སྐྱོ་བྲག་དགའ་དབང་།
ངའི་དགའ་འདྲིས་ཀྱི་གྲོགས་པོ་དྭངས་རྩེ་བླ་མེད་དེས་སྐད་འཕྲིན་ནང་དུ་འདི་སྐད་གསུང་གདའ། བོད་ཀྱི་གླུ་པ་དག་བན་དེ་མ་རེད། བོད་ཀྱི་གླུ་པས་དུ་བ་འཐེན་ན་ཅང་ཧང་སངས་དགོས་མ་རེད། དོན་དུ་ཁོ་པ་ཚོ་སྒྱུ་རྩལ་པ་རེད། བན་དེ་མ་རེད། སྐུལ་འདེད་ཀྱི་གླུ་ཚང་མའི་ནང་དོན་ལག་ཏུ་ལོན་དཀའ་ཡ། སྤྲུལ་སྐུ་དང་མཁན་པོ་སོགས་ཀྱིས་ཆོས་བཤད་པ་བཞིན་སོ་སོས་ལག་ཏུ་ལོན་མཁན་ཉུང་། ལར་འུ་ཚོས་གླུ་དབྱངས་ཀྱི་རིག་གནས་དང་། སྒྱུ་རྩལ་གྱི་རིན་ཐང་ལ་དགའ་ཞེན་མ་ཤེས་པར་གླུ་པ་ཕོ་མོ་དག་ལ་ཚད་རྒལ་གྱིས་དད་པ་བཞག་པས་ནོར་བ་རེད། གཞན་དག་གི་གླུ་པ་དག་ལ་གཟིགས་དང་། སྐྱོན་ཀུན་བྲལ་དང་ཡོན་ཏན་ཀུན་ལྡན་དེའང་ཚང་མ་ཆོས་ནས་བཤད་པ་ལྟར་འཛོམ་འདུག་གམ།
ཡང་ན་གླུ་པ་ཡིན་ན་དུ་བ་འཐེན་དགོས་པ་རེད་དམ་ཟེར་ན་དེ་ནི་མི་སོ་སོའི་རང་དབང་རེད། དེ་ལ་འུ་ཚོས་སྡོམ་བཅུན་ཐུབ་པ་ཞིག་མ་རེད་ལ། དགོས་པ་གང་མ་མཐོང་། མི་ཚང་མ་འུ་ཚོའི་ལུགས་སྲོལ་དང་བཅའ་ཁྲིམས་ཤིག་གི་འོག་ཏུ་བསྡུ་དགོས་སྙམ་པའི་ཧམ་པ་འདི་རྦད་དེ་ནོར་འཁྲུལ་རེད།
འདི་ཉིད་ཁོང་གི་དགོངས་ཚུལ་རྣལ་མ་ཡིན་སྲིད་ལ། ཡང་ན། ཁོང་ནི་གླུ་དབྱངས་ལ་དགའ་མོས་ཆེ་ཞིང་གླུ་ཚིག་རྩོམ་པ་ལ་སྙན་གྲགས་ཡོད་མཁན་ཏེ། ན་ནིང་གཅིག་པུར་ཡང་ཁོང་གི་གླུ་ཚིག་སུམ་བརྒྱ་ལས་བརྒལ་བ་བོད་ཀྱི་གླུ་པ་ཕོ་མོ་ཚོས་དབྱངས་སུ་གྱེར་ཡོད་རབས་གདའ་བ་དེས་ན་ཁོང་ནི་གླུ་པ་ཕོ་མོ་ཆེས་མང་པོ་དང་འགྲོགས་འདྲིས་ཡོད་མཁན་ཞིག་ཡིན་ཕྱིར། གླུ་པ་ཕོ་མོ་ཚོའི་རྒྱབ་རྩར་ཞེན་པས་བཞེངས་གནང་བ་ཡང་ཡིན་སྲིད།
གང་ལྟར་ཁོ་བོའི་གློ་བར་འཇེན་པོ་རང་མ་བྱུང་། གང་ཡིན་ཟེར་ན། ཐ་མ་ཁ་ནི་ཆོས་ལུགས་ཀྱི་སྐད་ཆ་ཙམ་མིན་པར་རང་དང་གཞན་གྱི་གཟུགས་པོའི་བདེ་ཐང་ལ་གནོད་སྐྱོན་གཏོང་མཁན་ཡིན་ཕྱིར། ཁྲིམས་སྒྲིག་ཡོད་པའི་རྒྱལ་ཁབ་རྣམས་སུ་མི་ཚོགས་འདུ་སའི་ས་གནས་གསང་སྤྱོད་ཁང་ཡན་ལ་ཐ་མ་ཁ་འཐེན་ཆོག་གི་མེད། འབྲུག་རྒྱལ་ཁབ་ལ་མཚོན་ན། ཁོར་ཡུག་དང་མི་དམངས་ཀྱི་བདེ་ཐང་ལ་བསམས་ནས་རྒྱལ་ཡོངས་སུ་ཐ་མ་ཁ་ཉོ་ཚོང་བྱ་ཆོག་གི་མེད་པ་རེད། ཨ་མི་རི་ཀ་སོགས་ཡར་རྒྱས་དང་རང་དབང་ཆེས་ཆེ་བའི་ལུང་པ་རྣམས་སུ་ཐ་མ་ཁ་འཐེན་མཁན་གྱི་མི་བུ་ཕལ་མོ་ཆེ་ནི་སྤྱི་ཚོགས་ཀྱི་སྙིགས་རོ་རྣམས་ཡིན་ལ། ལྷག་ཏུ་ལོ་ཚོད་མ་ཟིན་པ་རྣམས་ལ་ཐ་མ་ཁ་ཉོ་ཚོང་བྱས་ན་ཁྲིམས་འགལ་རེད། ལོ་འགའི་སྔོན་ཨ་རིའི་གྲོས་ཚོགས་ནང་དུ་གློག་བརྙན་འཁྲབ་སྟོན་སྐབས་ལའང་ཐ་མ་ཁ་འཐེན་ན་འགྲིག་མིན་ཐད་རྩོད་གླེང་མང་པོ་བྱུང་ཡོད།
ཐ་མ་ཁ་འཐེན་མཁན་གྱི་གཟུགས་པོའི་བདེ་ཐང་ལ་གནོད་སྐྱོན་གཏོང་བ་ལས་ཀྱང་མི་འཐེན་མཁན་ལ་དྲི་མ་བྲོ་ན་གནོད་སྐྱོན་ཆེ་བ་གཏོང་གི་ཡོད་ཕྱིར། གླུ་པ་རང་ལ་དགའ་མོས་ཀྱིས་འཛོམས་ཡོང་བ། གླུ་པ་རང་གི་དཔལ་འབྱོར་གྱི་འབྱུང་ཁུངས་ཡིན་པ། གླུ་པ་རང་ལ་མཐོང་བཀུར་བྱ་མཁན་གྱི་མི་བུ་ཡིན་པ་མང་པོ་ཞིག་གི་བདེ་ཐང་ལ་བསམ་མནོ་ཡེ་མི་གཏོང་བའི་མི་ནི་ཡག་པོ་མ་རེད།
གླུ་པ་ཕོ་མོ་གྲྭ་བཙུན་མིན་ནའང་སྤྱོད་པ་ཡོད་དགོས་པ་གལ་ཆེན་རེད། གླུ་པ་རང་གི་ལས་རིགས་གླུ་གཞས་ཡིན་ནའང་སྤྱི་ཚོགས་ཀྱི་ནང་དུ་འཚོ་གནས་བྱས་ཡོད་པས་གླུ་པ་ཕོ་མོར་ཡང་སྤྱི་ཚོགས་ཀྱི་བཟང་སྤྱོད་ཡོད་མི་དགོས་པ་ག་ལ་ཡིན། དཔེར་ན། འདས་པའི་བྱུང་བ་ལ་ལྟོས་དང་། ཨ་རིར་བཅའ་བཞུགས་བོད་རིགས་བུ་མོ་ལོ་ཆུང་ཞིག་གི་གླུ་གཞས་ལ་སྤྱི་ཚོགས་ཀྱིས་ཧ་ལས་པའི་དགའ་མོས་བྱ་བཞིན་ཡོད་པ་ན། མ་བུ་ལྟ་སྤྱོད་མ་མཐུན་པས་ཨ་མ་བཙོན་དུ་བཅུག་པའི་གཏམ་འཆལ་ཞིག་གིས་མཐོང་མེད་པའི་གླུ་མ་ཕལ་པར་གྱུར་ཏེ་ནམ་ཡང་ལང་ཐུབ་ཡོད་པ་མ་རེད།
གསེར་རྟའི་གླུ་པ་ཞིག་གི་སྐྱེ་གཟུགས་དང་སྐད་ངག་གིས་སྤྱི་ཚོགས་དང་བུད་མེད་ཀྱི་སེམས་ཁམས་སྐྱོམ་བཞིན་ཡོད་པ་ན་སྒོར་མོ་ལ་ཐུག་ན་སྡིག་པ་མིག་བཙུམ་བྱེད་སྐད་པའི་གཏམ་འཆལ་ཞིག་གིས་ཁོང་གི་གླུ་གཞས་སྤྱི་ཚོགས་ཀྱི་ཐོག་ནས་ཡལ་བ་རེད། ཉེ་དུས་སུའང་རྒྱ་གཞུང་གཡོ་བྱུས་ཀྱིས་གླུ་པ་གླུ་མ་འགའ་ལ་བོད་པར་དམའ་འབེབས་ཀྱི་གློག་བརྙན་འཁྲབ་བཅུག་པ་ནས་བཟུང་ཁོ་ཚོའི་པར་རིས་ཙམ་ཡང་ང་ཚོའི་མིག་གིས་མཐོང་མི་འདོད་པར་གྱུར་སོང་བ།
གནས་ཚུལ་འདི་ཚོས་གླུ་པ་གླུ་མ་གྲྭ་བཙུན་མིན་ནའང་སྤྱི་ཚོགས་དང་མཐུན་པའི་བཟང་སྤྱོད་དགོས་པ་མངོན་སུམ་སྟོན་བཞིན་ཡོད་པས། གླུ་པ་གླུ་མར་བསམ་དཀར་ཡིན་ན། བསམ་སྤྱོད་མ་ནོར་བ་དགོས་པའི་བསླབ་སྟོན་ཕུལ་བ་ལས། ཁྱོད་ཚོ་གྲྭ་བཙུན་མ་རེད། སྤྱོད་པ་འཆོལ་ཉོག་ཏུ་སྤྱད་ན་འགྲིག་གི་རེད། ང་ཚོ་ལ་བཤད་བབས་མེད། བཤད་ཀྱང་ཉན་གྱི་མ་རེད། ཅེས་པའི་ལམ་སྟོན་གྱིས་མར་འགྲོའི་རྒྱབ་རྩ་ལས་ཡར་འགྲོའི་རྒྱབ་རྩ་ནམ་ཡང་བྱེད་ཀྱི་མ་རེད།
གླུ་པ་དང་གླུ་མ་རྣམས་ཡ་རབས་ཀྱི་སྤྱོད་པ་འབྱུང་ན། བོད་ཀྱི་ལ་རྒྱ་ལ་ཕན། ལ་དྭགས་པ་གླུ་པ་ཕུན་ཚོགས་ཚེ་རིང་གིས། ABC སློབས། ཀ་ཁ་མ་འཕང་། ཞེས་གླུ་གཞས་སུ་བཅུག་ཡོད་ཀྱང་། ལ་དྭགས་པ་དིང་སང་གི་སློབ་སྦྱོང་ཡོད་པ་དར་ཡོལ་རྣམས་ཀྱིས་ཀྱང་། བོད་ཡིག་འབྲི་མི་ཤེས། དེ་བཞིན་བོད་ཕྱི་ནང་གི་གཞོན་ནུ་དང་དར་ཡོལ་མང་ཆེ་བ་དེ་འདྲ་རང་ཡང་ཡིན་ངེས། དེས་ན། ལ་དྭགས་པ་སོགས་བོད་རིགས་ཚང་མས། རང་སྐད་ལ་གཅེས་ན། བུ་ཕྲུག་དག་ལ་བོད་སྐད་སློབ་པ་དང་། འབྲི་རུ་འཇུག་པ་གལ་ཆེའོ།
དེ་འདྲ་རང་ཡང་ཡིན་ངེས། ཞེཨ་པ། དེ་འདྲ་རང་་ཡིན་ངེས། ཞེས་ཞུས་དག་བྱས།
༼གླུ་པ་དང་གླུ་མ་རྣམས་ཡ་རབས་ཀྱི་སྤྱོད་པ་འབྱུང་ན།༽
དེང་བོར་བདག་སྒྲ་ཆོས། གཉིས་བར་ལ་དོན་གྱི་ཚིག་ཕྲད་སྣོན། གསུམ་པར་མིང་ཚིག་གི་དག་ཆ་ཆོས། དེ་ནས་ཁ་བརྡ་ཚང་ལ་མཁས་བ་བྱེད་དུ་ཕེབས་ཤོག། ཧ་ཧ་ཧ།
བཞི་བར་འབྲེལ་སྒྲའི་དྲུག་སྒྲ་དེ་ཡང་རྗེས།
ལྔ་བར་དུས་གསུམ་གྱི་ཐོབ་བྱ་དེ་ཡང་དག་པར་ཕྲིས།
དྲུག་པར་བཞི་བའི་འབྲེལ་སྒྲ་ཆོས་མི་དགོས་སོ། ཧ་ཧ་ཧ།
ཐ་མག
ཐ་མག་མ་ཉོ་གཟིམ་སྤོས་གཟིགས། །
ཐ་མག་མ་བསྲེག་སྤོས་རྐང་སྤོར། །
ཐ་མག་མ་འཐེན་རླུང་གཙང་རྔུབད། །
ཐ་མག་དུད་མེད་ཁོར་ཡུག་གཙང་། །
ཐ་མག་མ་འཐེན་རླུང་གཙང་རྔུབད། །
འདི།
ཐ་མག་མ་འཐེན་རླུང་གཙང་རྔུབས། །