ཀླུ་སྨྱོན།
་་་་་་་རྨི་ལམ་ནང་དུག་འཐེན་པའི་ཚོར་བ་དངོས་བྲིས།
ཉི་མ་སྐྲག་སྣང་ཆེན་པོས་ནུབ་རིར་བྲོས། །
ཟླ་བ་ངོ་ཚ་མེད་པར་གཅེར་བུར་རྒྱུ། །
མུན་པའི་གྲོང་ཁྱེར་ཆེན་མོའི་ཐུ་འོག་ནས། །
སྦྲིད་སྨན་ཚོང་ཁང་སྒོ་མོ་ཆེ་ཆེར་ཕྱེས། །
སྤྲང་པོས་གསེར་གྱི་སྒོར་མོ་རྩི་བ་དང་། །
ཕྱུག་པོས་གད་སྙིགས་འཐུ་བའི་ཁུག་ཀྱོག་ཏུ། །
རང་ལ་མེད་ཀྱང་གཞན་ལས་བརྐུས་པ་ཡི། །
སྦྲིད་སྨན་འཐུང་བའི་མི་ཚོགས་སྐོར་ཞིག་འདུས། །
ལ་ལ་རྒྱགས་པ་ལ་ལ་སྐམ་པོ་དང་། །
ལ་ལ་མཁས་པ་ལ་ལ་བླུན་པོའི་གཟུགས། །
ནམ་མཁའི་ལྷ་ཡིས་སུ་གང་མ་གཟིགས་པས། །
སྣང་བ་སྐྱིད་པོས་སྦྲིད་སྨན་འདོད་དགུར་སྤྱོད། །
སྐར་མ་ས་ལ་ཟགས་ཀྱང་གཉིད་མི་སད། །
རི་བོ་རྡུལ་དུ་ཞིག་ཀྱང་སྤུ་མི་གཟེངས། །
རྩ་ལམ་མ་ལུས་དུག་གིས་སྦྲིད་པ་དག །
ད་ནི་མི་ཚེ་རིང་མོ་མེ་རུ་སྦར། །
ཇི་ལྟ་ཇི་ལྟར་དགའ་སྐྱོ་ཆགས་སྡང་དག །
སྟོན་ཁའི་ལོ་འདབ་དམར་པོས་མ་བསྲེགས་པ། །
དེ་ལྟ་དེ་ལྟར་ཆགས་ཤིང་དངངས་པའི་སེམས། །
སྦྲིད་པའི་ཚོར་བ་འདི་ཀོ་མཛེས་ཤིང་སྡུག །
ས་ཆེན་གཡོ་བའི་མཐུ་རྩལ་སྔར་ལ་ཐོབ།།
ངོ་མཚར་དད་པའི་སྤུ་ལོང་གང་ལ་ཤོར།།
ཕྱི་མ་དམྱལ་བའི་ཡུལ་ལ་མི་འཇིགས་པར།
ལྷ་མཁར་མཆོད་པའི་དམ་རྫས་གསང་སྔགས་འདི།
མྲ་རྗོ་བ་ནའི་གྭན་རྒྱ་སམ་མམ་ཡཽཿ།
ཨ་མདོའི་གསར་འབྱོར་གྲོང་ན་ང་ཡིས་ཟློ།།
ཨ་རིའི་ཞིང་ན་ཆགས་སྲེད་འཁྲུག་པའི་ཀློང་།།
སྐྱབས་རྗེ་སྐྱེ་བུ་མེད་པ་གོ་སོང་ངོ་།། ཧ་ཧ་ཧ།
ཉི་མ་ཤར་གྱི་ཕྱོགས་ནས་ནུབ་རིར་བྲོས། །
ཟླ་བའི་འོད་སྣང་ཡོད་མེད་གཅེར་བུར་རྒྱུ། །
མུན་པ་མེད་པའི་རྒྱ་མཚོའི་འགྲམས་ངོགས་སུ།།
སྦྲིད་སྨན་ཟོས་ལྟར་བ་ག་ཆེས་ཆེར་དབྱེ།།
ཨ་རིའི་ཆགས་སྲེད་ཡུལ་གྱི་ཀླུ་སྨྱོན་ལགས།།
གསང་བསྔགས་གཞུང་ལུགས་ཐིག་ལེ་ཡར་འདྲེན་ཟེར།།
ཆགས་སེམས་བང་རྩལ་ཅན་གྱི་དབྱིན་མོ་འགའ།།
སློབ་མའི་ཚུལ་དུ་ཉར་ན་ཆོས་འཁྲིད་གནང་།།