རྒྱ་ནག་གིས་ཡུ་གུར་བའི་མཁས་པ་གྲགས་ཅན་ཨི་ལྷམ་ ཐོ་ཏི་(Ilham Tohti)ལ་ཁ་བྲལ་བའི་ཉེས་པ་བཀལ་ཏེ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག རྒྱལ་ས་ཨུ་རུམ་ཆིའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཉིན་གཉིས་རིང་ཉན་ཞིབ་བྱས་རྗེས་ཁྲིམས་ཐག་དེ་བཅད་ཡོད་པ་དང་། ད་དུང་ཁོང་གི་རྒྱུ་ནོར་དངུལ་རྫས་ཀྱང་གཞུང་བཞེས་བྱས་པའི་བཀོད་རྒྱ་བཏང་འདུག རྒྱ་ནག་གི་ཉེན་རྟོག་པས་ཁྲིམས་ཐག་བཅད་ཟིན་པའི་རྗེས་སུ་ཨི་ལྷམ་ ཐོ་ཏི་དྲུད་ནས་འགྲོ་སྐབས་“ངས་བློས་གཏོང་གི་མིན་”ཞེས་མཐའ་ཚིག་བསྒྲགས་ཡོད་འདུག ཁྲིམས་རྩོད་པས་བརྗོད་པ་ལྟར་ན་ཁོང་གི་ཁྲིམས་གཅོད་ལ་སླར་ཡང་ཞུ་གཏུགས་བྱེད་རྒྱུ་ཡིན་པ་རེད། འདི་སྐོར་ཧྥ་རན་སིར་གནས་བཞུགས་སྐུ་ཞབས་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་དེབ་སྟེང་རྩོམ་ཐུང་ཞིག་བཀོད་པ་གཤམ་གསལ་ལྟར་ཡིན།
ཡེ་ལེ་ཧཱ་མུ—རྒྱ་ནག་གི་མན་ངྷི་ལ།
“ངས་ཨ་རིའི་སྤྱི་ཚོགས་དང་སྲིད་དོན་སྒྲོམ་གཞི་ལ་ཚད་མཐོའི་གདེང་འཇོག་བྱེད་གི་ཡོད། ང་ཨ་རིའི་སློབ་གསོ་དང་མཚན་རྩལ་རང་དབང་ལ་དགའ་བོ་དང་། ཨ་རིའི་རིན་ཐང་ལྟ་གྲུབ་ལའང་དགའ་བོ་ཡོད། དཔེར་ན། མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་། གྲངས་ཉུང་རིང་ལུགས་ལ་བརྩི་མཐོང་། ཆོས་ལུགས་དང་གསར་འགོད་ལ་རང་དབང་། ད་དུང་དམངས་གཙོ་སོགས། འོན་ཀྱང་། གནད་དོན་ཞིག་ཡོད་པ་ནི། ང་ཨ་རི་བ་མིན། ངས་ཡུ་གུར་བའི་གནད་དོན་འདི། ཨ་རི་ལ་རྒྱབ་བརྟེན་ན་ཐག་གཅོད་ཐུབ་པའི་གནད་དོན་ཞིག་ལའང་ངོས་འཛིན་བྱེད་གི་མེད། གནད་དོན་འདི་མཐར་གཏུགས་ན། ད་དུང་ཡང་རྒྱ་ནག་དང་ཡུ་གུར་པ་གཉིས་ཀྱི་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་དགོས་པ་ཡིན།”
“ངས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཅི་ཡང་ཞུ་འདོད་མེད། ང་ཚོར་མཁོ་བ་ནི། རྒྱ་ནག་སྲིད་གཞུང་གིས་རང་འགན་གཙང་ལེན་ཐོག རང་གི་ཡུ་གུར་པའི་ཐོག་བཟུང་བའི་སྲིད་ཇུས་བྱ་སྤྱོད་ལ་བསམ་བློ་བསྐྱར་ནན་གཏོང་རྒྱུ་དེ་ཡིན། ག་དུས་ཡིན་ཡང་། མི་སྒེར་བའི་དོན་རྐྱེན་མཐའ་དག ཆབ་སྲིད་རང་བཞིན་ཅན་དང་། མི་རིགས་རང་བཞིན་ཅན་གྱི་ངོ་བོར་མ་བསྒྱུར་རོགས། འདི་དག་ལ་བདེན་དཔང་དགོས་པ་རེད།”
“ང་གནས་གང་ལའང་འགྲོ་འདུན་མེད། ཡུ་གུར་པའི་གནད་དོན་རྒྱ་ནག་ནང་དང་། དཀའ་རྙོག་དེ་སེལ་བའི་ཐབས་ལམ་ཡང་རྒྱ་ནག་ནང་ཡོད་དགོས། གལ་སྲིད། ཡིན་གཅིག་མིན་གཉིས་བཙོན་ཁང་དུ་འགྲོ་དགོས་ཚེ། ང་རྒྱ་ནག་གི་བཙོན་ཁང་ནང་འགྲོ་རྒྱུ་ཡིན། བཙོན་གྲོལ་ཐོབ་རྗེས། ངས་མུ་མཐུད་ནས་རྒྱ་ནག་ནང་ཡུ་གུར་པའི་མདུན་ལམ་འཚོལ་ཐབས་བྱ་ངེས། གལ་སྲིད་ང་ཤི་ཚེ། རེ་བ་ཉག་གཅིག་ནི། ངའི་ཕུང་བོ་ཕ་ས་ཕ་ཡུལ་ནས་དུར་འཇུག་བྱ་རྒྱུ་དེ་ཡིན། བདེ་སྐྱིད་ཆུང་ཆུང་འདིས་ངའི་ཡིད་ཡོངས་སུ་ཚིམས་ནས་སྡོད་ཆོག”
མཆན། གོང་གསལ་འདི་སློབ་དཔོན་ཆེན་མོ་ཡེ་ལེ་ཧཱ་མུའི་གསུང་དུམ་ཁག་གསུམ་ཡིན། དེ་རིང་སྟེ།༢༠༡༤/༠༩/༢༣ཉིན། རྒྱ་ནག་གཞུང་གིས་ཁོང་ལ་(རྒྱལ་ཁབ་ཁ་བྲལ)གྱི་ཉེས་མིང་འོག་ཚེ་བཙོན་དང་སྒེར་དངོས་ཡོངས་རྫོགས་གཞུང་བཞེས་ཀྱི་ཁྲིམས་ཐག་བཅད་ཡོད།
འདིའི་སྐོར་གྱི་གནས་ཚུལ་ད་དུང་འདི་ན་ཡོད།
བོད་ཀྱི་དུས་བབ།
བི་བི་སི། རྒྱ་ཡིག
བི་བི་སི་ཨིན་ཡིག་
ཡུ་གུར་སློབ་དཔོན་ཆེན་མོར་གུས་བརྩི་དང་གདུང་སེམས་མཉམབསྐྱེད་ཡོད། དོན་རྐྱེན་འདིའི་ཐོག་ནས་ཚང་མར་རྒྱ་དམར་གཞུང་ངོ་འཕྲོད་ཐུབ་པས། སྟོང་བསམ་མང་བོ་ཞིག་དོར་རན་ལ་ཐུག་ཡོད་པའང་གསལ་བོ་རེད།
དཔའ་བོ་ཁོང་རྒྱལ་གྱུར་ཅིག