ཡོང་ཁུངས། བོད་ཀྱི་དུས་བབ།
ཧོང་ཀོང་གི་མཐོ་རིམ་སློབ་མ་ ༡༣༠༠༠ ཙམ་གྱིས་བསྟུད་མར་ཉིན་གྲངས་ ༥ རིང་སློབ་མཚམས་བཞག་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་འདུག
ཁ་སང་ཕྱི་ཚེས་༢༢ ཉིན་ནས་བཟུང་ཧོང་ཀོང་གི་མཐོ་རིམ་སློབ་གྲྭ་ཁག་ ༢༤ ཡི་སློབ་མ་ ༡༣༠༠༠ ཙམ་གྱིས་སློབ་མཚམས་བཞག་སྟེ། ཧོང་ཀོང་གི་ལྟེ་གནས་གྲོང་ཁྱེར་ཅིན་ཀྲུང་ཐེན་མཱ་སྤྱི་གླིང་དུ་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། གལ་སྲིད་ཧོང་ཀོང་དམིགས་བསལ་སྲིད་འཛིན་ཉིང་ཁྲིན་ཡེན་གྱིས་ཆུ་ཚོད་ ༤༨ ནང་ཚུན་དུ་སློབ་མ་ཚོར་དངོས་སུ་ཐུག་འཕྲད་བྱས་ཏེ་སྐད་ཆ་མ་བཤད་ན། ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལུགས་བསྒྲགས་འདུག
ཐེངས་འདིའི་ཉིན་གྲངས་ ༥ རིང་གི་ལས་འགུལ་ཁྲོད་སློབ་མ་ཚོས་དགོས་འདུན་དོན་ཚན་བཞི་བཏོན་པའི་ནང་། ཧོང་ཀོང་གི་ཆབ་སྲིད་བསྒྱུར་བཅོས་ལ་འདྲི་རྟོག་བྱེད་མཁན་མི་མང་གིས་མིང་འདོན་དགོས་པ་དང་། ཉིང་ཁྲིན་ཡེན་དང་ཆབ་སྲིད་བསྒྱུར་བཅོས་ཚོགས་ཆུང་གི་མི་སྣ་གསུམ་གྱིས་ལས་གནས་ནས་རྩ་དགོངས་ཞུ་དགོས་པ། དེ་བཞིན། རྒྱ་ནག་མང་ཆེན་གྱིས་ཧོང་ཀོང་གི་ཆབ་སྲིད་བསྒྱུར་བཅོས་ཀྱི་གྲོས་ཆོད་ཕྱིར་འཐེན་བྱས་ཏེ། ཧོང་ཀོང་མི་མང་ལ་དགོངས་དག་ཞུ་དགོས་སྐོར་བརྗོད་ཡོད་པ་དང་། ངོ་རྒོལ་ལས་འགུལ་སྐབས་དགེ་རྒན་དང་ཆབ་སྲིད་ལས་འགུལ་བ་སོགས་ཕྱི་ནང་གི་མི་སྣ་ ༧༠ ཙམ་གྱིས་ལས་འགུལ་བ་ཚོར་ཆབ་སྲིད་དང་བཅའ་ཁྲིམས། དཔལ་འབྱོར་སོགས་ཀྱི་ཐད་བགྲོ་གླེང་གཏམ་བཤད་བྱེད་བཞིན་ཡོད་འདུག
དེ་རིང་སྔ་དྲོར་ཧོང་ཀོང་སློབ་མའི་མཐུན་ཚོགས་ཀྱི་སློབ་མ་བཅུ་གྲངས་ཤིག་སྲིད་འཛིན་གྱི་ལས་ཁུངས་མདུན་དུ་ཕྱིན་ཏེ། ཉིང་ཁྲིན་ཡེན་སྲིད་འཛིན་ཚོགས་འདུར་འགྲོ་བའི་ལམ་བར་དུ་ཐད་ཀར་སྐད་ཆ་བཤད་རྒྱུའི་འབད་བརྩོན་བྱས་ཡོད་ཀྱང་། ཉིང་ཁྲིན་ཡེན་གྱིས་དང་ལེན་བྱས་མེད་པ་རེད། ཡིན་ནའང་། སྲིད་འཛིན་ཚོགས་འདུ་མགོ་འཛུགས་མ་བྱས་གོང་གསར་འགོད་པས་སློབ་མའི་ལས་འགུལ་སྐོར་སྐད་ཆ་དྲིས་པར་ཉིང་ཁྲིན་ཡེན་གྱིས། “དམངས་གཙོ་ནི་ཧོང་ཀོང་མི་མང་གི་ཐུན་མོང་གི་རེ་འདོད་ཡིན་པས། སློབ་མ་ཚོའི་དགོས་འདུན་ལ་བསམ་ཤེས་ཐུབ་ཀྱི་འདུག མ་འོངས་པར་ཧོང་ཀོང་ནང་མི་རེས་འོས་རེ་བླུགས་ནས་དམིགས་བསལ་སྲིད་འཛིན་དཔོན་པོ་གང་མགྱོགས་འོས་འདེམས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། སློབ་མའི་མཐུན་ཚོགས་དང་སློབ་མ་གཞན་ཚོའི་ཕྱི་ལོ་༢༠༡༧ ལོའི་སྲིད་འཛིན་འོས་འདེམས་ཐད་ཀྱི་དགོས་འདུན་ཁག་ལ་ཧོང་ཀོང་གཞུང་གིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།” ཅེས་དང་།
ཡང་ཁོ་བོས། ཧོང་ཀོང་ནི་ཁྲིམས་ལྟར་དོན་དག་བསྒྲུབ་པའི་སྤྱི་ཚོགས་ཤིག་ཡིན་སྟབས། འོས་འདེམས་སོགས་ཆབ་སྲིད་དང་སྤྱི་ཚོགས། དཔལ་འབྱོར་སོགས་ཀྱི་གནད་དོན་རྣམས་ཁྲིམས་ལྟར་ལག་བསྟར་བྱེད་དགོས་ལ། དམིགས་བསལ་སྲིད་འཛིན་དཔོན་གྱི་་འོས་མི་མིང་འདོན་གྱི་ཐོབ་ཐང་དེ་འོས་མི་འདེམས་ལྷན་ལ་ཡོད་སྟབས། ཧོང་ཀོང་གིས་ངེས་པར་དུ་རྩ་ཁྲིམས་དང་རྒྱལ་ཡོངས་མང་ཆེན་རྒྱུན་ལས་ཀྱི་ཐག་གཅོད་ལྟར། སྲིད་འཛིན་འོས་འདེམས་ཀྱི་བྱ་བ་ལེགས་པར་སྒྲུབ་དགོས་སྐོར་བརྗོད་ཡོད་སྟབས། ཧོང་ཀོང་སློབ་མའི་མཐུན་ཚོགས་ནས་ཉིང་ཁྲིན་ཡེན་གྱིས་ཆུ་ཚོད་ ༤༨ ནང་སློབ་མ་ཚོར་དངོས་སུ་ཐུག་འཕྲད་བྱས་ཏེ་སྐད་ཆ་མ་བཤད་པ་ཡིན་ན་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལུགས་བསྒྲགས་འདུག ཧོང་ཀོང་སློབ་ཆེན་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཉིང་ལི་ཀོ་ཡིས། གནས་བབ་འདི་འདྲ་ཞིག་ལ་ང་ཚོ་སློབ་མ་ཚོ་ཕྱིར་ཐོན་ཏེ། ཧོང་ཀོང་སྐྱོབ་ཐབས་ཀྱི་ལས་འགུལ་མ་སྤེལ་བ་ཡིན་ན། གཞན་སུས་ཀྱང་ངོ་རྒོལ་ལས་འགུལ་སྤེལ་མི་སྲིད་པས། སློབ་མཚམས་བཞག་པའི་ལས་འགུལ་དེའི་ནང་སློབ་ཆེན་སློབ་མ་ ༡༠༠༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། མ་འོངས་པར་གྲོང་ཁྱེར་གྱི་མི་མང་སྔར་ལས་མང་པོ་མཉམ་ཞུགས་ཡོང་བའི་རེ་བ་རྒྱག་བཞིན་ཡོད་ལ། ད་རེས་ཀྱི་ལས་འགུལ་དེ་དཀྱོག་མཚམས་ཤིག་དང་མགོ་འཛུགས་ས་ཞིག་ཡིན་སྐོར་བརྗོད་འདུག
ཉིན་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་དུ། ཧོང་ཀོང་དམིགས་བསལ་སྲིད་འཛིན་དཔོན་ཟུར་ཏུང་ཅན་ཧྭ་ཡིས་སྣེ་ཁྲིད་པའི་ཧོང་ཀོང་གི་བཟོ་ལས་དང་ཆེད་ལས་མི་སྣའི་སྐུ་ཚབ་ཚོགས་པ་ཞིག་ལ་ཐུག་འཕྲད་བྱས་ཏེ། ཉིན་ཤས་རྗེས་རྒྱལ་སྟོན་དུས་ཆེན་ཐེངས་ ༦༥ པ་སླེབ་ཀྱི་ཡོད་པ་དང་། ཧོང་ཀོང་དང་རྒྱ་ནག་གཉིས་དཀའ་སྡུག་མཉམ་མྱོང་དང་གཅིག་ལ་གཅིག་བརྟེན་ཡིན་ཞིང་། ཧོང་ཀོང་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ནུས་པ་གལ་ཆེན་འདོན་གྱི་ཡོད་ལ། རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་སྲིད་བྱུས་ལ་འགྱུར་བ་བཏང་མེད་ལ་འགྱུར་བ་གཏོང་ཡང་མི་སྲིད། ཧོང་ཀོང་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ། རྒྱལ་ཁབ་དང་ཧོང་ཀོང་། ཕྱིའི་མ་དངུལ་གཏོང་འཇོག་པ་བཅས་ཀྱི་ཁེ་ཕན་དང་མཐུན་ཞིང་། ཧོང་ཀོང་གི་དམངས་གཙོ་འཕེལ་རྒྱས་དང་བརྟན་བརླིང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་སོགས་བརྗོད་ཡོད་འདུག
གསར་འགོད་པ། པདྨ་མཚོ།
དོན་དངོས་པོའི་ཐོག་ནས་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཀྱི་ཆ་རྐྱེན་ལ་བསམ་བློ་གཏོང་པ་ཡིན་ན་ང་ཚོས་ངེས་པ་ཏུ་དཔང་རོགས་འཚོལ་དགོས། དེ་ཡང་གོ་སྐབས་དང་བསྟུན་ནས་ཐབས་ལམ་འཚོལ་དགོས་པར་འདོད། བོད་ལ་བཙན་འཛུལ་དང་བོད་མི་རིགས་ལ་བཙན་གནོད་བྱེད་མཁན་ནི་གུན་ཁྲན་དམར་པོའི་སྲིད་གཞུང་རེད།
གུན་ཁྲན་དམར་པོའི་སྲིད་གཞུང་ནི་སྟག་མོ་ཁེར་འདུག་ཞིག་རེད། བོད་མི་རིགས་ཀྱིས་སྟག་རྒན་གུན་ཁྲན་ཏང་འདུལ་བ་ལ་དཔང་རོགས་དགོས། དེ་ཡང་སྟག་དམར་འདིས་མི་སེར་དུང་ཕྱུར་༡༣་གྱི་དམངས་གཙོའི་རང་དབང་ཕྲོགས་ནས་བསྡད་ཡོད། རང་དབང་ལ་བཙན་གནོད་བྱས་ནས་བསྡད་ཡོད།
དེང་སང་ཡར་ཐོན་ཅན་གྱི་ཧོང་ཀོང་མི་དམངས་ཀྱིས་དམངས་གཙོའི་འཐབ་རྩོད་བྱེད་བཞིན་པའི་སྐབས་འདི་ལ་བོད་མི་རིགས་ངོས་ནས་ངེས་པ་ཏུ་ཧོང་ཀོང་མི་དམངས་ལ་རྒྱབ་སྐྱོར་བྱེད་དགོས། ཧོང་ཀོང་མི་དམངས་ལ་རྒྱབ་སྐྱོར་མཚོན་ཐུབ་པའི་ངོ་རྒོལ་ལས་སྤེལ་རན་པའི་དུས་ལ་བབ་ཡོད།
ཏང་གི་རྐུབ་ལྡག་མཁན་བཙན་བྱོལ་སྒྲིག་འཛུགས་ཀྱིས་ངོས་ནས་རང་དབང་དམངས་གཙོའི་ཆེད་དུ་འཐབ་རྩོད་བྱེད་མི་སྲིད་ལ་རེ་བ་ཡང་མེད། རེ་བ་ཆེ་ཤོས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་བཅས་ཀྱིས་ངོས་ནས་ཧོང་ཀོང་མི་དམངས་ལ་རྒྱབ་སྐྱོར་མཚོན་ཆེད་དུ་ལས་འགུལ་སྤེལ་དགོས་ངེས་ཆགས་ཡོད། དུས་ལ་བབ་ཡོད།
གོ་སྐབས་འདི་ཤོར་ན་ཕམ་ཁ་ཡིན། ངེས་པ་ཏུ་གོ་སྐབས་ཟིན་ནས་རང་དབང་དམངས་གཙོའི་ཆེད་དུ་འཐབ་རྩོད་བྱེད་དགོས་པའི་དུས་ལ་བབ་ཡོད། གོ་སྐབས་འདི་འདྲ་ཡང་དང་བསྐྱར་དུ་ཡོང་སྲིད།
གལ་སྲིད་བོད་མི་རིགས་ཀྱིས་ངོས་ནས་རྒྱ་མི་རིགས་ཀྱི་དམངས་གཙོའི་འཐབ་རྩོད་ལ་རྒྱབ་སྐྱོར་མ་བྱེད་པ་ཡིན་ན་རྗེས་སུ་རྒྱ་ནག་དམངས་གཙོ་ལ་འགྱུར་སྐབས་སུ་རྒྱ་མི་རིགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱ་ཡི་མ་རེད། གནད་དོན་འདི་ད་ལྟ་ནས་ཤེས་དགོས་པའི་དོན་ཆེན་ཡིན།
གལ་སྲིད་རྒྱ་ནག་དམངས་གཙོ་ལ་བསྒྱུར་མ་ཐུབ་པ་ཡིན་ན་བོད་མི་རིགས་ལ་རང་དབང་འཐོབ་པའི་རེ་བ་མེད། རྒྱ་ནག་དམངས་གཙོ་ལ་བསྒྱུར་དགོས་པ་ནི་མི་དམངས་དུང་ཕྱུར་༡༣་གྱི་སྤྱི་དོན་ཡིན། བོད་མི་རིགས་ཀྱིས་ངེས་ཏུ་འགན་ཁུར་་དགོས།
བོད་པའི་ཤེས་ཡོན་ཅན་ཚོས་ངོས་ནས་ཀྱང་འགན་ཁུར་དགོས། གོ་སྐབས་འདི་མ་ཤོར་གནང་དགོས་པ་ནི་གནད་འགག་ཡིན་པར་ཤེས་དགོས་ལ་གནད་དོན་འདིའི་ཐོག་ཏུ་བགྲོ་གླེང་བྱེད་དགོས། སྤྱི་ཚོགས་ནང་དུ་དྲིལ་བསྒྲག་བྱེད་དགོས་པར་འདོད་དོ།།
ཧོང་ཀོང་ནང་གི་མཐོ་རིམ་སློབ་གྲྭའི་སློབ་མ་ཚོས་དམངས་གཙོའི་ཆེད་དུ་ངོ་རྒོལ་བྱེད་བཞིན་པའི་སྐབས་འདི་ལ་བོད་པའི་མཐོ་རིམ་སློབ་མ་རྣམས་ཀྱང་གཉིད་སད་པའི་རེ་བ་ཡོད་ལ་དགེ་རྒན་མཐོང་རྒྱ་ཅན་རེ་ཡོད་ན་གཉིད་དཀྲོག་དགོས་ངེས་ཡིན། བོད་མི་རིགས་ཀྱིས་ངོས་ནས་གོ་སྐབས་གཅིག་ཀྱང་ཟིན་མ་ཐུབ་པར་ལྷག་པ་ཡིན་ན་གྱོང་རག་ངེས་ཡིན། གོ་སྐབས་ཟེར་བ་འདི་ནི་རྩ་བ་ཆེན་པོ་རེད་འདོད་དོ།།
ལྷས་རང་མགོ་མི་ཐོན་ས་ནས། འདྲེ་ཤ་འདེགས་ཟེར་བ་འདི་འདྲ་ལ་རྫོ་ལེ་རེད། ཧ་ཧ་ཧ། དོལ་ཁྱི།