས། །
ཇི་ཙམ་བལྟས་ཀྱང་ཆོག་ཤེས་མ་སྐྱེས། །
དྲན་པའི་རྦ་རླབས་གཡོས་པའི་གསེང་ནས། །
སྙན་པའི་ངག་སྒོ་དལ་གྱིས་ཤོར་ཡོད། །
ཁྱེད་ཀྱི་འདྲེན་བྱེད་ཟུང་གི་འོག་ཏུ། །
ཚངས་པའི་སྲས་མོའི་དོན་སྤྱི་གོ་ཐལ། །
ཐལ་མོ་སྙིང་ཁར་ལྷོད་ཡངས་ཟུམ་ནས། །
སྒོམ་པའི་དམིཊ་རིམ་ཁྱེད་ལ་གཏད་ཡོད། །
དར་མདོ་ཚོང་ཁྲོམ་ཟང་ཟིང་བར་དུ། །
དཀར་པོའི་ཁ་དཀྲིས་མགོ་བོར་བཏུམས་ནས། །
བྲེལ་བའི་ངང་ཚུལ་ད་དུང་དྲན་ན། །
ཁ་སང་ཡིན་པའི་སྣང་བ་སྦྱིན་བྱུང་། །
མི་ཡི་ཚེ་ནི་རླུང་འཚུབ་འདྲ་བོ། །
བསམ་གཞིག་བྱས་ཚེ་ལོ་དགུ་ཕྱིན་འདུག །
འདུ་ཤེས་ཐག་པ་ཁ་སང་བཏགས་ལྟར། །
བཙོན་མ་ཞིག་གི་ངང་དུ་གནས་འདུག །