འཕྲུལ་གྱི་བཙན་པོ།
ངའི་ངུ་ངག་གི་དབྱངས་རྟ་ཐོག་མ་འཇིག་རྟེན་མི་ཡུལ་འདིར་སྒྲོག་དུས། མཚལ་ལྟར་དམར་པོའི་སྐར་ལྔའི་དར་ཆ་ཞིག ངེད་སྡེ་བའི་སློབ་གྲྭའི་རྭ་བསྐོར་ན་ལྷབ་ལྷུབ་ཏུ་བསྐྱོད། ངའི་ན་ཚོད་རིམ་གྱིས་ནར་སོན་པ་དང་། ངའི་ཨ་མྱེས་དང་སྡེ་བའི་རྒན་པ་སྐོར་ཞིག་གིས་ཁྲག་ལྟར་དམར་ཞིང་འཇིགས་རུང་གི་དར་ཆ་དེའི་རྒྱབ་ལྗོངས་དང་། ལོ་རྒྱུས་བཤད་པ་ངས་གཞི་ནས་རྟོགས་ཤིང་། དར་ཆ་དེས་ངའི་རིགས་མཐུན་གྱི་སྤུན་ཟླ་ཇི་སྙེད་ཅིག་གི་ཚེ་སྲོག་འཕྲོགས་ཀྱང་། སྤུན་ཟླ་ཇི་སྙེད་ཅིག་ཕྱི་ཡུལ་ལ་འགྲིམས་དགོས་བྱུང་།
དུས་དེ་ནས་བཟུང་། ངས་རང་ཉིད་བཙལ་ཞིང་ང་དང་ངའི་མི་རིགས། ངའི་རྒྱལ་ཁབ། ངའི་དབུ་འཁྲིད་བཅས་རེ་རེ་བཞིན་གསང་རྒྱ་བརྟོལ། དུས་རབས་ཉེར་གཅིག་པའི་དུས་རབས་འདིར། ངའི་ཕ་ཡུལ་གངས་ལྗོངས་མུན་ནག་གི་བཙོན་རྭ་ཞིག་ཏུ་གྱུར་ཟིན་པ་གཞི་ནས་རྟོགས།
ངས་རང་ཉིད་ཀྱི་བདེན་པ་དང་རང་དབང་དེའི་ཕྱིར། མེ་མདའི་སོ་རྩེ་ལ་སྲོག་གི་གཏའ་མ་བཞག་ཅིང་། རི་བོ་དང་རི་བོ་བརྒལ། གཙང་བོ་དང་གཙང་བོ་བརྒལ། མདོར་ན་རི་ལུང་མང་པོ་བརྒལ། རི་བོ་ཧི་མ་ལ་ཡ་འཕྲེད་ཀྱིས་བཅད་དེ་གྲང་རླུང་དང་འཁྱག་རླུང་བཅས་བརྒལ་མཐར། ངས་སྐྱབས་བཅོལ་བ་ཞིག་གི་མིང་བྱང་འཁུར་ནས་མི་ཡུལ་ལ་འགྲིམས།
རྒྱལ་བའི་གསེར་ཞལ་མཇལ་ཞིང་ཞལ་གསུང་དྲོན་མོ་ཐོས་དུས། ངའི་སེམས་པའི་གཏིང་རུམ་ལ་དྲོད་ལམ་ལམ་དུ་གྱུར། ང་ལ་སྤོབས་པ་དང་སྟོབས་ཤུགས་གསར་བ་སྔ་ན་མེད་པ་ཞིག་བསྩལ་བྱུང་། ངའི་རྒྱལ་ཁབ་དང་ཕ་ཡུལ་དམར་པོའི་འོག་ཏུ་ཤོར་ནའང་། ང་རང་བོད་པ་ཞིག་ཡིན་པས་དེ་བས་ཀྱང་སྤོབས་པ་དང་བློ་སྟོབས་སྐྱེས་བྱུང་། དམར་པོའི་གཞུང་གིས་ངའི་མི་རིགས་གཞིས་བྱེས་གཉིས་སུ་ཁ་བྲལ་བཏང་ནའང་། ང་ཚོའི་སེམས་པ་ནམ་ཡང་གཅིག་ཡིན་ལ་ང་ཚོའི་དམ་བཅའ་སྔར་བཞིན་རྡོ་རྗེ་ཕ་ལམ་བཞིན་དུ་བརྟན།
ང་དང་ང་ལྟ་བུའི་འཛམ་གླིང་གི་མི་རིགས་མང་པོ་ཞིག་རང་གི་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱས་རྗེས། སྐྱབས་བཅོལ་བ་གྲངས་མེད་ཅིག་གིས་སྐྱབས་བཅོལ་བའི་འཚོ་བ་རོལ་དགོས་བྱུང་། སྐྱབས་བཅོལ་བ་ཞིག་གི་མིང་བྱང་འོག་ནས་ངས་ཀྱང་ངའི་ཕ་མ་དང་སྤུན་མཆེད། གཉེན་ཉེ། ཕ་ཡུལ་གྱི་ཡོད་ཚད་དྲན་ཐེངས་རེ་ལ་མཆི་རྡོག་རེ་རེ་མིག་ཀོང་ན་གཡོ།
ཚན་རྩལ་གྱི་འགྲོས་ཁ་ཧ་ཅང་མྱུར་བ་དང་བགྲང་བྱ་བདུན་བརྒྱད་ནི་མིག་བརྡབ་དབང་ཙམ་ཞིག་གིས་སྐད་ཅིག་སྐད་ཅིག་གིས་བཞུད་སོང་བའི་ཚོར་བ་སྦྱིན། འཕྲིན་ཡིག་དང་སྐུད་མེད་ཁ་པར་བརྒྱུད་ངའི་ཕ་མ་དང་སྤུན་ཟླ་རང་གི་སེམས་ཀྱིས་སྙིང་གཏམ་བཤད། ཡིན་ཡང་ང་ཕ་ཡུལ་དང་གྱེས་ཁའི་ཕ་མའི་ཞལ་རས་ད་དུང་ཡང་ཡིད་ལ་ཝ་ལེར་ཝ་ལེར་ཤར་ཞིང་། དུས་ནམ་ཞིག་ལ་ཕ་བུ་ལྷན་འཛོམས་འབྱུང་བར་ངས་ཀྱང་ཚོད་དཔག་བྱེད་ག་ལ་ཕོད། སྟབས་ལེགས་པ་ཞིག་ལ་དྲ་རྒྱའི་ཆ་འཕྲིན་ཧ་ཅང་མྱུར་བས་སྐུད་མེད་ཁ་པར་བརྒྱུད་དྲ་རྒྱ་ནས་ཐུག་པར་དུས་ཆད་བྱས།
ངས་དྲ་རྒྱའི་ཆ་འཕྲིན་བརྒྱུད་ངས་དྲིན་ཆེན་ཕ་ལོ་མ་ལོ་མཐོང་དུས། གནག་སྣུམ་གྱི་སྐྲ་ལོ་ཁ་བས་ཟས་ཤིང་སྐྲ་ཡི་ཉག་མ་རེ་རེ་ནི་དངུལ་དཀར་གྱི་སྐུད་པར་གྱུར། གདོང་ལ་བརྩེགས་པའི་གཉེར་མའི་ཤར་ཕྲེང་རེ་རེ་ན་བུ་ཆུང་དྲན་པའི་གདུང་བ་དང་སེམས་ཁུར་ཧ་ཅང་གསལ། དཀར་ཞིང་གསལ་བའི་དུང་མདོག་གི་ཚེམས་ཕྲེང་རྒྱ་སྟག་ལྟ་བུའི་ལོ་ཟླས་བཅོམ་སོང་། དེ་ནི་ཕལ་ཆེར་མི་ལོ་བརྒྱད་དགུ་ཙམ་ལ་ཕ་བུ་ཁ་བྲལ་ནས་བས་མཐའ་ན་འཚོ་བ་ངན་ངོན་ལ་རོལ་རྗེས་ཀྱི་ཞལ་མཇལ་ཐོག་མ་དེ་རེད། “བུ་ཆུང་། ཁྱོད་ནམ་ཞིག་ལ་ཕྱིར་ཕ་ཡུལ་དུ་ལོག་ཐུབ་བམ། ངེད་ཕ་མ་གཉིས་ཧ་ཅང་རྒས་འཁོགས་ཡིན་པས་ལ་ཁའི་ཉི་མ་བཞིན་ནམ་འགྲོ་ཆ་མེད་རེད།” ཅེས་པའི་གསུང་དྲོན་མོ་རེ་རེ་བཞིན་ངའི་རྣ་བའི་བུ་ག་བརྒྱུད་ཐོས་དུས། ངའི་མགྲིན་པ་བརྣངས་ཤིང་མིག་ནས་མཆི་མ་འཁྱིལ་དུས། ཡུན་ཙམ་ལ་ལན་ལྡོན་མ་ཕོད།
ངས་ཕ་མ་དང་སྤུན་ཟླ་རེ་རེ་བཞིན་མཐོང་དུས་ཁོ་ཚོ་ཚང་མ་རྒས་འདུག ངས་ངའི་ཕ་ཡུལ་དང་མི་རིགས་རྒས་བཞིན་པའང་ཤུགས་ནས་རྟོགས་བྱུང་། དེ་དུས་སུ་ངས་མི་ཡུལ་ག་ཚོད་སྐྱིད་ཀྱང་གཞན་གྱི་ལུང་པ་རེད། རང་ཡུལ་གད་པ་ཡིན་རུང་སྐྱིད། མི་རྒས་ན་ཡུལ་ཞེས་པའི་གནས་ལུགས་དེ་དྲན་འོངས།
གཞིས་སུ་སྐྱེས་ཤིང་བྱེས་སུ་ཤེས་རིག་གི་བཅུད་ལ་རོལ་བའི་སྐལ་བ་ལྡན། ངས་ཕྱིར་དྲན་གྱི་ཀློང་ན་”ང་ཚོའི་མེས་རྒྱལ་ཀྲུང་གོ་ཡིན། ང་ཚོ་མེས་རྒྱལ་ལ་དགའ། གུང་ཁྲན་ཏང་ཕ་མའི་ཁ་མ་ཡིན།” ཞེས་པའི་རྫུན་གཏམ་དེས་ངའི་དྲི་མེད་དྭངས་གཙང་གི་བྱིས་བློ་ལ་ནོལ་དྲི་ཐེབས། ཡོད་ཚད་རྫུན་གཏམ་དང་ཁྲམ་པ་གཡོ་སྒྱུ་ཡིས་ངའི་ཕ་མེས་ཇི་སྙེད་ཅིག་གི་ཚེ་སྲོག་འཕྲོགས་སོང་། དམྱལ་བ་མི་ཡུལ་དུ་སླེབས་པ་ལྟ་བུའི་སྡུག་བསྔལ། མནར་གཅོད། ངའི་རིགས་མཐུན་གྱི་སྤུན་ཟླ་མང་པོར་བཏང་ཡོད་པ་གཞི་ནས་རྟོགས།
འཚོ་བ་ངན་ངོན་དང་ལྟོ་གོས་སྐྱ་ཧྲིལ་གྱི་བཙན་བྱོལ་བའི་འཚོ་བ་ཁྲོད་ན། ལོ་གཅིག ལོ་གཉིས། ལོ་ལྔ། ལོ་བཅུ། བགྲང་བྱ་རེ་རེ་བཞུར་དུས་ཕ་བུ་ལྷན་འཛོམས། གཞིས་བྱེས་ལྷན་འཛོམས་ཀྱི་ཉིན་མོ་རེ་སྒུག་ཁྲི་ཕྲག་གི་ཀློང་ན་འཆར་པར་སྨོན། ཇི་སྲིད་ཕ་བུ་ལྷན་འཛོམས་དང་གཞིས་བྱེས་ལྷན་འཛོམས་མ་བྱུང་བར་དུ། དེ་སྲིད་དུ་ངས་ངའི་སྐད་ཡིག་དང་། རིག་གཞུང་། མི་རིགས་ལ་ཕུལ་བའི་ལེགས་སྐྱེས་ཉམས་མི་སྲིད་ལ་ཆོད་སེམས་ཀྱང་སྔར་ལས་ཆེ།
༢༠༡༤/༠༩/༢༡ ཉིན།
དངོས་རྩོམ་ཡག་པོ་ཞེ་དྲག་བྲིས་འདུག་ང་རང་ཡང་རི་བོ་ཧི་མ་ལ་ཡ་དྲན་བྱུང་།