སྐྱོ་བྲག་དགའ་དབང་།
གྲོགས་མཆོག་དམ་པའི་སྐྱེས་བུ་ལ་ད་དུང་ཕྱག་ལས་གཅིག་གདའ། དེ་ནི་རྒས་གསོའི་ཇོ་མཇལ་ལོ་རྒྱུས་རེད། ལོ་རྒྱུས་ཀྱི་ནང་དོན་གཙོ་གནད་ནི།
ཐོག་མར་ཇི་ལྟར་དྲན་པ། འཆར་གཞི་ག་འདྲ་བཞག་པ། ཆ་རྐྱེན་གང་དག་དགོས་པ། ལག་ལེན་ཅི་ལྟར་བྱས་པ། དཀའ་ཁག་ག་རེ་འགྲིམ་པ། ཐ་མའི་ལེགས་གྲུབ་བྱུང་བ། རྒས་པར་སེམས་ཚོར་ཅི་ཡོད། གཞན་ལ་ཉམས་མྱོང་ལམ་སྟོན་ཏེ། ད་དུང་འཕྲི་སྣོན་ཅི་ཞིག་དགོས་མིན་ནི་རྩོམ་པའི་སྦྱོར་བར་དངོས་སུ་ཞུགས་པ་ན་གསལ་ཡོང་གི་རེད།
ཅིའི་ཕྱིར་འབྲི་དགོས་པ་ནི། རང་གི་ངོས་ནས་རེ་བ་མེད་པའི་ལེགས་བྱས་རླབས་ཆེན་གླེང་རིན་ཡོད་པ་ཞིག་རེད་ལ། གཞན་སྤྱི་ཚོགས་ལའང་དངོས་སུ་ཕན་ཐོགས་ཡོད་པའི་དགེ་བའི་བརྒྱུད་བསྐུལ་ཡོང་གི་རེད།
ལྷག་ཏུ་བོད་པའི་ཡིག་ཆ་ནང་གི་ཆད་སྐྱོན་ཆེ་ཤོས་ནི། སྤྱི་ཚོགས་རང་ལ་དགོས་གལ་ཆེ་བའི་ཤེས་བྱ་ཧ་ཅང་གིས་ཉུང་བ་དེ་རེད།
སྤྱི་ཚོགས་ཀྱི་ཤེས་བྱ་ནི། སྤྱི་ཚོགས་དངོས་ཀྱི་ཉམས་མྱོང་གཞི་ལ་འཇོག་དགོས་པ་ལས་ལུང་རིགས་ཀྱིས་གྲུབ་མིན་བཤད་དུ་མེད།
སྤྱི་ཚོགས་ཀྱི་ཉམས་མྱོང་ནི། ང་ཚོ་མི་རེ་ངོ་རེའི་འཚོ་བའི་རླབས་རྒྱུན་གྱི་ཁྲོད་ནས་ཇི་ལྟར་བྱས་ན་དགེ་སྐྱོན་ག་རེ་ཡོང་གི་ཡོད་པའི་ཉམས་མྱོང་ཕྱོགས་བསྡུས་བྱས་པ་ལ་ཟེར་གྱི་ཡོད་ཕྱིར། རང་ཉིད་ལས་ལ་དངོས་སུ་ཞུགས་པའི་ཉམས་མྱོང་ཡིག་ཐོག་ཏུ་བཀོད་དེ་སྤྱི་ཚོགས་ལ་དགེ་སྐྱོན་ལམ་སྟོན་གྱི་ལེགས་སྐྱེས་འབུལ་བ་ནི་རང་ཉིད་ཀྱི་འགན་འཁྲི་གཡོལ་དུ་མི་རུང་བ་ཞིག་ཡིན་ཞིང་། བྱུང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་ནས་ལེགས་སྤེལ་ཉེས་འགོག་ལ་ཞུགས་པ་ནི་ང་ཚོ་འགྲོ་བ་མིའི་ཁྱད་ཆོས་རེད།
འདི་ནི་ངའི་གྲོགས་མཆོག་ལས་ལ་དངོས་སུ་ཞུགས་པའི་ཉམས་མྱོང་གི་ལོ་རྒྱུས་ཡིག་ཐོག་ཏུ་འགོད་པར་སྐུལ་བའི་ཞུ་ཡིག་དེ་ཡིན། ང་ཚོ་དྲག་ཞན་མཐོ་དམན་མེད་པ་ཚང་མ་སྤྱི་ཚོགས་ཀྱི་འཚོ་བ་བཟང་ངན་བར་མར་རོལ་གྱི་ཡོད་པས། སྨྱུག་ཐོགས་ཙམ་ཡིན་པ་དག་གིས་སོ་སོའི་ཉམས་མྱོང་བཟང་ངན་བར་མ་གང་ཡིན་ཡིག་ཐོག་ཏུ་གསལ་བཀོད་ཐུབ་ན། མཁས་དབང་གི་མཚན་གནས་ཡོད་པ་དག་གིས་རབ་ན་ཀུན་གྱི་ཉམས་མྱོང་ཕྱོགས་བསྡུས་བྱས་པ་སྤྱི་ཚོགས་ཤེས་བྱའི་སྦྱོང་ཚན་དུ་རུང་བ་ཞིག་བརྩམ་ཡོང་གི་རེད་ལ། ཐ་ནའང་སྒྲུང་རྩོམ་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་འབྲེལ་བ་རྩོམ་པའི་མཐུན་རྐྱེན་དུ་འགྱུར་གྱི་རེད།
དེའི་ཕྱིར་སྨྱུག་ཐོགས་པ་དག་ལ་བརྒྱུད་སྐུལ་ཡོང་རེས་ངས་ཁོང་ལ་ཕུལ་བའི་ཡི་གེ་དེ་ཁྱབ་སྤེལ་བྱ་འདོད་བྱུང་བ་ཡིན་ནོ། །