རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།
བོད་རྒྱ་འབྲེལ་མོལ་གྱི་རིམ་པ་འདི་བྱུང་ནས། ད་ཕན་ལོ་ངོ་༣༠ལྷག་འགྲོ་གི་འདུག ཐོག་མའི་ཆར་ལྟ་སྐོར་གྱི་ངོ་བོའི་ཐོག་ནས་ཕྱིན་པ་རེད། དེ་ནས་སྐུ་ཚབ་ཀྱི་མིང་ཐོག་ནས་ཕྱིན་པ་རེད། ལྟ་སྐོར་ཚོགས་པ་དང་སྐུ་ཚབ་ཚོགས་པ་གཉིས་ཀ་བོད་ལ་ཡང་འགྲོ་ཐུབ་ཡོད་པ་རེད། བོད་ནང་གི་གནས་སྟངས་མཐོང་ཡོད་པ་རེད། དེ་དུས། རྒྱ་ནག་གཞུང་གིས་ཚུར་ལ་ཆ་རྐྱེན་མང་པོ་བཏོན་པ་རེད། ཚུར་ལ་ཆ་རྐྱེན་བཏོན་པ་ནང་བཞིན་ཕར་ལ་ཡང་ཆ་རྐྱེན་བཏོན་པ་རེད། ཕར་ལ་ཆ་རྐྱེན་བཏོན་པ་ཁ་ཤས་འགྲུབ་པ་རེད། འོན་ཀྱང་། གྲུབ་འབྲས་ཆེན་པོ་བྱུང་ཡོད་མ་རེད། གང་ལྟར། འབྲེལ་མོལ་གྱི་བརྒྱུད་ལམ་དེ་ཆད་པ་རེད། ཆད་ནས་ལོ་བཅུ་གྲངས་ཕྱིན་པ་རེད། དེའི་རྗེས་སུ་འབྲེལ་མོལ་གྱི་ལམ་ཁ་འདི་བསྐྱར་མཐུད་བྱུང་བ་རེད། དེ་ནི་ད་ལྟའི་བཀའ་ཤག་སྐབས་སྔ་མ་དེའི་སྐབས་ལ་རེད། སྐུ་ཚབ་དེ་ཡང་དམིགས་བསལ་སྐུ་ཚབ་ཀྱི་མིང་ཐོག་ནས་ཕྱིན་པ་རེད། འགྲོ་ས་དེ་ཡང་རྒྱ་ནག་ལ་ཕྱིན་པ་རེད། རིམ་པ་དེའི་ནང་ལ། རྒྱ་ནག་གཞུང་གི་ངོས་ནས་ཚུར་ལ་ཆ་རྐྱེན་མང་པོ་བཏོན་པ་རེད། ང་ཚོའི་ངོས་ནས་ཆ་རྐྱེན་མང་པོ་ཁས་ལེན་བྱས་བ་རེད། ཁས་ལེན་བྱས་བའི་མ་ཚད་ཡིག་ཆའི་ནང་ལ་ཡང་བཞག་པ་རེད།
འོན་ཀྱང་། ཕར་ལ་ཆ་རྐྱེན་མ་བཏོན་པ་རེད། ང་ཚོའི་ངོས་ཀྱི་བྱེད་སྟངས་དེ་”ཐབས་མཁས་བསྟུན་མཁས”་ཟེར་བའི་ལམ་ཐིག་དེའི་ནང་ནས་བསྡད་པ་རེད། ཐོག་མའི་འབྲེལ་མོལ་ཐེངས་ལྔ་དྲུག་དེ་ཕན་ཚུན་ལ་གོ་བརྡ་མ་འཕྲོད་ནས་བསྡད་པ་རེད། དེའི་རྗེས་སུ་གོ་བརྡ་འཕྲོད་ཀྱི་ཡོད་པའི་རེ་བ་ཞིག་བཟུང་བ་རེད། རེ་བ་དེ་འཛིན་མཁན་ང་ཚོའི་ཕྱོགས་ནས་རེད། རེ་བ་དེ་དང་མཉམ་དུ། “བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ”་དེ་རྒྱ་ནག་གཞུང་ལ་སྤྲད་པ་རེད། དེ་སྤྲད་པས་མ་ཚད་དེའི་འགྲེལ་བཤད་རྒྱས་བ་ཞིག་ཀྱང་སྤྲད་པ་རེད། འོན་ཀྱང་། ཐབས་སྐྱོ་བ་ཞིག་ལ། ཡིད་མུག་པ་ཞིག་ལ། རྒྱ་ནག་གཞུང་གིས་བསྐྱར་དུ། “བོད་ཆེན་པོ་དང་ཚད་མཐོའི་རང་སྐྱོང་ཟེར་བ་དེ་ནི་ཀྲུང་གོའི་རྩ་ཁྲིམས་ལས་འགལ་བ་ཡིན་པ྄ྭ་། ཤོད་སྟངས་དེ་ཡོངས་སུ་མེད་པར་བཟོས་ན། མཇལ་འཕྲད་གྲོས་མོལ་ལ་གཞི་ནས་གཞི་ཚུགས་ས་ཞིག་ཡོད་པ་རེད་ལ། ཏཱ་ལའི་བླ་མ་སྒེར་ལ་ཡང་གཞི་ནས་མདུན་ལམ་ཡོད་པ་རེད་”ཟེར། ད་བསྐྱར་དུ་བསམ་བློ་ཐོངས། ང་ཚོས་རང་བཙན་ནས་དབུ་མའི་ལམ་ལ་མར་ཕབ་པ་རེད། དབུ་མའི་ལམ་གྱི་དགོངས་གཞི་དེ་ཡང་ཇེ་ཆུང་ལ་བཏང་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཟེར་བ་འདིའི་སྒང་ལ་བཞག་པ་རེད། ད་ཡིག་ཆ་འདི་ཇེ་ཆུང་ལ་གཏོང་རྒྱུ་ཡོད་དམ། ཡིག་ཆ་ལ་གཅོད་གཏུབས་བྱེད་རྒྱུ་ཡོད་དམ།
བསྐྱར་དུ་བསམ་བློ་ཐོངས། ཕྱི་ལོ་༢༠༠༢ནས་ད་ཕན་ཚུན་གྱི་འབྲེལ་མོལ་གྱི་རིམ་པའདིར་བལྟས་ན། ང་ཚོའི་ཕྱོགས་ནས་འགྲེལ་བཤད་ཟེར་བ་འདིའི་སྒང་ལ་ཆུ་ཚོད་མང་པོ་བཏང་འདུག འགྲེལ་བཤད་བརྒྱབ་ནས་རྒྱ་ནག་གཞུང་དང་མཉམ་དུ་ཡིད་ཆེས་ཀྱི་ལམ་ཁ་བསྐྲུན་རྒྱུར་རེ་བ་བརྒྱབ་འདུག ང་ཚོ་ནོར་ས་ཡང་འདི་ན་ནོར་འདུག ང་ཚོ་འཐོམས་ས་ཡང་འདི་ན་འཐོམས་འདུག ད་བསྐྱར་དུ་བསམ་བློ་ཐོངས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་མཁྱེན་གྱི་མེད་པ་རེད་དམ། རྒྱ་ནག་གཞུང་གི་ང་ཚོའི་དགོས་འདུན་མཐོང་གི་མེད་པ་རེད་དམ། རྒྱ་ནག་གཞུང་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེའི་དགོངས་དོན་མ་རྟོགས་པ་རེད་དམ། ངེད་ཀྱིས་བསམ་ན། དེ་འདྲ་མ་རེད། ད་ཕན་རྒྱ་ནག་གཞུང་གི་བོད་ཀྱི་གནད་དོན་སེལ་འདོད་མེད་པ་དེ་ཐུག་ས་གསུམ་རེད། དེ་ནི། བདག་དབང་གི་གནད་དོན་དང་ས་ཁྱོན་གྱི་གནད་དོན། མི་འབོར་གྱི་གནད་དོན་བཅས་རེད། གནད་དོན་ཕྱི་མ་གཉིས་ལ་རྒྱ་ནག་གཞུང་གི་ངོས་ནས་གདོང་ལེན་བྱེད་རྒྱུའི་བློ་སྤོབས་མེད། གནད་དོན་སྔ་མ་དེ་ལ་གདོང་ལེན་བྱེད་ཐབས་རག་གི་མེད། དེ་ནི་གཞུང་གི་ཆབ་སྲིད་ཀྱི་སྒྲིག་འཛུགས་དང་སྒྲོམ་གཞིའི་གནད་དོན་རེད། གནད་དོན་འདིའི་སྒང་ན་བོད་ཀྱི་གནད་དོན་ཡང་ལྷག་ནས་ཡོད།
ད་ནི། ང་ཚོས་བསམ་བློ་གཏོང་དགོས་བའི་དུས་ཚོད་རེད། བསྐྱར་དུ་བསམ་བློ་གཏོང་དགོས་བའི་དུས་ཚོད་རེད། གྲོས་མོལ་དངོས་ཀྱི་རྨང་གཞི་མེད་ས་ཞིག་གི་སྒང་ལ་མུ་མཐུད་དུ་དུས་ཚོད་གཏོང་མིན་ལ་བསམ་བློ་ཐོངས། ཡིག་ཆའི་དོན་ཚན་ཁག་ལ་བསྐྱར་དུ་མཆན་འགྲེལ་རྒྱག་མིན་ལ་བསམ་བློ་ཐོངས། ངེད་རང་སྒེར་གྱི་རྨོངས་འཆར་ལ། ད་ནི་ང་ཚོས་འགྱུར་བ་ནས་བསམ་བློ་གཏོང་། འགྱུར་ནས་འགོ་འཛུགས།
དེ་ཡང་། ད་ལྟའི་འབྲེལ་མོལ་གྱི་བརྒྱུད་ལམ་ལ་འགྱུར་བ་གཏོང་དགོས། ད་ལྟའི་འབྲེལ་མོལ་གནང་མཁན་གྱི་སྐུ་ཚབ་ལ་འགྱུར་བ་གཏོང་དགོས། འབྲེལ་མོལ་གྱི་མཐུད་རྒྱག་སྟངས་ལ་ཡང་འགྱུར་བ་གཏོང་དགོས། འགྱུར་བ་གཏོང་དགོས་བ་འདི་ལ་ཡང་རྒྱབ་ལྗོངས་རྒྱུ་མཚན་འགའ་མཐོང་། ད་ཡོད་ཀྱི་བརྒྱུད་ལམ་འདི་ལ་བརྟེན་ནས། ཕྱི་ལོ་༢༠༠༢ནས་ད་ལྟ་ཚུན་ལ་གནས་སྟངས་འགྲེལ་བཤད་དང་ཡིག་ཆ་འགྲེལ་བཤད་བྱས་ནས་བསྡད་འདུག ད་ནི་བརྒྱུད་ལམ་འདིའི་སྒང་ན་འགྲེལ་བཤད་ལྷག་མ་བྱེད་རྒྱུ་ཅང་ལྷག་མེད། ད་ཡོད་ཀྱི་བརྒྱུད་ལམ་འདི་ལ་བརྟེན་ནས་། ང་ཚོའི་གཞུང་གི་ངོས་ནས། “༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ”་དང་”རྒྱ་ནག་གཞུང་གི་ངོས་ནས་ཏཱ་ལའི་བླ་མའི་སྐུ་ཚབ་”ཟེར་བ་འདིའི་སྒང་ན་བསྡད་འདུག འདི་ནས་ཡར་འཕགས་ས་དེ་འགག་ནས་བསྡད་འདུག ད་ཡོད་ཀྱི་བརྒྱུད་ལམ་འདི་ལ་བརྟེན་ནས། བྱེད་དགོས་བའི་ལས་ཀ་ཕལ་ཆེ་བ་བྱས་ཚར་འདུག དེ་ནི་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་རྒྱ་ནག་གཞུང་གི་མདུན་ལའཇོག་རྒྱུ་དེ་རེད། དེ་བཞག་པས་མ་ཚད་དེའི་འགྲེལ་བཤད་རྒྱས་པ་དེ་ཡང་སྤྲད་ཚར་ཡོད། བརྒྱུད་ལམ་འདི་ལ་དེ་ལས་ལྷག་པའི་ལས་ཀ་བྱེད་རྒྱུ་ཅང་ལྷག་མེད། བརྒྱུད་ལམ་གཅིག་པོ་མ་ཡིན་པར་དེའི་སྟེང་དུ་བསྐྱོད་མཁན་གྱི་སྐུ་ཚབ་ལ་ཡང་འགྱུར་བ་ཅིག་གཏོང་དགོས་བར་མཐོང་། དེ་ནི། སྐུ་ཚབ་ཀྱི་དུས་ཡུན་དང་སྐུ་ཚབ་ཀྱི་དགུང་ལོའི་བབ་གཉིས་ཀྱི་སྒང་ནས་ཡིན། ད་དུང་། འབྲེལ་མོལ་མཐུད་རྒྱག་སྟངས་ལ་འགྱུར་བ་གཏོང་དགོས་ཟེར་དོན་ནི། ད་ལྟའི་འབྲེལ་མོལ་མཐུད་རྒྱག་སྟངས་ནི་། ཡིག་ཆ་འགའ་མཐུད་རྒྱག་པ་དང་ཡིག་ཆ་དེ་ཚོ་ཡང་གྲོས་མོལ་དངོས་ཀྱི་རྨང་གཞི་མེད་པའི་ཐོག་ནས་མཐུད་རྒྱག་བཞིན་ཡོད། མཐུད་དེ་ཡང་མཐུད་ཀྱི་སྣེ་མོ་འཇུ་ས་མེད་ས་ཞིག་ལ་རྒྱག་བཞིན་ཡོད། ད་ནི་འགྱུར་བ་ནས་འགོ་འཛུགས་དགོས་ཀྱི་འདུག
བསྐྱར་དུ་བསམ་བློ་ཐོངས། འོ་ན། འགྱུར་བ་ཇི་ལྟར་གཏོང་དགོས་སམ། འགྱུར་བ་གཏོང་སའི་ལམ་ཁ་ཡོད་དམ། ཐབས་ལམ་ཡོད་དམ། ངེད་ལ་ཡོད། ྐློག་མཁན་ཁྱེད་ལ་ཡོད་དམ། བསྐྱར་དུ་བསམ་བློ་ཐོངས། ངེད་ཀྱིས་འདི་འདྲ་བསམ། ཐབས་ལམ་གཅིག་ནི། ད་ལྟའི་བཀའ་ཤག་གི་ངོས་ནས་བོད་རིགས་མི་མང་ཡོངས་ལ་ཁ་བསངས་རྒྱུ་དེ་རེད། བརྒྱུད་ལམ་འདིའི་སྒང་ནས་གྲ་སྒྲིག་པའི་འབྲེལ་མོལ་གྱི་རིམ་པ་དེར་གྲུབ་འབྲས་མ་བྱུང་བ་དེ་ཁ་བསངས་དགོས། འབྲེལ་མོལ་ལ་གྲུབ་འབྲས་མ་བྱུང་བ་ཁ་བསངས་དགོས། ཁ་བསངས་ནས་མཚམས་འཇོག་དགོས། བོད་རྒྱ་འབྲེལ་མོལ་གྱི་རིམ་པ་འདི་ང་ཚོའི་འཛིན་སྐྱོང་གི་སྐབས་སུ་མཐུད་བརྒྱབ་པ་རེད། འོན་ཀྱང་། བཀའ་ཤག་སྐབས་རྗེས་མ་དེ་ཚོས་ཡོང་མ་སོང་ཟེར་བའི་སྐད་ཆ་དེའི་རིགས་མ་འོངས་བའི་ལོ་རྒྱུས་ཁྲོད་ལྷག་གཞི་ཡོད་པ་བཟོ་མི་ཉན། ལྷག་པར་དུ། རེ་བ་ཡོད་མདོག་དང་གྲུབ་འབྲས་ཡོང་མདོག་གི་རྣམ་འགྱུར་བསྟན་ཏེ་བོད་ནང་གི་བོད་མི་རྣམས་རེ་སྒུག་གི་ཁྲོད་ནས་འཆི་རུ་འཇུག་མི་ཉན། གྲུབ་འབྲས་མ་བྱུང་བ་དེ་ཁ་བསངས་ཐུབ་པ་ཡིན་ན། གང་བྱུང་བ་དང་གང་མ་བྱུང་བ་དེ་ཁ་བསངས་ཐུབ་པ་ཡིན་ན། གསལ་བོ་བཟོ་ཐུབ་པ་ཡིན་ན། མ་འོངས་བའི་བྱེད་ཕྱོགས་གསལ་བོ་བཟོ་ཐུབ་པ་ཡིན་ན། བོད་ནང་གི་བོད་མི་རྣམས་ཀྱང་འགྲོ་བ་མི་རེད། བསམ་བློ་གཏོང་ཐུབ་པའི་འགྲོ་བ་མི་རེད། ྐླད་པ་དཀྲུགས་རྒྱུ་ཡོད་པའི་འགྲོ་བ་མི་རེད། ཁོང་ཚོས་ཀྱང་ཏན་ཏན་བསམ་བློ་གཏོང་གི་རེད། ལས་གཞི་རྩོམ་གི་རེད། ཐབས་ལམ་གཞན་ཞིག་ནི། ད་ལྟའི་བརྒྱུད་ལམ་གྱི་ཡིག་ཆའི་གནད་དོན་དང་འགྲེལ་བཤད་དེ་ཚོ་གནས་སྐབས་རིང་ཕར་ཞོག
ང་ཚོའི་གཞུང་གི་ངོས་ནས་རྒྱ་ནག་གཞུང་ལ་ཕར་ཆ་རྐྱེན་འདོན་དགོས། ལོ་ཟླ་དུས་བཀག་གི་སྒོ་ནས་ཆ་རྐྱེན་འདོན་དགོས། བོད་མིའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུའི་༧གོང་ས་མཆོག་ལ་མཚན་སྨོད་ཞུ་བ་དེའི་རིགས་མཚམས་འཇོག་མ་བྱས་བར་དུ་གྲོས་མོལ་གྱི་ལམ་ཁ་མེད་པའི་ཆ་རྐྱེན་འདོན་དགོས། ཆ་རྐྱེན་དེ་ཡང་ལོ་ཟླ་དུས་བཀག་བཟོས་ནས་འདོན་དགོས། བོད་ནང་གི་ཆབ་སྲིད་བཙོན་པ་དག་གློད་གྲོལ་མ་ཐོབ་བར་དུ་གྲོས་མོལ་གྱི་སྒོ་མི་ཕྱེས་བའི་ཆ་རྐྱེན་འདོན་དགོས། ལོ་ཟླ་དུས་བཀག་བཟོས་ནས་ཆ་རྐྱེན་འདོན་དགོས། ལོ་ཟླ་དུས་བཀག་དེའི་ནང་གི་རྒྱ་ནག་གི་རྣམ་འགྱུར་ལ་བལྟ་དགོས། ཆ་རྐྱེན་བཏོན་ནས་བོད་ནང་གི་ཆབ་སྲིད་བཙོན་པ་གཅིག་ཡིན་རུང་གློལ་གྲོད་ཐུབ་པ་བྱེད་དགོས། ཆ་རྐྱེན་བཏོན་ནས་བོད་ནང་གི་བོད་མི་གཅིག་གི་སྲོག་ཡན་ཆད་ནས་སྐྱོབ་ཐུབ་པ་བྱེད་དགོས། ཆ་རྐྱེན་བཏོན་ནས་ལས་ཀ་བྱེད་རྒྱུ་དེ་གནད་འགག་རེད། ད་དུང་གཞན་ཞིག་ནི། ༧གོང་ས་མཆོག་དང་རྒྱ་ནག་མི་མང་གི་དབར་ལ་ལམ་་ཁ་བསྐྲུན་རྒྱུ་དེ་རེད། ༧གོང་ས་མཆོག་དང་རྒྱ་ནག་མི་མང་གི་དབར་ལ་གོ་རྟོགས་བསྐྲུན་སའི་ལམ་ཁ་་བཙལ་རྒྱུ་དེ་རེད། ༧གོང་ས་མཆོག་གི་དགོངས་གཞི་དང་རྒྱ་ནག་མི་མང་གི་དབར་ལ་ཡིད་ཆེས་བསྐྲུན་ཐབས་ཀྱི་ལམ་ཁ་་བཙལ་དགོས། ང་ཚོས་བཤད་སའི་ཡིད་ཆེས་ཡིད་ཆེས་ཟེར་བ་དེ་ཡང་། འགག་ས་གཅིག་འདི་ན་འགག་འདུག
ད་བསྐྱར་དུ་བསམ་བློ་ཐོངས། བོད་ཀྱི་གནད་དོན་འདིར། བོད་མིའི་གནད་དོན་འདིར། མ་འོངས་བའི་ལོ་ལྔའི་ནང་ལ་འགྱུར་བ་ཞིག་ཡོང་གི་རེད་དམ། ལོ་བཅུའི་ནང་ལ་འགྱུར་བ་ཞིག་ཡོང་གི་རེད་དམ། བསྐྱར་དུ་བསམ་བློ་ཐོངས།
it is true
བསམ་བློ་གཏོང་ས་འདུག ཁྱོད་རང་བདེན་ཟེར་ནའང་འགྲིག་གི
གནད་འགག་ཞིག་བཤད་འདུག་པ་དེ་ནི་བཀའ་བློན་ཁྲི་པས་ཁ་བསངས་དགོས་ཟེར་ནི་དེ་རེད། འདི་ཧ་ཅང་གི་གལ་ཆེན་པོ་རེད།་
khab dha la shuk tsul chik song rong nang. ku chue
mikang langbu lak. khabdha la shuk tsul ga dre re?
་་་་་་་་ལྷག་གཞི་ཡོད་པ་བཟོ་མི་ཉན། ལྷག་པར་དུ། རེ་བ་ཡོད་མདོག་དང་གྲུབ་འབྲས་ཡོང་མདོག་གི་རྣམ་འགྱུར་བསྟན་ཏེ་བོད་ནང་གི་བོད་ མི་རྣམས་རེ་སྒུག་གི་ཁྲོད་ནས་འཆི་རུ་འཇུག་མི་ཉན། གྲུབ་འབྲས་མ་བྱུང་བ་དེ་ཁ་བསངས་ཐུབ་པ་ཡིན་ན། གང་བྱུང་བ་དང་གང་མ་བྱུང་བ་དེ་ཁ་བསངས་ཐུབ་པ་ཡིན་ན། གསལ་བོ་བཟོ་ཐུབ་པ་ཡིན་ན། མ་འོངས་བའི་བྱེད་ཕྱོགས་གསལ་བོ་བཟོ་ཐུབ་པ་ཡིན་ན། བོད་ནང་གི་བོད་མི་རྣམས་ཀྱང་འགྲོ་བ་མི་རེད། བསམ་བློ་གཏོང་ཐུབ་པའི་འགྲོ་བ་མི་རེད། ཀླད་པ་དཀྲུགས་རྒྱུ་ཡོད་པའི་འགྲོ་བ་མི་རེད། ཁོང་ཚོས་ཀྱང་ཏན་ཏན་བསམ་བློ་གཏོང་གི་རེད། ལས་གཞི་རྩོམ་གི་རེད། ཐབས་ལམ་གཞན་ཞིག་ནི། ད་ལྟའི་བརྒྱུད་ལམ་གྱི་ཡིག་ཆའི་གནད་དོན་དང་འགྲེལ་བཤད་དེ་ཚོ་གནས་སྐབས་རིང་ཕར་ ཞོག
ང་ཚོའི་གཞུང་གི་ངོས་ནས་ རྒྱ་ནག་གཞུང་ལ་ཕར་ཆ་རྐྱེན་འདོན་དགོས། ལོ་ཟླ་དུས་བཀག་གི་སྒོ་ནས་ཆ་རྐྱེན་འདོན་དགོས། བོད་མིའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུའི་༧གོང་ས་མཆོག་ལ་མཚན་སྨོད་ཞུ་ བ་དེའི་རིགས་མཚམས་འཇོག་མ་བྱས་བར་དུ་གྲོས་མོལ་གྱི་ལམ་ཁ་མེད་པའི་ཆ་རྐྱེན་ འདོན་དགོས། ཆ་རྐྱེན་དེ་ཡང་ལོ་ཟླ་དུས་བཀག་བཟོས་ནས་འདོན་དགོས། ་་་་་་་་་་་་
ཤེས་སོགས་བསམ་འཆར་ཤིན་ཏུ་ལེགས་ན་ཡང་བོད་རིགས་ལས་བྱེད་པ་ལ་ལན་ཅི་ཡོད་སྙམ།
རིག་འབྱུང་གིས་བཤད་ནོ་བཟང་གི ཡིན་ན་ཡང་སྐད་ཆ་འདིར་དགེ་སྐྱོན་གཉིས་ཀ་འདུག
ད་ལྟའི་བོད་རྒྱའི་འབྲེལ་མོལ་ལ་འགྱུར་བ་གཏོང་དགོས་འདུག་ཟེར་བ་དེ་འགྲིག་པ་རེད། ཡིན་ན་ཡང་ད་ལྟའི་འབྲེལ་མོལ་འདི་མཚམས་འཇོག་དགོས་པར་འདུག་ཟེར་བ་དེ་མ་འགྲིག་པ་རེད།
ད་ལྟའི་འབྲེལ་མོལ་འགྱུར་བ་གཏོང་དགོས་པར་མ་ཟད་འགྱུར་བ་ངེས་པར་དུ་གཏོང་དགོས་ངེས་རེད།
དེ་ཡང་། ངས་བསམ་ན་འབྲེལ་མོལ་བྱེད་མཁན་དང་འབྲེལ་མོལ་བྱེད་ཡུལ། འབྲེལ་མོལ་བྱེད་ཚུལ་སོགས་ལ་འགྱུར་བ་བཏང་དེ་བོད་མི་མང་ལ་ཕྱི་གསལ་ནང་གསལ་བཟོ་དགོས་པ་དང་། མི་མང་གི་ཡིད་ཆེས་བརླག་མི་འགྲོ་བ་ཞིག་བྱེད་དགོས་གི་རེད།
དེ་ནས་འབྲེལ་མོལ་འདི་བཞིན་མུ་མཐུན་རྒྱུན་སྐྱོང་དགོས་གི་རེད། འབྲེལ་མོལ་མཚམས་བཞག་ནས་ང་ཚོར་བླ་ན་མེད་པའི་བྱེད་ཐབས་གཞན་ག་རེ་ཡོད་རེད། ང་ཚོས་རང་གི་ནུས་པ་དང་རྒྱ་ནག་གི་སྟོབས་ཤུགས་དང་གཏུམ་དྲག་གང་འདྲ་ཡིན་པ་ངོས་ཟིན་དགོས་གི་རེད། བསམ་བློ་གཏོང་དུས་ཕྱོགས་བཞི་དང་མཚམས་བརྒྱད་ཡོངས་རྫོགས་ལ་བལྟ་དགོས་གི་རེད།
སྐུ་ཞབས་རིག་བྱུང་ལགས།
ཁྱེད་རང་གིས་བསམ་བློ་བཏང་པ་དེ་ཚོར་གནད་འགག་འདུག ཡིན་ནའང་ང་ཚོས་གནད་འགག་ཆེ་ཤོས་ཀྱི་དངོས་ཡོད་གནས་ཚུལ་གཉིས་ལ་བསམ་གཞིགས་བྱེད་ཀྱི་མིན་འདུག
༡༽ ཕ་རིའི་རྒྱའི་སྟོབས་ཤུགས་ཤེས་དགོས། དབང་དང་སྟོབས་རྒྱ་མི་ལ་ཡོད། ང་ཚོ་ལ་མེད། རྒྱུ་དང་འབྱོར་བ་རྒྱ་མི་ལ་ཡོད་ང་ཚོ་ལ་མེད། དམག་དང་དཔུང་རྒྱ་མི་ལ་ཡོད་ང་ཚོ་ལ་མེད། ད་དངོས་ཡོད་གནས་ཚུལ་འདི་ཁས་ལེན་པའི་སྒོ་ནས་ང་ཚོས་གཞན་ལ་ཆ་རྐྱེན་དང་སྐད་ཆ་ཤོད་དགོས། རྒྱ་མིས་ང་ཚོའི་ཆ་རྐྱེན་དེ་སྒྲུབ་པར་ཁོང་ཚོ་ལ་ཁེ་ཕན་གང་ཡོད། རང་སྟོབས་མེད་པའི་སྒང་ལ་གཞན་སྟོབས་ཤུགས་ཅན་ལ་ཆ་རྐྱེན་བཏོན་ན། ཚང་མ་བཞད་གད་ཀྱི་ཡུལ་ལ་མི་འགྲོའམ།
དེར་བརྟེན་ང་ཚོས་བསམ་གཞིགས་བྱེད་སྐབས་དང་པོ་རང་གི་གནས་སྟངས་ཤེས་པ་དགོས་རེད་བསམས། གནས་སྟངས་ཤེས་ན། གནས་སྟངས་དེ་ལ་འགྱུར་བ་གཏོང་བར་ཕན། ང་ཚོས་དང་པོ་རང་གི་སྟོབས་ཤུགས་གོང་སྤེལ་གཏོང་དགོས། དེ་ཇི་ལྟར་གཏོང་བར་ཁྱེད་ལ་བསམ་ཚུལ་ཡོད་ན་འདིར་གསུངས་རོགས་གནང་།
༢༽རྒྱལ་བ་རིན་པོ་ཆེའི་དགོངས་པ་བཞེས་སྟངས་ལ་འགྱུར་བ་གཏོང་དགོས་ཀྱི་འདུག རྒྱ་རི་རིན་པོ་ཆེས་ཐེངས་མང་པོར་གསལ་པོ་གསུངས་སོང་། ཁོ་རང་དང་རོགས་པ་རྣམས་གྲོས་མོལ་བྱེད་འདོད་ཡོད་པ་མིན། རྒྱལ་བ་རིན་པོ་ཆེས་བཀའ་གནང་ནས་གྲོས་མོལ་མུ་མཐུད་བྱེད་དགོས་གསུངས་སྟབས། རྒྱལ་བའི་བཀའ་སྒྲུབ་བཞིན་ཡོད་གསུངས་། ད་རེས་གསར་འགོད་ཚོགས་འདུའི་ཐོག་ལ་ཡང་དེ་ནན་བཤད་གནང་སོང་། དེར་བརྟེན། ང་ཚོས་དངོས་གནས་གྲོས་མོལ་ཐོག་སྐད་ཆ་ཤོད་དགོས་ན། ཐུག་ས་འདི་རྒྱལ་བ་རིན་པོ་ཆེ་ལ་ཐུག་གི་འདུག ཁོང་གིས་མང་ཚོགས་ཀྱིས་གང་བཤད་པ་འདི་བྱེད་ཀྱི་ཡིན་གསུངས་ན། ང་ཚོས་ལྷག་བསམ་རྣམ་དག་གིས་བསམ་འཆར་འདོན་རྒྱུ་རེད། ཡིན་ནའང་། རྒྱལ་བ་རིན་པོ་ཆེས་མང་ཚོགས་ཀྱིས་གང་བཤད་པ་འདི་ལག་ལེན་བསྟར་གྱི་ཡིན་གསུང་གི་མིན་འདུག རྒྱལ་བ་རིན་པོ་ཆེས་གྲོས་མོལ་བྱེད་དགོས་གསུངས་སྟབས། སྐུ་ཚབ་རྣམས་ཕ་རིའི་རྒྱ་སྟོབས་ཆེན་ལག་གིས་མ་ཐུབ། ཚུར་རིའི་རྒྱལ་བ་རིན་པོ་ཆེའི་བཀའ་ཟློག་མ་ནུས་པར་གནས་སྟབས། ཁོང་ཚོ་སྙིང་རྗེ་བྱེད་ཡུལ་ལས་གཞན་མེད། སྐུ་ཚབ་མི་འགྱུར་བ་བཏང་ནས་གནས་ཚུལ་འགྱུར་བ་འགྲོ་གི་མེད་པ་འདི་བརྒྱ་ཆ་༩༠ལྷག་ཡིན། རྒྱུ་མཚན་ནི་ང་ཚོའི་ཁ་གཏད་འདི་འགྱུར་བ་གཏོང་ཐུབ་པའི་ནུས་པ་ང་ཚོར་མེད། སྐུ་ཚབ་འགྱུར་བ་གཏོང་བ་དེས་རྒྱ་མིའི་གནས་སྟངས་འགྱུར་བ་གཏོང་ཐུབ་བམ། མི་ཐུབ།
བྱས་ཙང་། ང་ཚོས་ང་ཚོའི་སྐུ་ཚབ་ལ་འགྱུར་བ་གཏོང་དགོས་ན། རྒྱལ་བ་རིན་པོ་ཆེར་ཡི་གེ་ཕུལ་ནས་བསམ་འཆར་རྣམས་བཤད་ནས་རྒྱལ་བ་རིན་པོ་ཆེའི་དགོངས་པ་དེ་ལ་འགྱུར་བ་གཏོང་ཨེ་ཐུབ་ལྟ་དགོས་འདུག དེ་མིན། དབྱིན་ཇིའི་གཏམ་དཔེར། ཕོ་ཉ་བསད་ན་དོན་མེད་ཡིན། ༼Don’t Kill the Messenger༽ཟེར་བ་ལྟར། རྒྱ་རི་རིན་པོ་ཆེ་དང་ཟམ་སྟོང་རིན་པོ་ཆེ་ནི་ཕོ་ཉ་ལྟ་བུའི་བཟོ་ལྟ་ལས་མིན་འདུག ཁོང་གཉིས་བརྗེ་པོ་བརྒྱབ་མི་རྒྱབ་ལ་ཕན་པ་མི་མཐོང་།
རྡོག་རྡོག་འདི་ཡིན། ཕྱོགས་གཅིག་ནས་རྒྱ་མིའི་སྟོབས་བཅག་ཐུབ་པའི་ལས་ཀ་བྱེད་དགོས་ཀྱི་འདུག ཕྱོགས་གཉིས་ནས་རྒྱལ་བ་རིན་པོ་ཆེའི་དགོངས་པར་འགྱུར་བ་གཏོང་དགོས་ཀྱི་འདུག དེ་ལྟར་བྱུང་ན་གྲོས་མོལ་ལ་འགྱུར་བ་གཏོང་ཐུབ།
བཀུར་འོས་མདོ་ལྷ་ཁམས་པ་དང་ཚངས་དབྱངས་གཉིས་ཀྱིས་བསམ་ཚུལ་གསུངས་བར་བཀའ་དྲིན་ཆེ།
ཁྱེད་གཉིས་ཀྱི་མཆན་བུ་བྐླགས་པ་ཡིན། ངེད་ལ་ཡང་བསམ་ཚུལ་འགའ་བཤད་རྒྱུ་འདུག གནད་དོན་འགའ་ཁ་གསལ་བཟོ་རྒྱུ་ཡང་འདུག
ད་ལྟ་རང་མི་ཐུབ། ངེད་ཀྱིས་སང་ཉིན་གྱི་ནང་ལས་དེ་ཚོ་ཚར་དགོས། ངེད་ཀྱིས་ཉིན་གཅིག་གི་རང་སྦྱོང་དེ་ཚར་ན།
ག་ལེར་ལན་རྒྱག་གི་ཡིན།
མདོ་ལྷ་ཁམས་པའི་བསམ་ཚུལ་གསུངས་བར་བཀའ་དྲིན་ཆེ།
ངེད་ཀྱིས་བོད་རྒྱའི་དབར་ལ་འབྲེལ་མོལ་མེད་ན་འགྲིག་གི་རེད་ལབ་མེད། ད་ལྟའི་འབྲེལ་མོལ་གྱི་བརྒྱུད་ལམ་འདི་མཚམས་འཇོག་དགོས་ཀྱི་རེད་ལབ་ཡོད།
བརྒྱུད་ལམ་འདི་མཚམས་འཇོག་དགོས་བའི་རྒྱུ་མཚན་ཁ་གསལ་བྲིས་ཡོད། བསམ་ཚུལ་གཞན་པ་དག་ངེད་ལ་ཡང་ཁྱེད་དང་གཅིག་མཚུངས་སུ་ཡོད། དེ་ཙམ་ཡིན།
ཚངས་དབྱངས་ཀྱི་བསམ་ཚུལ་དང་པོ་དེར་ལན་སྟབས་བདེ་ཞིག་ཕུལ་གི་ཡིན།
ངེད་ཀྱིས། རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད། དམག་དོན་སོགས་ཀྱི་སྟོབས་ཤུགས་དེ་ཚོ་གླེང་གི་མེད། དེ་ཚོ་ནི་ང་ཚོས་ཁ་གཏད་ཆོག་པ་ཞིག་མ་རེད།
ཁ་གཏད་བཅག་པ་ཡིན་ན་ཡང་།་ སོ་སོར་སྡུག་གྱོང་མ་གཏོགས་གཞན་ཅང་ཡོང་རྒྱུ་ཡོད་མ་རེད་དྲན། འོན་ཀྱང་། ང་ཚོར་དཀའ་ངལ་ཞིག་ཡོད་པ་དང་དཀའ་ངལ་དེ་རྒྱ་ནག་གི་དཀའ་ངལ་ཡང་ཆགས་བཞིན་ཡོད་པ། བོད་རྒྱ་གཉིས་རྙོག་དྲ་ཞིག་གི་ནང་ལ་ལྷུང་ཡོད་པ་དང་རྙོག་དྲ་དེས་ཕྱོགས་གཉིས་ཀ་སྐྱིད་པོ་བཟོ་གི་མེད། དུས་རྟག་ཏུ་བསུན་བཙུར་བྱེད་ཀྱི་ཡོད།
ང་ཚོའི་ངོས་ནས་དཀའ་ངལ་དེ་སྟོབས་ཤུགས་ལ་བེད་སྤྱོད་གཏོང་ཐབས་ལ་བསམ་བློ་གཏོང་དགོས་རེད་འདོད། དེ་གཏོང་ཐབས་ཀྱི་ཐབས་ལམ་གཅིག་ནི། ཕར་ལ་ཆ་རྐྱེན་འདོན་རྒྱུ་དེ་རེད།
ལོ་ཟླ་དུས་བཀག་གིས་ཆ་རྐྱེན་འདོན་རྒྱུ་དེ་རེད། འདི་གཅིག་ཡིན།
འདི་རུ་ཡང་ཁྱེད་ཀྱིས་བསྐྱར་དུ་༧གོང་ས་མཆོག་ནས་འཁྱེར་ནས་ཡོང་འདུག་པས། དེ་ལ་བསམ་བློ་ཞིག་བཏང་ནས་ལན་རྒྱག་གི་ཡིན། བྲེལ་བྲེལ་འཚུབ་འཚུབ་བྱས་ནས་ལན་རྒྱག་གི་མིན། དེ་ཙམ་ཡིན། ད་འཛིན་གྲར་འགྲོ་གི་ཡིན།
ད་ཚངས་དབྱངས་ལ་ཕར་དྲི་བ་ཕུལ་གི་ཡིན།
ཁྱེད་ཀྱིས་”རྒྱལ་བ་རིན་པོ་ཆེའི་དགོངས་པ་བཞེས་སྟངས་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་”ཟེར་དེའི་ཐད་ལ་ངེད་ཀྱིས་བསམ་ཚུལ་བཤད་ཚར། བསྐྱར་དུ་ཞུ་གི་མིན།
དང་པོ།
དེ་ནས། ཁྱེད་ཀྱིས་”རྒྱ་རི་རིན་པོ་ཆེས་ཐེངས་མང་པོར་གསུངས་སོང་”ཟེར། རྒྱ་རི་རིན་པོ་ཆེའི་གསུང་བཤད་གནང་སྐབས། མཚམས་རེར་སྐད་ཆའི་ཟུར་ལ་དེ་འདྲ་ཞིག་སླེབས་ཀྱི་འདུག་བསམ་སོང་་། བོད་རིགས་ཉམས་ཞིབ་པ་ཞིག་གིས་ཀྱང་ངེད་ལ་དེ་ལྟར་གསུངས་མྱོང་། འོན་ཀྱང་། ངས་མ་རྙེད་ཐ། རྒྱ་རི་རིན་པོ་ཆེའི་གསུང་བཤད་ཁག་ཡོད་ས་ཚགས་པར་དང་རླུང་འཕྲིན། བརྙན་འཕྲིན་བཅས་རེད། རྒྱ་རི་རིན་པོ་ཆེས། “ང་དང་རོགས་པ་རྣམས་གྲོས་་མོལ་བྱེད་འདོད་ཡོད་པ་མིན། རྒྱལ་བ་རིན་པོ་ཆེས་བཀའ་གནང་ནས་གྲོས་མོལ་མུ་མཐུད་བྱེད་དགོས་གསུངས་སྟབས། རྒྱལ་བའི་བཀའ་དགོངས་སྒྲུབ་བཞིན་ཡོད།” ཞེས་ཁ་གསལ་གཏིང་གསལ་ཞིག་བཟོས་ཡོད་དམ། སྐད་ཆ་འདི་ལ་ཧ་ཅང་གནད་འགག་ཡོད་རེད་དྲན།
འདིའི་འབྲེལ་ཐག་དང་ཁུགས་སྣེ་དྲ་ཐོག་ལ་འཇོག་རོགས་གནང་།
གཉིས་པ།
ཁྱེད་ཀྱིས། “རྒྱལ་བ་རིན་པོ་ཆེའི་མང་ཚོགས་ཀྱིས་གང་བཤད་པ་འདི་ལག་ལེན་བསྟར་གྱི་ཡིན་གསུང་གི་མི་འདུག་”ཟེར། སྐད་ཆ་འདིར་ཁུངས་སྐྱེལ་ཡོད་དམ། འདི་ལ་ཡང་ལན་ཞིག་འཇོག་རོགས། གནས་སྐབས་ལ་དེ་ཙམ་ཡིན།
རིག་འབྱུང་དོན་གྲུབ་བཀྲ་ཤིས། ལགས་ཀྱི་དཔྱད་རྩོམས་འདི་ངོ་ནས་ནང་དོན་ལྡན་པ་ཞིག་རེད་། དྲ་གྲོགས་ཚང་མ་ནས་འདིས་ཐོག་དགོང་ཚུལ་འབྲེལ་ཡོད་དོན་གནད་གང་མང་གསུང་རྒྱུར་རེ་བ་ཡོད་། དེ་མི་བདག་གཞན་ངོས་མ་ཟིན་པ་ལྟ་བུའི་དོན་མེད་མཆན་ལོགས་མ་བཀོད་ན་བཟང་ཀི།