རིགས་སློབ། གོང་དཀར་ངག་རྣམ།
༼སྐུ་ཞབས་བྷར་ཊརེན་ཌེ་རཱ་སལ་ Bertrand Russell གྱིས་བརྩམས་པའི་མཚན་ཉིད་རིག་པའི་དཀའ་གནད་(The Problem of Philosophy) ཅེས་པའི་དཔེ་དེབ་ལས་བསྒྱུར།༽
སེམས་གཙོའི་རིང་ལུགས་ཞེས་པའི་ཚིག་འདི་ལྟ་གྲུབ་སྨྲ་བ་འདྲ་མིན་གྱིས་བརྗོད་དོན་འདྲ་མིན་ཐོག་ཏུ་བེད་སྤྱོད་བྱས་ཡོད། ང་ཚོས་དེ་ནི་དངོས་པོ་གང་ཡིན་པ་ཐམས་ཅད་དམ་ཤེས་ཚོར་ཐུབ་པའི་ཆོས་ཀུན་ངེས་པར་དུ་ཡིད་བློའི་ནང་དུ་ཡོད་པར་གོ་གི་རེད། ལྟ་གྲུབ་སྨྲ་བའི་ཁྲོད་གླེང་རྒྱུ་ཤིན་ཏུ་མང་བའི་གཞུང་ལུགས་འདིར་གོ་དོན་ཁ་ཤས་ཡོད་པ་དང་། འདི་ནི་རྒྱབ་ལྗོངས་མི་འདྲ་བའི་ཐོག་ནས་ཁྱབ་སྤེལ་སོང་ཡོད། སེམས་གཙོ་རིང་ལུགས་ནི་དར་ཁྱབ་ཆེ་བ་དང་། ལྟ་གྲུབ་རང་སྟེང་ལའང་སྤྲོ་སྣང་གི་རང་བཞིན་ལྡན་ཡོད། འདིའི་གོ་དོན་ཆེས་སྙིང་བསྡུས་ཤིག་གིས་ཀྱང་མི་རྣམས་ལ་སྤྲོ་སྣང་སྟེར་བར་བྱེད་ཀྱི་ཡོད། ལྟ་གྲུབ་ཀྱི་བསམ་བློའི་འཛིན་སྟངས་ལ་གོམས་པ་མེད་པ་ཚོས་གཞུང་ལུགས་འདི་ལྟ་བུ་མངོན་གསལ་དོད་པོའི་ཐོག་ནས་ཆོ་མེད་དང་ཁུངས་མེད་དུ་ཁས་ལེན་བྱེད་སྲིད་པ་རེད།
སྤྱིར་བཏང་གི་བསམ་བློའི་ཐོག་ནས་བཤད་ན་ཅོག་ཙེ་དང་། རྐུབ་བཀྱག དེ་བཞིན་ཉི་ཟླ་སོགས་ཀྱི་དངོས་པོ་རྣམས་སེམས་ལས་རྫས་ཐ་དད་དུ་ཡོད་པ་དང་། སེམས་ཀྱི་གྲུབ་ཆ་མིན་པ། སེམས་འགག་སྲིད་ཀྱང་དེ་དག་ལ་རྒྱུན་མཐུད་དེ་གནས་རྒྱུའི་རང་བཞིན་ཞིག་ཡོད་མེད་ལ་དོགས་པ་མེད། ང་ཚོས་དངོས་པོ་རྣམས་སེམས་མ་གྲུབ་པའི་སྔ་རོལ་དུ་གྲུབ་པར་བསམ་པ་དང་། དེ་དག་ནི་སེམས་ཀྱི་བྱེད་ལས་འབའ་ཞིག་ལ་བརྟེན་གྲུབ་པར་བསམ་རྒྱུ་ཁག་པོ་རེད། བདེན་རྫུན་གང་ཡིན་མིན་ལ་མ་ལྟོས་པར་སེམས་གཙོ་རིང་ལུགས་ནི་ལས་སླ་པོའི་ཐོག་ནས་ཁུངས་མེད་དུ་ཁས་ལེན་བྱེད་ག་ལ་ཐུབ།
གཟུགས་ཅན་གྱི་ཡུལ་རྣམས་ལ་ལྟོས་མེད་ཀྱི་རང་བཞིན་ཞིག་ཡོད་ན་དེ་དག་ངེས་པར་དུ་སེམས་ལས་ལོགས་སུ་ཡོད་པ་དང་། སེམས་འབའ་ཞིག་ལ་ལྟོས་པ་ཁོ་ནའི་སྒོ་ནས་ཡོད་པ་དཔེར་ན་དཀར་ཆག་དེ་དཀར་ཆག་ཏུ་འཁོད་པའི་དངོས་པོ་རྣམས་དང་འབྲེལ་བ་ཡོད་པ་ལྟ་བུར་གནས་དགོས་པ་ང་ཚོས་ཤེས་ཀྱི་ཡོད། སྤྱིར་བཏང་གི་ལྟ་ཚུལ་ཐོག་ནས་ང་ཚོས་གཟུགས་ཅན་གྱི་ལྟོས་མེད་རང་བཞིན་ཤེས་ཐབས་མེད་པ་དང་། གལ་ཏེ་གཟུགས་ཅན་གྱི་ཆོས་རྣམས་སེམས་དང་འབྲེལ་ནས་ཡོད་པ་ལ་རྒྱུ་མཚན་ཡང་དག་ཡོད་ན་ང་ཚོ་ལྟ་ཚུལ་དེ་ནི་ཁྱད་མཚར་དུ་མཐོང་བའི་རྒྱུ་མཚན་ཙམ་ལ་བརྟེན་ནས་འདོར་མི་ཐུབ།
ཡུལ་གཟུགས་ཅན་གྱི་བདེན་པ་ནི་སྣང་ཚོད་ལས་འདས་ཏེ་གྲུབ་དགོས་ཀྱི་ཡོད། དེ་མ་རྟོགས་ཀྱང་གལ་ཏེ་ལྟ་གྲུབ་སྨྲ་བ་གང་ཡང་རུང་བ་ཞིག་གིས་རང་ཉིད་ཀྱིས་གཟུགས་ཅན་གྱི་བདེན་པའི་རང་བཞིན་ཞིག་རྙེད་པར་ཡིད་ཆེས་བྱེད་ཀྱི་ཡོད་ན། སེམས་གཙོ་རིང་ལུགས་འཕེལ་རྒྱས་བྱུང་བའི་གཞི་རྩ་ནི་ཤེས་ཡོན་གྱི་ལྟ་གྲུབ་ལས་བྱུང་བ་སྟེ། དེ་ཡང་དངོས་པོ་རྣམས་ང་ཚོས་ཇི་ལྟར་ཤེས་ཐུབ་མིན་གྱི་གནས་ཚུལ་བགྲོ་གླེང་བྱས་པའི་ཐོག་ནས་བྱུང་བ་རེད།
གཞི་རྩ་དེའི་ཐོག་ནས་དོ་གལ་ཆེན་པོས་སེམས་གཙོ་རིང་ལུགས་འགོ་འཛུགས་ཐབས་གནང་མཁན་ཐོག་མ་དེ་ནི་བྷི་ཤོབ་བྷར་ཁེ་ལི་(Bishop Berkeley1685-1753)ཡིན། ཁོང་གིས་ང་ཚོའི་སེམས་ལ་ལྟོས་པའི་དངོས་པོ་རྣམས་ལ་ལྟོས་མེད་ཀྱི་རང་ཚུགས་ཤིག་མེད་པར་དེ་དག་ནི་ངེས་པར་དུ་སེམས་ཀྱི་ཆ་ཤས་སུ་གྲུབ་དགོས་པ་རྒྱུ་མཚན་ཡང་དག་ཐོག་ནས་ཁུངས་སྐྱེལ་ཐོག་མ་མཛད། དེའི་དོན་ནི་གལ་ཏེ་མིག་ཤེས་སམ་ཡང་ན་རྣ་ཤེས་སྣ་ཤེས་ལྕེ་ཤེས་སོགས་མེད་ན་དངོས་པོ་དེ་དག་མུ་མཐུད་དེ་མི་གནས་པ་དེ་རེད། ཁོང་གི་རྩོད་གླེང་ཁ་ཤས་ཏག་ཏག་བྱུང་མེད་ཀྱང་ད་བར་ཁོང་གི་དཔྱད་དོན་རྣམས་ཕལ་ཆེར་རྒྱུ་མཚན་དང་ལྡན་པར་གནས་ཡོད། འོན་ཏེ། ཁོང་གིས་སེམས་ལ་ལྟོས་པའི་དངོས་པོའི་རང་བཞིན་རྣམས་ང་ཚོའི་འཛིན་སྟངས་ཁོ་ནར་བརྟེན་པ་དང་། དེ་ཡང་སེམས་ཀྱི་ནང་ནས་ངེས་དགོས་པར་ཁས་ལེན་དང་། རྒྱུ་མཚན་དེའི་དབང་གིས་དངོས་པོ་དེ་དག་སེམས་ལ་ལྟོས་ནས་གྲུབ་པར་བཤད།
མདོར་ན་སེམས་ནང་མེད་པའི་དངོས་པོ་གང་ཡང་འཇོག་མི་ཐུབ་པ་དང་། ངའི་སེམས་ནང་མེད་པའི་དངོས་པོ་གང་ཡིན་པ་དེ་ངེས་པར་དུ་གཞན་གྱི་སེམས་ནང་ཡོད་དགོས་པའི་སྡོམ་བརྒྱབ། ཁོང་གི་གཏན་ཚིགས་འཚོལ་བར་ཁོང་གིས་ idea ཞེས་པའི་འདི་བེད་སྤྱོད་བྱེད་ཚུལ་ངེས་པར་དུ་ཤེས་དགོས། སྐུ་ཞབས་ཁོང་གིས་ཚིག་འདི་ནི་ང་ཚོས་གློ་བུར་དུ་རྟོགས་པའི་དངོས་པོ་དཔེར་ན་ཚོས་གཞི་དམིགས་བསལ་ཞིག་མཐོང་བ་དང་། སྒྲ་དམིགས་བསལ་ཞིག་གོ་བ་དེ་ཡང་idea འཆར་སྣང་ཞིག་ཡིན་པར་འདོད་ཀྱི་ཡོད།
འོན་ཏེ་ཚིག་དེའི་གོ་དོན་ཡོངས་རྫོགས་དབང་པོའི་སེམས་ཀྱི་ཐོག་ནས་འགྲེལ་བཤད་བྱེད་ཀྱི་མེད། དྲན་ཤེས་དང་ཡིད་ཤེས་ཀྱི་ཡུལ་དུ་གོམས་པའི་དབང་གིས་གློ་བུར་དུ་འཆར་བའི་དངོས་པོ་དག་ལའང་ཚིག་དེའི་དོན་ཚང་གི་ཡོད། གློ་བུར་དུ་བྱུང་བའི་ཆོས་འདི་ཚོའི་རིགས་ལ་ཁོང་གིས་idea ཞེས་བརྗོད་ཀྱི་ཡོད།
དེ་ནས་ཁོང་གིས་ང་ཚོ་ཐུན་མོང་གིས་མཐོང་བའི་ལྗོན་ཤིང་ལྟ་བུ་ང་ཚོའི་བློས་འཛིན་པའི་ཚེ་གློ་བུར་དུ་རྟོགས་པར་འགྱུར་བ་དང་། ལྗོན་ཤིང་ནི་མི་དེའི་བདེན་སྣང་ལས་གྲུབ་པ་དང་། ལྗོན་ཤིང་དེ་བློས་མ་འཛིན་པ་དེ་སྲིད་དུ་ལྗོན་ཤིང་སྟེང་དུ་བདེན་པའི་ཆ་གང་ཡང་མེད་པའི་ཁས་ལེན་བྱེད། ང་ཚོས་མིག་བཙུམས་པའམ་ཡང་ན་ལྗོན་ཤིང་གི་ཉེ་འཁྲིས་སུ་མི་སུ་གང་ཡང་མེད་ཀྱང་དེ་མུ་མཐུད་དེ་གནས་དགོས། འོན་ཏེ། དེའི་རྒྱུན་གནས་ཐུབ་པའི་དོན་དངོས་ཀྱི་རྒྱུ་མཚན་ནི་དཀོན་མཆོག་གི་བློས་དེ་དག་འཛིན་པས་ཡིན།
ང་ཚོས་གཟུགས་ཅན་གྱི་ཡུལ་དུ་འདོད་པའི་ལྗོན་ཤིང་དངོས་གནས་དེ་དཀོན་མཆོག་གི་སེམས་ནང་གྲུབ་པའི་འཆར་སྣང་ཡིན། ང་ཚོས་ལྗོན་ཤིང་མཐོང་དུས་འཆར་སྣང་མང་ཉུང་འདྲ་མིན་ཡོང་གི་ཡོད་ཀྱང་དཀོན་མཆོག་གི་སེམས་ནང་དུ་དེ་དང་མི་འདྲ་བར་ལྗོན་ཤིང་དེ་ཇི་སྲིད་གནས་པ་དེ་སྲིད་དུ་རྟག་པའི་ངོ་བོར་གྲུབ་ཡོད། དཀོན་མཆོག་ལ་ལྟོས་ན་ང་ཚོའི་སེམས་ཀྱི་འཛིན་སྟངས་ཡོངས་རྫོགས་ཕྱོགས་རེ་བ་ཆགས་ཡོད། དེར་བརྟེན་མི་རྣམས་ཀྱིས་ལྗོན་ཤིང་གཅིག་ལ་མཐོང་ཚུལ་མི་འདྲ་བ་ཡོང་གི་ཡོད། རྩོད་གླེང་འདིའི་ནང་མཚན་ཉིད་རིག་པའི་ལོ་རྒྱུས་ནང་གལ་འགངས་ཆེ་བའི་གཏན་ཚིགས་ལྟར་སྣང་མང་དག་་ཅིག་ཡོད་ལ་བློ་གྲོས་ཀྱི་སྒོ་མོ་འབྱེད་པའི་ནུས་པ་མང་དག་ཅིག་ཀྱང་ཡོད།
དང་པོ་ནི་idea ཞེས་པའི་ཚིག་འདིའི་བེད་སྤྱོད་ཐོག་ནས་མགོ་རྙོག་ཅིག་ཡོད། རྩ་བའི་ཆ་ནས་ང་ཚོས་འཆར་སྣང་ནི་མིའི་སེམས་ནང་ཡོད་པར་ངོས་འཛིན་བྱེད་པ་དང་། དེ་ལ་བརྟེན་ནས་ང་ཚོས་ལྗོན་ཤིང་ནི་ངེས་པར་དུ་འཆར་སྣང་ལས་ཡོངས་སུ་གྲུབ་པར་ཤོད་དུས་དེ་ལྟ་ན་རང་བཞིན་གྱིས་ལྗོན་ཤིང་ནི་སེམས་ནང་དུ་ངེས་པར་དུ་གྲུབ་དགོས་པར་བསམ་སྲིད་པ་རེད།
འོན་ཏེ། སེམས་ནང་ཇི་ལྟར་གྲུབ་པའི་ལྟ་ཚུལ་ནི་འཁྲུལ་གཞི་ཅན་ཞིག་ཡིན། ང་ཚོས་མི་ཞིག་སེམས་དུ་གྲུབ་པར་བརྗོད་པ་དེ་ནི་མི་དེ་ང་ཚོའི་སེམས་ནང་ཡོད་པའི་དོན་མིན་པར་མི་དེའི་བསམ་བློ་ཞིག་ང་ཚོའི་སེམས་ནང་ཡོད། མི་ཞིག་གིས་རང་ཉིད་ཀྱིས་གོ་སྒྲིག་བྱེད་དགོས་རྒྱུའི་ཚོང་གི་ལས་དོན་ཞིག་སེམས་ནང་ནས་མེད་པར་གྱུར་པར་བརྗོད་དུས་དེའི་དོན་ནི་མི་དེའི་སེམས་ནང་ལས་དོན་དེ་ཡོད་པའི་དོན་མིན། ཡིན་ནའང་། ཚོང་ལས་ཀྱི་བསམ་བློ་ཞིག་སྔར་ཁོའི་སེམས་ནང་ཡོད་པའི་དོན་དེ་ཙམ་ཡིན། འོན་ཏེ་དེ་ཕྱིས་སུ་ཁོའི་སེམས་ནང་ནས་མེད་པ་ཆགས་པ་རེད།
དེ་བཞིན་སྐུ་ཞབས་Berkeleyབྷར་ཀེ་ལིས་ཀྱང་གལ་ཏེ་ང་ཚོས་ལྗོན་ཤིང་མཐོང་ན་དེ་ནི་ང་ཚོའི་སེམས་ནང་ཡོད་པར་འདོད་དུས་དེའི་དོན་ངོ་མ་ནི་ལྗོན་ཤིང་གི་བསམ་བློ་དེ་ང་ཚོའི་སེམས་ནང་ཡོད་པའི་དོན་ཡིན། དོགས་གཞི་འདི་ཚད་ལྡན་གྱི་ལྟ་གྲུབ་སྨྲ་བ་སུ་ལའང་ཧ་ཅང་རགས་པར་་གྱུར་པ་ལྟ་བུར་སྣང་། འོན་ཏེ། གོང་དུ་བརྗོད་མ་ཐག་པའི་གནས་ཚུལ་དེ་དག་གིས་དེ་སྲིད་པ་སྒྲུབ་པར་ཕན་ཐོགས་བྱུང་ཡོད། ཕན་ཐོགས་ཇི་ལྟར་བྱུང་ཡོད་པར་ཤེས་པ་ལ་ང་ཚོས་ངེས་པར་དུ་idea ཞེས་པའི་ཚིག་གི་རང་བཞིན་ཇི་ལྟར་ཡིན་མིན་ཐད་གཏིང་ཟབ་པོས་འཇུག་དགོས། ཚིག་འདིའི་ངོ་བོ་རྟོགས་རྒྱུའི་སྔོན་དུ་ང་ཚོས་སེམས་ལ་ལྟོས་ཚུལ་དང་། ཡུལ་གཟུགས་ཅན་གཉིས་དབར་གྱི་ཁྱད་པར་གསལ་བར་འབྱེད་དགོས།
ང་ཚོས་ཞིབ་ཕྲའི་གནད་ལ་དཔྱད་ན་སྐུ་ཞབས་ Berkeley བྷར་ཀེ་ལིས་ལྗོན་ཤིང་ལ་དམིགས་པའི་བསམ་བློ་ཆེ་ཆུང་གི་སྒོ་ནས་སེམས་ལ་ལྟོས་པར་གསུངས་པ་འདི་འགྲིག་པར་མཐོང་གི་རེད། གཟུགས་ཅན་གྱི་དངོས་པོ་རྣམས་ཀྱང་ལྗོན་ཤིང་བཞིན་ང་ཚོར་ལྟོས་ནས་གྲུབ་པ་དང་། དེ་དག་ཇི་སྲིད་བློས་མ་འཛིན་པ་དེ་སྲིད་དུ་མི་འགྲུབ། ཡིན་ནའང་། འདི་ནི་སྐུ་ཞབས་ Berkeleyབྷར་ཀེ་ལིའི་ལྟ་ཚུལ་གཅིག་དང་གཏན་ནས་མི་འདྲ་བ་ཞིག་ཡིན། དེ་ཡང་ང་ཚོས་གློ་བུར་དུ་ཤེས་རྟོགས་བྱུང་བའི་དངོས་པོ་གང་ཡིན་ཀྱང་ངེས་པར་དུ་སེམས་ནང་དུ་ཡོད་དགོས་པར་བཤད་པ་དེ་རེད།
སྤྱིར་བཏང་བྱས་ན་དངོས་པོ་རྣམས་ཤེས་པའི་སྒོ་ནས་དེ་དག་སེམས་དང་འབྲེལ་བར་རྒྱུ་མཚན་འགོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། འདི་ནི་སྐུ་ཞབས་ Berkeley བྷར་ཀེ་ལིས་རང་ཉིད་ཀྱིས་གང་བཤད་ཟིན་པར་ཡིད་ཆེས་གནང་གི་ཡོད་པ་དེ་ཡིན།
དྲི་བ་ནི་གནད་དོན་འདིའི་ཐོག་ནས་ཡོང་དགོས་པ་ལས་གོང་དུ་བཤད་པ་ལྟར་སེམས་ལ་ལྟོས་པ་དང་ཡུལ་ཅན་དབར་གྱི་ཁྱད་པར་ཡོད་མེད་ཀྱི་སྒོ་ནས་མ་རེད། སྐུ་ཞབས་ Berkeley བྷར་ཀེ་ལིས་idea ཞེས་པའི་ཚིག་འདིའི་གོ་དོན་གླེང་སྐབས་སེམས་ཀྱི་སྔོན་དུ་བསམ་བློར་འཆར་བའི་དངོས་པོ་རྣམས་ལ་ཕལ་ཆེར་ཁྱད་པར་གཉིས་ཡོད་པ་ལས། ཕྱོགས་གཅིག་ནི་ང་ཚོས་རྟོགས་པ་དེ་ཡིན། དཔེར་ན་ངའི་ཅོག་ཙེའི་ཚོས་གཞི་ལྟ་བུ་རེད།
ཕྱོགས་གཞན་ཞིག་ནི་ཅོག་ཙེ་རང་སྟེང་གི་གནས་ལུགས་དངོས་གནས་དེ་རེད། དེ་ཡང་ཡིད་བློས་དངོས་པོ་འཛིན་པའི་དོན་ཡིན། སེམས་ཀྱི་བྱ་བ་ནི་སེམས་ལ་ལྟོས་ཏེ་གྲུབ་ཡོད་ཀྱང་དངོས་པོ་རྣམས་སེམས་ཀྱི་ནང་ནས་རྟོགས་བྱར་གྲུབ་པ་ལ་རྒྱུ་མཚན་ཡོད་དམ།
ང་ཚོའི་བགྲོ་གླེང་སྔ་མའི་ནང་གཞི་ཅོག་ཙེ་ལྟ་བུའི་ཁ་དོག་ནི་དབང་པོའི་ཤེས་པ་དང་འབྲེལ་བའི་སྒོ་ནས་གྲུབ་པ་ལས་ཡིད་བློ་རྟོག་པར་མི་ལྟོས་པར་བསྒྲུབས་ཡོད། གལ་ཏེ་སྤྱིར་བཏང་གི་མིག་ཅིག་ཅོག་ཙེ་དང་འབྲེལ་བའི་དོན་ཞིག་ལ་འཇུག་ན་ཁ་དོག་བྱེ་བྲག་པ་དེ་ནི་གློག་འོད་ནང་འགྲུབ་པར་བསྒྲུབས་པ་མ་གཏོགས་ཁ་དོག་དེ་འཕྲལ་གྱི་ཡུལ་ཅན་སེམས་ཀྱི་ནང་དུ་ཡོད་པར་བརྗོད་ཀྱི་མེད།
སྐུ་ཞབས་ Berkeley བྷར་ཀེ་ལིའི་ལྟ་ཚུལ་ལ་ཁ་དོག་སེམས་ནང་དུ་གྲུབ་པའི་ཚུལ་ནི་དངོས་པོ་རྣམས་ཡུལ་ཅན་གྱི་བྱེད་པ་ལས་རྟོགས་པ་དང་མཉམ་དུ་རྒྱུ་མཚན་ཡང་དག་པའི་ཐོག་ནས་འདིའོ་སྙམ་པ་ལ་རག་ལས་ཡོད། ཕལ་ཆེར་འདི་ལ་སྐུ་ཞབས་ཁོང་གིས་idea ཞེས་འབོད་པ་དེ་རེད། ཡུལ་རྟོགས་པའི་བྱེད་ལས་ནི་སེམས་ནང་དུ་ཡོད་པར་དོགས་པ་མེད། བྱས་ཙང་ང་ཚོས་དེའི་སྐོར་ལ་བསམ་བློ་གཏོང་དུས་བསམ་བློ་ideasརྣམས་ཀྱང་ངེས་པར་དུ་སེམས་ནང་དུ་ཡོད་པར་རྒྱུ་མཚན་བརྗོད་ཐུབ། འདི་ནི་བསམ་བློ་ideas རྣམས་ཡུལ་རྟོགས་པའི་བྱེད་ལས་ཚང་བའི་སྐབས་ཁོ་ནར་མ་གཏོགས་བདེན་པ་མིན་པ་མ་བསམས་པར་ང་ཚོས་བསམ་བློ་རྣམས་སེམས་ཀྱི་ནང་དུ་ཡོད་པའི་ལྟ་ཚུལ་དེ་དབང་པོའིོ་ཤེས་པ་གཞན་གྱི་ནང་དུ་ཡོད་པའི་ངོས་འཛིན་བྱེད་དགོས།
ཡུལ་ཅན་དང་དེའི་བྱེད་ལས་གཉིས་ཀྱི་ཁྱད་པར་ནི་ཧ་ཅང་གལ་ཆེན་པོ་རེད། རྒྱུ་མཚན་ནི་གང་རྟོགས་པ་ཐམས་ཅད་དེ་དང་འབྲེལ་བ་དམ་ཟབ་ཆགས་ཡོད། སེམས་རང་ཉིད་ལས་གཞན་པའི་ཆོས་རྣམས་ཤེས་སུ་འཇུག་རྒྱུ་ནི་སེམས་ཀྱི་ཁྱད་ཆོས་གཙོ་བོ་དེ་ཡིན། ཡུལ་དང་འབྲེལ་བའི་སྒོ་ནས་ཤེས་བྱ་རྟོགས་པ་ནི་སེམས་ཉིད་དང་དེ་ལས་གཞན་པའི་དབར་གྱི་འབྲེལ་བའི་ཐོག་ངེས་པར་དུ་འགྲུབ་དགོས། གལ་ཏེ་ང་ཚོས་རྟོགས་པའི་དངོས་པོ་རྣམས་སེམས་ནང་དུ་གྲུབ་དགོས་པར་བཤད་ན་ང་ཚོས་རྒྱུ་མཚན་ལྡན་པའི་ཐོག་ནས་སེམས་ཀྱིས་ཡུལ་རྟོགས་པའི་ནུས་པར་ཚད་བཀག་བྱེད་པའམ་ཡང་ན་བསྐྱར་ཟློས་བྱེད་ཀྱི་ཡོད། གལ་སྲིད་སེམས་ནང་དུ་གྲུབ་པའི་དོན་སེམས་ཀྱི་སྔོན་དུ་གང་ཡོད་པ་དེ་དང་གཅིག་པར་འདོད་ན་བསྐྱར་ཟློས་བྱེད་པ་ཆགས་ཀྱི་ཡོད། གལ་ཏེ་དེ་ལྟར་ཡིན་ན་ང་ཚོས་དེ་དག་ཡིད་བློའི་ནང་དུ་མ་གྲུབ་པར་སེམས་ཀྱི་ནང་དུ་གྲུབ་པར་ཁས་ལེན་བྱེད་དགོས་ཀྱི་རེད།
རྒྱུ་མཚན་དེར་བརྟེན་ང་ཚོས་དངོས་པོའི་རང་བཞིན་ངོས་འཛིན་བྱེད་དུས་སྐུ་ཞབས་བྷར་ཀེ་ལིའི་གཏན་ཚིགས་དེ་རྫས་དང་གཟུགས་ཅན་གཉིས་ཀའི་ནང་ནོར་འཁྲུལ་དུ་མཐོང་བ་དང་། ཤེས་བྱ་རྣམས་ཡིད་ཤེས་ནང་དུ་ངེས་པར་གྲུབ་དགོས་པའི་བསམ་ཚུལ་ལ་ག་དུས་ཀྱང་རྒྱབ་རྟེན་མེད་པར་མཐོང་གི་རེད། དེ་ལ་བརྟེན་ནས་ཁོང་གི་སེམས་གཙོ་རིག་པའི་གཞི་རྟེན་ཁས་ལེན་བྱེད་མི་ཐུབ་པར་འགྱུར་གྱི་རེད། རྒྱུ་མཚན་གཞན་དག་ཡོད་མེད་མུ་མཐུད་དེ་ལྟ་དགོས།
དུས་རྒྱུན་ཤོད་སྲོལ་ང་ཚོས་མ་རྟོགས་པའི་དངོས་པོ་ཀུན་ང་ཚོས་ཤེས་མི་ནུས་པར་བརྗོད་ཀྱི་ཡོད། ང་ཚོའི་མྱོང་བ་དང་འབྲེལ་བའི་དངོས་པོ་གང་འདྲ་ཞིག་ཡིན་ཀྱང་ང་ཚོས་ངེས་པར་རྟོགས་ནུས་པ་དེ་རིགས་པས་སྒྲུབ་ཐུབ་པ་ཞིག་རེད། འདིས་གལ་ཏེ་དངོས་པོ་རྣམས་ངེས་པར་དུ་མྱོང་བ་དང་མ་འབྲེལ་ན་ང་ཚོས་དེ་གྲུབ་པར་མི་ཤེས་པ་དེ་བསྟན་པ་དང་དངོས་པོ་དེའི་རིགས་ཡོད་དོ་ཅོག་ང་ཚོར་གལ་ཆེན་པོ་ཆགས་མེད་པར་ངེས་པ་རེད། དེ་ནི་དཔྱད་དོན་མ་རྫོགས་པའི་རྒྱུ་མཚན་གཞན་གྱི་ཐོག་ནས་ཀྱང་བརྗོད་ཀྱི་ཡོད་པ་ནི། ང་ཚོར་གལ་འགངས་ཅན་དུ་མ་གྱུར་པའི་དངོས་པོ་གང་ཡིན་པ་དེ་དངོས་གནས་སུ་འགྱུར་མི་ཐུབ་པ་དང་། དེར་བརྟེན་དངོས་པོར་ཆ་བཞག་ནའང་དེ་ཉིད་སེམས་དང་ཡིད་བློས་མ་གྲུབ་ན་དེ་ནི་དོན་དངོས་ཆགས་མི་སྲིད་པ་དང་རྣམ་རྟོག་ཙམ་ཡིན།
ང་ཚོས་ད་ལྟའི་གནས་སྟངས་ཀྱི་ཐོག་ནས་རྒྱུ་མཚན་འདི་ཞིབ་ཕྲ་འཚོལ་ཞིབ་བྱ་རྒྱུ་མི་སྲིད་པ་རེད། རྒྱུ་མཚན་གང་ཡིན་ཟེར་ན། འདི་ལ་གང་འགངས་ཆེ་བའི་སྔོན་འགྲོའི་བགྲོ་གླེང་ཞིག་བྱེད་དགོས་པ་ཡིན། ཡིན་ནའང་། ལྡོག་ཏུ་མེད་པའི་རྒྱུ་མཚན་ཡང་ཡོད་སྲིད་པ་རེད། ཐབས་ལམ་ཡག་ཤོས་ནི། ང་ཚོར་ཁ་ཡོད་ལག་ཡོད་ནང་གལ་ཆེན་པོར་མ་གྱུར་པར་གང་ཡིན་པ་དེ་དག་ངེས་པར་དུ་དངོས་གནས་མིན་དགོས་པར་བཤད་པ་ལ་རྒྱུ་མཚན་མེད།
གལ་ཏེ་གཞུང་ལུགས་ཐོག་གི་གལ་ཆེའི་རང་བཞིན་ཡང་དེའི་ནང་ཚུད་ཡོད་ན་ང་ཚོར་དངོས་གནས་སུ་གྱུར་པའི་དངོས་པོ་ནི་ཁ་ཤས་ལས་མེད་པར་བཤད་ན་དེ་བདེན་པ་རེད། རྒྱུ་མཚན་གང་ཡིན་ཟེར་ན། མི་རྣམས་འཇིག་རྟེན་གྱི་བདེན་པའི་རང་བཞིན་གང་ཡིན་མིན་རྟོགས་རྒྱུའི་འདོད་པ་དང་། ང་ཚོར་འཇིག་རྟེན་ནང་ཡོད་པའི་དངོས་པོ་ཡོད་ཚད་ལ་དོ་སྣང་གང་འཚམ་ཡོད་རེད། དེ་ལྟ་ན་ང་ཚོས་དངོས་པོ་དེ་ཡོད་མེད་མ་ཤེས་པའི་དབང་དུ་བཏང་ཡང་དེ་ང་ཚོར་གལ་ཆེན་པོ་ཆགས་ཀྱི་མེད། ང་ཚོས་མངོན་གསལ་དོད་པོའི་སྒོ་ནས་དངོས་པོ་དེ་ཕལ་ཆེར་གྲུབ་ཡོད་པར་བསམ་ཐུབ་པ་དང་། དེ་གྲུབ་ཡོད་མེད་ལ་དོགས་པ་ཡང་ཟ་ཆོག བྱས་ཙང་དེ་ནི་ང་ཚོའི་ཤེས་འདོད་དང་འབྲེལ་བ་ཡོད་པ་དང་། ཤེས་འདོད་དེར་འདོད་བློ་ཁེངས་པའམ་ཡང་ན་དེའི་འགལ་ཟླར་ལངས་མིན་དེ་གལ་ཆེན་པོར་གྱུར་ཡོད།
ང་ཚོས་རང་ཉིད་ཀྱིས་མ་ཤེས་པའི་དངོས་པོ་གང་ཞིག་གྲུབ་པར་རྟོགས་མི་ནུས་པར་བརྗོད་པ་དེ་ལ་རྒྱུ་མཚན་མེད་པ་དང་། དེ་ནི་དོན་ལ་ནོར་འཁྲུལ་ཡིན། འདིར་རྟོགས་པའམ་ཤེས་པའི་དོན་ལ་གོ་བ་ལེན་སྟངས་མི་འདྲ་བ་གཉིས་ཡོད། དང་པོ་ནི། ང་ཚོས་ཚོད་དཔག་གི་སྒོ་ནས་དོན་དེ་བདེན་པར་འཛིན་པ་དེ་ཡིན། གཉིས་པ་ནི། མྱོང་བའི་ཐོག་ནས་དངོས་པོ་རྟོགས་པ་ལ་བརྗོད། ང་ཚོས་སོ་སོའི་མྱོང་བའི་ཐོག་ནས་གྲུབ་པར་ཐག་མི་ཆོད་པའི་དངོས་པོ་གང་ཡང་རུང་བ་ཞིག་ལ་ཚོད་དཔག་གཏན་ནས་བྱེད་མི་ཐུབ་པར་བརྗོད་དུས་སྐད་ཆ་དེ་མངོན་སུམ་ལྟ་བུར་འགྱུར་སྲིད་པ་རེད།
ངས་རྒྱ་ནག་གོང་མ་མྱོང་ཐོག་ནས་རྟོགས་ཀྱི་མེད་ཀྱང་ངས་དངོས་གནས་ཁོ་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད། མི་གཞན་གྱིས་མྱོང་ཐོག་ནས་དེ་ལྟར་ར་འཕྲོད་པའི་རྒྱུ་མཚན་གྱིས་ངས་ཚོད་དཔར་བྱས་པར་བརྗོད་སྲིད་པ་རེད། གང་ལྟར་གལ་ཏེ་ལྟ་ཚུལ་དེ་དངོས་གནས་ཡིན་ན་འདི་འབྲེལ་མེད་ཆགས་ཀྱི་རེད། ངས་རྒྱ་ནག་གོང་མ་ངོ་ཤེས་པའི་མི་གང་ཡང་རུང་བ་ཞིག་ངོ་ཤེས་མེད། མ་ཟད་མི་སུ་དང་ཡང་མྱོང་བའི་ཐོག་ནས་འབྲེལ་བ་མེད་པའི་དངོས་པོ་ཞིག་གྲུབ་ཡོད་མེད་ཤེས་རྒྱུ་མེད་པར་བརྗོད་པ་ལ་རྒྱུ་མཚན་མེད། འདི་ནི་དོན་གནད་གལ་ཆེན་པོ་ཡིན་པ་དང་འགྲེལ་བཤད་གཏིང་ཟབ་དགོས། གལ་ཏེ་ང་རང་དངོས་པོ་གང་ཞིག་དང་མྱོང་འདྲིས་བྱུང་ན་ངས་དེའི་ཐོག་ནས་དངོས་པོ་དེ་ཡོད་པར་ཤེས་ཀྱི་རེད། འོན་ཀྱང་དེ་ལས་ལྡོག་སྟེ་དངོས་པོ་དང་གང་ཟག་ཅིག་རྟོགས་པའི་སྐབས་ག་དུས་ཡིན་ནའང་རང་ཉིད་དེ་དང་ངེས་པར་དུ་མྱོང་འདྲིས་ཡོད་དགོས་པ་དེ་ནི་བདེན་པ་མ་རེད།
ང་ལ་མྱོང་འདྲིས་གང་ཡང་མེད་པའི་ཐོག་ནས་ངེས་པ་རྙེད་རྒྱུའི་གནད་དོན་གང་ཡོད་ཅེ་ན། བཟོ་དབྱིབས་སོགས་ལ་བརྟེན་པའི་འགྲེལ་བཤད་དང་། གཞི་རྩའི་ལྟ་ཚུལ་ཁ་ཤས་ཀྱི་ཐོག་ནས་ཡིན། དེ་ཡང་བཟོ་དབྱིབས་ལ་བརྟེན་པའི་འགྲེལ་བཤད་ཐོག་ནས་གྲུབ་ཚུལ་བཤད་པ་འདི་ནི་རང་ཉིད་ལ་མྱོང་འདྲིས་ཡོད་པའི་དངོས་པོའི་ཐོག་ནས་ཚོད་དཔག་བྱས་ཏེ་ཤོད་ཐུབ་པ་དེ་རེད། གནད་དོན་འདིའི་གོ་དོན་ཧྲིལ་པར་རྟོགས་པར་ཐོག་མར་མྱོང་འདྲིས་ལ་བརྟེན་པའི་ཤེས་བྱ་དང་། བཟོ་དབྱིབས་སོགས་ཀྱི་སྒོ་ནས་འགྲེལ་བཤད་བརྒྱབ་ནས་རྟོགས་རྒྱུའི་ཤེས་བྱ་གཉིས་གསེད་བཀྲོལ་བྱ་རྒྱུ། ད་གཟོད་གཞི་ནས་དེ་གཉིས་གང་ལ་གཞི་རྩའི་ལྟ་གྲུབ་ཡོད་མེད་ཀྱི་བསམ་གཞིག་བྱ་རྒྱུ་བཅས་རེད། གནད་དོན་འདི་དག་གི་སྐོར་འོག་གི་སློབ་ཚན་དེ་དག་གིས་གསལ་བཤད་བྱེད་ཀྱི་ཡོད།
Sense mental ཡིད་བློ།
Mental activity ཡིད་བློའི་བྱེད་ལས།
Matter དངོས་པོ།
Physical objects གཟུགས་ཅན་གྱི་ཡུལ།
རྩོམ་པ་པོ་སྐུ་ཞབས་Bertrand Russellམཆོག་གིས།(འཇིག་རྟེན་དང་འབྲེལ་བའི་དཀའ་ངལ་ཡོངས་རྫོགས་མི་བླུན་པོ་དང་ཕྱོགས་ལྷུང་ཅན་ཚོ་ག་དུས་ཀྱང་རང་ཉིད་ལ་གདེང་ཚོད་ཧ་ཅང་ཆེ་བ་དང་། སྙིང་སྟོབས་དང་བློ་གྲོས་ཅན་གྱི་མི་རྣམས་ཐེ་ཚོམ་དང་སོམ་ཉིའི་དྲ་བའི་རྦད་དེ་ཚུད་ཡོད་པ་དེ་རེད།)
ཟམ་གདོང་རིན་པོ་ཆེས།(སྤྱིར་བཏང་མར་ཁི་སེའི་རིང་ལུགས་དེ་ནུབ་ཕྱོགས་ཀྱི་སེམས་གཙོའི་རིང་ལུགས་ཀྱི་ལྟ་གྲུབ་(idealism)ཀྱི་འགལ་ཟླ་ལས་བྱུང་བའི་ལྟ་གྲུབ་ཅིག་ཡིན་སྟབས་ལྟ་གྲུབ་ཀྱི་ཆ་ནས་གཏིང་ཟབ་པོ་དང་མཁྲེགས་པོ་རེད།)
ཐུགས་རྗེ་ཆེ།
བློ་བཟང་ལགས། བྱོན་པ་ལེགས།
ག་རེ་བཤད་ཀི་ཡོད། སེམས་གཙོ་སྨྲ་བའི་ཐོག་མའི་སློབ་དཔོན་ནི་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་གྱི་སངས་རྒྱས་ཤྰཀྱ་ཐུབ་པ་རེད། ཁོང་གིས། སེམས་ནི་རི་མོ་མཁན་དང་འདྲ། །ཆོས་འདི་ཐམས་ཅད་སེམས་ཀྱིས་བྲིས། །གསུངས།
དབྱིན་ཡིག་གི་idealism འདི་བོད་ཡིག་ནང་སེམས་གཙོ་སྨྲ་བའི་རིང་ལུགས་ཟེར་ནས་བསྒྱུར་ན་དག་དག་ཞིག་རེད་དམ་མ་རེད། འདི་སྔོན་མ་ནས་ཚིག་མཛོད་ཁ་ཤས་ན་སེམས་གཙོ་སྨྲ་བའི་རིང་ལུགས་ཟེར་ནས་བསྒྱུར་ཡོད་མོད། འོན་ཀྱང་རྩོམ་ཡིག་ཁ་ཤས་ན་ཀུན་གཞི་སྨྲ་བའི་རིང་ལུགས་ཟེར་ནས་བསྒྱུར།
རྩོམ་པ་པོ་ཁོང་གིས་སེམས་གཙོ་སྟངས་དེ་ཆ་གསུམ་ནས་དོག་པ་བྱས་ནས་དྲི་བ་ཞིག་འདྲི། ༡༽དད་པ་གཙོ་བོ་བྱས་ནས་ཆོས་ཀུན་དཀོན་མཆོག་གིས་བཀོད་པའི་ཡིད་ཆེས་ལ་སེམས་གཙོ་ཞེས་བཤད་བཞིན་ཡོད་དམ། ༢༽་ཡང་ན་ནང་པ་སྤྱི་ཡོངས་ནས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས།། ཞེས་པ་ལྟར་འཇིག་རྟེན་གྱི་རི་ར་བ་ཁང་ཁྱིམ་ཡོངས་རྫོགས་ལུས་ངག་གི་རྣམ་འགྱུར་དང་མཉམ་དུ་འཇུག་པའི་སེམས་བྱུང་སེམས་པ་ལ་སེམས་པའི་ལས་ཞེས་ངོས་འཛིན་སྟངས་ལྟར་གྱི་སེམས་གཙོ་ལ་བྱེད། ༣༽་དེ་མིན་ན་སེམས་ཙམ་པ་ལྟར་འཇིག་རྟེན་གྱི་སྣང་བ་ཡོངས་སུ་རྫོགས་པ་ཕྱི་རོལ་ན་མེད་པར། ནང་ཀུན་གཞི་སེམས་ཀྱི་མདངས་ཙམ་ཕྱི་རོལ་ལ་འཕྲོས་པ་ལ་བཤད།
དང་པོ་ལྟར་འདོད་ན་ཚེ་ལོ་དཔག་མེད་དུས་སུ་སེར་སྐྱ་ཡི།། གྲངས་ཅན་གཞུང་བརྩམས། གསུངས་པ་ལྟར་འཇིག་རྟེན་ལ་ཆོས་ལུགས་ཐོག་མར་དར་བ་ནས་བཟུང་དེ་ཙམ་གྱི་སེམས་གཙོ་དེ་དར་ཟིན། གཉིས་པ་དེ་ཡང་སྟོན་པ་མཉམ་མེད་ཤཀྱཱའི་དབང་བོ་འཇིག་རྟེན་ལ་ཆོས་འཁོར་སྐོར་བ་ནས་ལས་སྨྲ་བའི་རིང་ལུགས་དེ་དར་ཟིན་འདུག གསུམ་པ་ལྟར་ན་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་སངས་རྒྱས་ཀྱིས་གསུངས་པ་ནས་བཟུང་ད་ལྟའི་བར་དུ་བཤད་རྒྱུན་དེའི་གྲ་མ་ཉམས་བྲི་མ་ཤིག་པར་ཡོད་པའི་སེམས་ཙམ་པའི་གསུངས་རྒྱུན་འདི་རེད།
ཡང་ན་གོང་གི་བཤད་རྒྱུན་དེ་དག་ལ་མ་ཐེ་བའི་ལྟ་བ་ཟུར་བ་ཞིག་ཁ་གསལ་གཏིང་གསལ་སྒོས་གསུངས་ནས། བོད་ཡིག་ལ་མིང་ཚིག་ཇི་འདྲ་ཞིག་བཏགས་ན་དོན་མ་ནོར་མ་ལྷག་མ་ཆད་པར་ཡིད་ལ་ལྷང་ངེར་དྲན་པ་ཞིག་ཡོད།
སེམས་གཙོ་སྨྲ་བའི་སློབ་དཔོན་ཐོག་མ་དེ་སངས་རྒྱས་ཡིན་ཟེར་ནའང་ཆོག འོན་ཏེ་འདིར་སྐུ་ཞབས་ཁོང་གིས་ནུབ་ཕྱོགས་པའི་རིག་པའི་གཞུང་ལུགས་དར་བའི་སེམས་གཙོའི་རིང་ལུགས་ཀྱི་སྐོར་བཤད་ཡོད་པ་མཁྱེན་དགོས།
སྟོན་པ་བཅོམ་ལྡན་འདས་སེམས་གཙོ་སྨྲ་བ་མ་རེད། དངོས་གཙོ་སྨྲ་བ་རེད། སེམས་སྨྲས་ནས་དངོས་བོའི་གནས་ལུགས་མཐར་ཐུག་དེ་རྟོགས་པས་ཕྱིར།
Idea
ཞེས་པ་དེ་ཡག་པོ་ཞིག་ཤེས་དགོས་པ་རེད། ཚིག་འདི་ནུབ་ཕྱོགས་པས་དུས་རབས་མི་འདྲ་བ་སོ་སོ་སོ་སོར་འགྲེལ་བཤད་རྒྱག་སྟངས་དང་གོ་བ་ལེན་སྟངས་མ་འདྲ་ཁ་ཁར་ཡོད།
དེ་ལ་དོན་གཉེར་དང་སྦྱོང་བ་བྱས་ནས་ཤེས་པ་ཞིག་བཟོས་བསྒྱུར་ན་མ་གཏོགས། ཚིག་མཛོད་འདྲ་ལ་སྐྱབས་སུ་བཅོལ་ཏེ་བསྒྱུར་ན་ཁུངས་འཁྱོལ་གི་མ་རེད།
ཟམ་གདོང་ཟེར་བ་དེ་ཨོ་ཞོ་དང་ཀི་རི་ཎ་མུར་ཏིའི་ལད་མོ་བྱེད་རྒྱུ་དགའ་ནའང་། རྗེས་མ་ཆོད་པས་སེམས་སྐྱོ་བ་ཞིག་གོ།
“སེམས་གཙོའི་རིང་ལུགས་ཞེས་པའི་ཚིག་འདི་ལྟ་གྲུབ་སྨྲ་བ་འདྲ་མིན་གྱིས་བརྗོད་དོན་འདྲ་མིན་ཐོག་ཏུ་བེད་སྤྱོད་བྱས་ཡོད།”
སྐུ་ཞབས་ཁོང་གིས་དེ་ལྟར་གསུངས་པར་གནད་འགག་འདུག ཕྱོགས་གཅིག་སངས་རྒྱས་ནི་སེམས་ཁམས་རིག་པའི་སློབ་དཔོན་ཡིན་པར་ཁས་ལེན་ཐུབ་པ་དང་། ཡང་པྱོགས་གཞན་ཞིག་སྟེ་ནུབ་ཕྱོགས་པའི་རིག་པའི་གཞུང་ལུགས་ཐོག་གི་སྡེ་ཚན་འགའ་རེའི་ཐོག་ནས་དེ་ལྟར་མིན་པ་ལྟ་བུར་མངོན།
རྡོ་རྗེ་སྐྱོབ་ལ་ལགས་ཀྱི་ལྟ་ཚུལ་ལ་རྒྱུ་མཚན་འདུག
ཨ་ཁ་ཁ། མཁས་དབང་ཟམ་གདོང་དྲག་པོར་རྒྱབ་བསྐྱོར་འདུག་ག
མ་ཁེ་སིའི་གཞུང་ལུགས་དོན་གསུམ་ནང་འདུས་ཡོག་རེད། གཅིག མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ལ་ཉམས་ཞིབ། གཉིས། འབྱོར་མེད་གྲལ་རིམ་གྱིས་དྲག་པོའི་འཐབ་རྩོད་ལ་བརྟེན་ནས་སྲིད་དབང་ལེན་པ། གསུམ། གྲལ་རིམ་འཐབ་རྩོད་ཀྱི་ལམ་ནས་སྒེར་བདག་ཅན་མེད་པར་གཏོང་པའོ།