གདུགས་དཀར་ཚེ་རིང་།
༧རྒྱལ་བ་རིན་པོ་ཆེའི་བཞུགས་སྒར་དྷརྨ་སཱ་ལ་ནི། རྒྱ་གར་བྱང་ཕྱོགས་ཧེ་མ་ཅལ་མངའ་སྡེའི་ཁོངས་སུ་ཡོད། འགྲུལ་འཁོར་ལས་ཐང་ལ་བབས་མ་ཐག་ཤར་ཕྱོགས་སུ་བལྟས་ན། ཐོག་མར་མཐོང་བ་ནི། བྱང་ཤར་མཚམས་ན་འགྱིང་བའི་བྲག་རིའི་རྩེ་མོ་དྲག་གཏོར་བཞེངས་པ་དང་འདྲ་བ་དེ་ཡིན་ལ། སྤྲིན་དཀར་གྱི་ཡོལ་བའི་རྒྱབ་ན་ཞོགས་པའི་ཉི་ཟེར་ལ་ཆེད་དུ་བསྒུགས་པ་དང་འདྲ་བའི་རི་བོ་དེ་མཚམས་མཚམས་ལ་སྤྲིན་པས་བསྒྲིབས་ཏེ་མཐོང་མི་ཐུབ་པ་དང་། དུས་དུས་སུ་སྤྲིན་པ་རྒྱབ་ཏུ་གཡུགས་ནས་ཞལ་རས་གསལ་རྗེན་དུ་སྟོན་པ་ནི། བརྒྱད་གཉིས་ལང་ཚོས་སྒེག་པའི་གཞོན་ནུ་མ་ཞིག་གིས་རང་གི་ཡིད་དུ་འོང་བའི་སྟག་ཤར་གཞོན་པ་ལ་ཐོག་མར་མཇལ་བའི་སྐད་ཅིག་མ་དེར། རང་གི་མཛེས་ཞལ་སྟོན་པར་འདོད་ལ་སྦེད་པར་ཡང་བརྩོན་པའི་ངང་ཚུལ་དང་ཡོངས་སུ་མཚུངས། བརྗིད་ཆགས་ཡིད་དུ་འོང་བའི་མདུན་རི་འདི་མཐོང་རྗེས། རང་བཞིན་གྱིས་དགའ་སྣང་ཞིག་གིས་དྲངས་ཏེ་ང་རང་གི་སྐྱེས་ལྷ་གཉན་པོ་བཞུགས་པའི་རྒྱབ་རི་རྨོག་རི་ཡིད་ལ་འཁོར། རི་བོ་འདི་གཉིས་མཐོ་ཚད་དང་བཞུགས་ཡུལ་མི་གཅིག་པ་ཙམ་ལས། དབྱིབས་དང་གཟི་བརྗིད་ཧ་ཅང་འདྲ་བར་མཐོང་བས་ཕ་ཡུལ་དང་ཁ་ཐག་ཧ་ཅང་རིང་བའི་ས་ཞིག་ལ་བསླེབས་ཡོད་པའི་སྣང་བ་དེ་ཙམ་མ་བྱུང་།
དྷརྨ་སཱ་ལར་བསླེབས་རྗེས། ཐོག་མར་བོད་གཞུང་སྣེ་ལེན་ཁང་དུ་གནས་སྐབས་འདུག་ས་བཀོད་སྒྲིག་གནང་འདུག་པ་ལྟར། ང་རང་དང་དཔལ་ལྡན་རྒྱལ་གཉིས་ཁང་མིག་གཅིག་གི་ནང་དུ་གནས་མལ་བཅས། སྣེ་ལེན་ཁང་དུ་སྡོད་རྒྱུན་རིང་། ཉིན་རེར་བོད་གཞུང་བདེ་སྲུང་ལས་ཁུངས་དང་། རྒྱ་གར་གསང་བའི་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དང་ཐུག་འཕྲད་ཀྱིས་བོད་ནང་གི་གནས་བབ་སྤྱི་དང་། ཁྱད་པར་དུ་ང་རང་སྐྱེས་པ་ནས་ད་བར་གྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ། ལྷག་པར་དུ་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་བོད་སྐད་སྡེ་ཚན་དུ་ལོ་ཙཱ་བ་དང་། རྩོམ་སྒྲིག་འགན་ཁུར་བ། གསར་འགོད་པའི་ལས་ཀ་བཅས་བྱས་པའི་སྐབས་ཀྱི་ལས་ཁུངས་ཚུགས་གྲོལ་དང་། སྡེ་ཚན་ཁག་གི་ལས་ཀ ལས་ཁུངས་གང་དུ་ཡོད་པའི་ཁང་བའི་རྒྱ་ཁྱོན་དང་། བསྡོམས་པས་རྒྱ་བོད་ཀྱི་ལས་བྱེད་ཅི་ཙམ་ཡོད་མེད། རླུང་འཕྲིན་ཁང་གི་འགོ་ཁྲིད་གཙོ་བོ་དང་སྡེ་ཚན་ཁག་གི་འགན་འཛིན་སུ་སུ་ཡིན་མིན་དང་། དེ་དག་སོ་སོའི་ལས་འགན་ཅི་ཡིན་སོགས་ཀྱི་སྐོར་ལ་དྲི་བ་དྲིས་ལན་ཧ་ཅང་ཞིབ་ཅིང་ཕྲ་བ་བྱུང་།
ཕྱི་ལོ་༡༩༨༨ ཟླ་༡༢ ཚེས་༠༡ ། རེས་གཟའ་ཕུར་བུ། བོད་ཟླ་བཅུ་བའི་ཚེས་ཉེར་གསུམ། བརྗེད་པར་དཀའ་བའི་བཀྲ་ཤིས་དཔལ་འབར་གྱི་ཉི་མ།
ཁ་སང་རྔ་བའི་ཨ་ཁུ་བསོད་མེས་སྔོན་བརྡ་གནང་བ་ལྟར། ༧རྒྱལ་བ་ཡིད་བཞིན་ནོར་བུའི་གཟིམ་ཆུང་མཇལ་ཁར་བཅར་རྒྱུའི་གྲ་སྒྲིག་བྱས། སྔ་དྲོའི་རིང་རང་ལུས་ལ་ཁྲུས་གཙང་མ་ཞིག་བརྒྱབ། གོས་གསར་བ་བགོས། བོད་ནས་ཁྱེར་ཡོང་བའི་ཕྱུ་བ་དེ་གོན། དྲི་ཞིམ་སྤོས་དང་མཇལ་དར་དྲི་མེད་བཅས་གྲ་སྒྲིག་ཚགས་སུ་ཚུད་པར་བྱས། ཕྱི་དྲོའི་ཆུ་ཚོད་དང་བོ་ཙམ་ན། ཨ་ཁུ་བསོད་མེས་ཁྲིད་པ་ལྟར་༧རྒྱལ་བའི་ཕོ་བྲང་དུ་བཅར། སེམས་ལ་དགའ་སྣང་དང་འཚུབ་ཤ་འགྲན། རང་ཉིད་ད་ལྟ་༧རྒྱལ་བའི་ཕོ་བྲང་དུ་བསླེབས་ཟིན་པ་དང་། ཅུང་ཞིག་ནས་༧རྒྱལ་བ་ཐམས་ཅད་མཁྱེན་པའི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་ཤར་ངེས་ཀྱང་ད་དུང་ཡང་ཡིད་ཆེས་དཀའ་ཚོད་དུ་འདུག་སྟེ། འདི་ཅི། རྨི་ལམ་ཡིན་ནམ་སྙམ་དུ་བསམས་ནས་སེམས་གནོན་དཀའ་བ་བྱུང་།
སེམས་ཅུང་ཟད་ལྷོད་དུ་བབས་རྗེས། ང་དེ་རིང་འདི་ལྟར་༧རྒྱལ་བ་ཐམས་ཅད་མཁྱེན་པར་མཇལ་བའི་སྐབས་འདིར། ཐོག་མར་བདག་ལ་དྲིན་གྱིས་བསྐྱངས་པའི་ཕ་འདས་པོ་དར་རྒྱས་དང་མ་རྒན་བསོད་ནམས་སྐྱིད། ཕུ་བོ་ལྷ་མཁར་ཚེ་རིང་། ཨ་ཅེ་འབྲུག་མོ་ཡག ནུ་བོ་དཔལ་མགོན་རྒྱལ། བཟའ་ཟླ་ལྷ་མོ་དང་བུ་མོ་གཡང་སྐྱིད། ཨ་ཁུ་ཀླུ་སྐྱབས་རྒྱལ་དང་ཨ་ཆེ་ཚེ་སྐྱིད། ཨ་ཆེ་བཀྲ་ཤིས་སྐྱིད་དང་། ཨ་ཆེ་གནས་མལ་བྱམས། ཨ་ཆེ་འབུམ་སྐྱིད་དང་ཨ་ཆེ་གཡང་མོ་སྐྱིད། ཁུ་བོ་སྐལ་རྒྱལ་དང་། ཁུ་བོ་མ་གོ་དང་། ཁུ་བོ་དབང་གྲགས་རྒྱལ། ད་དུང་སྡེ་བའི་ནང་གི་རྒན་རབས་པ་ཡོན་ཏན་དང་ལྷག་བསམ་ཅན་ཨ་ཁུ་ལྷ་རྩེ་རྒྱལ་དང་། ཨ་ཁུ་རྡོ་རྗེ་སྔོན་པོ། ཨ་ཁུ་ཀུན་ཐར་རྒྱལ། སྔགས་འཆང་སྒྲོལ་མ་རྒྱལ། སྔགས་འཆང་རྟ་མགྲིན་སྐྱབས། སྔགས་འཆང་གཡང་འབུམ་རྒྱལ་བཅས་ཀྱིས་མཚོན་བདག་གི་ཕ་མ་གཉིས་དང་ནང་ཕུ་ནུ། ཤ་ཉེ་རིང་ཐམས་ཅད་ཀྱིས་གཙོས་ལྕང་སྐྱ་སྡེ་བའི་ཚོ་བ་ལྔ་བོ་དང་། རེབ་གོང་ཤོག་ཁ་བཅུ་གཉིས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གྲོགས་ཡོངས་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་ལས་གྲོགས་ཕོི་མོ་ཡོངས།
གཞན་ཡང་མགོ་ལོག་དང་། རྔ་བ། རྒྱལ་མོ་ཚ་བ་རོང་། བླ་བྲང་བཀྲ་ཤིས་འཁྱིལ། སྐུ་འབུམ། དགོན་ལུང་། གསེར་ཁོག བྱ་ཁྱུང་། ཆུ་བཟང་། དཔའ་རིས། གྲོ་ཚང་། བ་ཡན། རྡོ་སྦིས། གཅན་ཚ། སྒོ་མེ་ཆབ་ཆ། ཐེམ་ཆེན། ཁྲི་ཀ་དང་རྐ་ཆུ། སོག་པོ་མདའ་ཚན། ཙོང་ཁའི་མཁར་སོགས་ན་གནས་པའི་མདོ་སྨད་པ་ཤི་གསོན་ཐམས་ཅད་དང་། སྡེ་དགེ ནང་ཆེན། དཀར་མཛེས། འབའ་དང་ལི་ཐང་། ཊྲེ་ཧོར། སྨར་ཁམས། ཆབ་མདོ། ནག་ཆུ་བཅས་ཀྱིས་མཚོན་མདོ་སྟོད་ཡུལ་གྱི་བོད་མི་ཤི་གསོན་ཐམས་ཅད།
དབུས་གཙང་མངའ་རིས་དང་བཅས་པའི་ཡུལ་གྱི་བོད་མི་ཤི་གསོན་ཐམས་ཅད། ཁྱད་པར་དུའང་། རྒྱ་དམར་གུང་ཁྲན་ཏང་གིས་མེ་མདས་བསད་པ་དང་། བཙོན་དུ་བཅུག་སྟེ་ལྟོགས་སྐོམ་དང་གཅར་རྡུང་མི་བཟད་པས་སྲོག་འཕྲོགས་པ། མདོར་ན་ང་བརྒྱད་ལོ་དང་། རིག་གནས་གསར་བརྗེའི་སྐབས་ནས་དུས་ད་ལྟ་ལ་ཐུག་གི་བར་སེམས་ལ་སྡུག་བསྔལ་འཇིགས་སྐྲག་བསམ་མི་ཁྱབ་པ་དང་། ལུས་ལ་གཅར་རྡུང་བཀོལ་གསུམ་ཚད་ལས་འདས་པ་བྱས་ཏེ་དུས་མིན་རྐྱེན་འདས་སུ་བཏང་བའི་བོད་མི་འབུམ་ཚོ་མང་བོས། དུས་ད་ལྟའང་མ་ཤི་གསོན་བྱེ་མའི་ལ་ཁ་ན། འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་བཞིན་འོ་དོད་འབོད་ཅིང་ཡོད་པ་ཡིད་ལ་དྲན་ནས། ཚེ་འདས་ཁོང་རྣམས་དང་། ད་ལྟར་ཚེ་དང་ལྡན་ཡང་རང་གི་ལུས་ངག་ཡིད་གསུམ་ལ་རང་དབང་མེད་པར་གཞན་དབང་སྟབས་བསྟུན་འོག གཞན་གྱི་ཚེ་གཡོག་ལྟ་བུའི་འཚོ་བ་ཉམས་སུ་མྱོང་བཞིན་པའི་བོད་ས་སྟོད་སྨད་བར་གསུམ་གྱི་བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་ཐམས་ཅད། དེ་རིང་བདག་དང་མཉམ་དུ་སེམས་ལ་སྡུག་གིས་གང་། མིག་ལ་མཆི་མས་གང་སྟེ་འཕགས་པ་སྤྱན་རས་གཟིགས་ག་ལ་བ་དེར་མངོན་སུམ་དུ་མཇལ་བའི་མོས་པ་བྱས།
མཇལ་མ་ཐག འཕགས་པའི་སྐུ་ལས་བདུད་རྩིའི་ཆར་རྒྱུན་བབས། བདག་དང་བོད་མི་ཤི་གསོན་ཐམས་ཅད་ཀྱི་སྤྱི་བོ་ནས་མར་བབས། ལུས་གང་། ཚེ་རབས་འཁོར་བ་ཐོག་མ་མེད་ནས་བསགས་པའི་ལས་ངན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ལྷག་མེད་དུ་སྦྱངས་ཤིང་དག ཐམས་ཅད་ཀྱང་འཕགས་པ་སྤྱན་རས་གཟིགས་དང་གཉིས་སུ་མེད་པར་གྱུར་ཏེ། འགྲོ་བ་སེམས་ཅན་གཞན་དང་གཞན་གྲངས་མེད་པ་རྣམས་ལ་གང་ལ་གང་འདུལ་གྱི་རོལ་གར་ཟམ་མི་ཆད་པས་སྨིན་གྲོལ་གྱི་ལམ་ལ་འགོད་པར་བརྩོན་པ་དེ་འདྲ་ཞིག་སྒོམ་བཞིན་པའི་སྐབས། ཕར་ཆེར་ཆུ་ཚོད་གཅིག་ཙམ་གྱི་རྗེས། ཡར་ཤོག་གསུངས་པ་ལྟར། དགའ་དད་སྤྲོ་གསུམ་གྱིས་ལག་ཏུ་མཇལ་དར་དང་བཅས་ག་ལེར་ཡར་སོང་བར། མདུན་ཕྱོགས་ན་དགེ་སློང་ཞིག་མཛུམ་མདངས་དང་བཅས་བཞེངས་བཞིན་ཚུར་ཕེབས་གྲབས་གནང་བ་ཞིག་མཇལ།
དེ་མ་ཐག་དགེ་འདུན་པ་གཞན་ཞིག་ཅུང་མྱུར་སྟབས་ཀྱིས་ཚུར་ཕེབས་ཏེ། གསུང་སྐད་ཤིན་ཏུ་དམའ་མོས་ང་ལ། ༧འདི་རྒྱལ་བ་རིན་པོ་ཆེ་རེད། ཅེས་གསུངས་པས། དེ་མ་ཐག་བགྲོད་མཚམས་བཞག་སྟེ་ཕྱག་གསུམ་ཕུལ་བ་ཡིན། ངའི་སེམས་ལ། ༧རྒྱལ་བ་ཐམས་ཅད་མཁྱེན་པ་ནི་གསེར་ཁྲི་མངོན་མཐོ་ཞིག་གི་སྟེང་དཀྱིལ་མོ་ཀྲུང་གིས་བཞུགས། གཡས་གཡོན་ན་དགེ་སློང་གི་དགེ་འདུན་པ་མང་བོས་བསྐོར་ནས་ཡོད་པ་དེ་འདྲ་ཞིག་ལོས་ཡིན་བསམས་ཡོད་མོད། གསེར་ཁྲི་དང་ཞབས་སྟེགས་གང་དུའང་བཞུགས་མེད་པར། དགེ་སློང་དཀྱུས་མའི་རྣམ་པར་བཞེངས་བཞིན་བཞུགས་པ་འདི་མཇལ་མ་ཐག རང་གི་འདྲེན་བྱེད་ཟུང་ལ་ཡིད་ཆེས་དཀའ་བ་དང་ངོ་མཚར་བ་དང་ཧ་ལས་པའི་ཚོར་བ་ཤུགས་ཆེན་པོ་བྱུང་།
༧རྒྱལ་བ་ཐམས་ཅད་མཁྱེན་པའི་སྐུ་གཟུགས་གཞོན་ཤ་དོད་ཅིང་། སྐུ་གསུང་ཐུགས་གསུམ་གཟི་བརྗིད་དང་བྱམས་བརྩེའི་འོད་སྣང་འབར་བའི་བདག་ཉིད་དུ་མཇལ། དེ་ནས་༧རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་ཞབས་སྟེགས་སུ་བཞུགས་གདན་ལེགས་པར་འཇགས་མཚམས། བྱམས་བརྩེའི་གསུང་གདངས་ཤིན་ཏུ་སྙན་འཇེབས་ལྡན་པས་བདག་ལ་བཀའ་མོལ་འདི་ལྟར་གནང་བྱུང་།
ཡ། རང་ཕ་ཡུལ་ག་ནས་ཡིན་ནམ། མིང་ག་རེ་རེད།
ཕྲན། ངའི་ཕ་ཡུལ་ཨ་མདོ་རེབ་གོང་ནས་ཡིན། མིང་ལ་གདུགས་དཀར་ཚེ་རིང་ཟེར།
༧རྒྱལ་བ་ཐམས་ཅད་མཁྱེན་པས།
ཨིན། དེས་ན། རེབ་གོང་གི་ཨ་ལགས་འཇིགས་མེད་རིན་པོ་ཆེ་ཧ་གོ་ཡི་ཡོད་དམ།
ཕྲན། ལགས། ཧ་གོ་བ་ཙམ་མ་ཟད། ཁོང་དེ་སྔ་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་གནང་ནས་ཨ་མདོའི་ཕྱོགས་སུ་ཕེབས་སྐབས། ཟི་ལིང་ནས་མཇལ་མྱོང་བ་དང་། དེ་དུས་ཁོང་ལ་༧རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་སྤྱི་དང་། ཁྱད་པར་དུ་བཙན་བྱོལ་བོད་མིའི་གནས་སྟངས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་། ཉིན་རེའི་འཚོ་བ་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་ཡག་པོ་བྱུང་། སྐབས་དེར་མཇལ་བ་མང་ཡང་། ང་རང་གཅིག་པུ་ཁོང་གི་གཟིམ་ཁང་དུ་བོས་ནས་༧རྒྱལ་བ་རིན་པོ་ཆེའི་ཕྱག་མདུད་དང་མ་ཎི་རིལ་བུ། རིལ་ཆེན་རིལ་བུ་ཁ་ཤས་བཅས་གནང་བ་དང་ཆབས་ཅིག ཁོང་དང་ལྷན་དུ་འདྲ་པར་ཞིག་བརྒྱབ་མྱོང་། ཞུས་པར།
ཡང་༧རྒྱལ་བ་རིན་པོ་ཆེས།
ཡ་ཡ་ ཡག་པོ་འདུག རང་ཕ་ཡུལ་ནས་སློབ་གྲྭ་གང་དང་གང་འགྲིམ་པ་དང་། ད་བར་ལས་ཀ་ག་རེ་བྱས་མྱོང་ངམ།
ཕྲན། ལགས། ཕྲན་ཆུང་དུས་རང་ལོ་བདུན་ནས་ལྕང་སྐྱ་སྡེ་བའི་སློབ་ཆུང་དུ་ཚུད་དེ། བོད་དང་རྒྱ་ནག་གི་སྐད་ཡིག་དང་། ཨང་རྩིས་སོགས་སྦྱངས། སློབ་ཆུང་ནས་མཐར་ཕྱིན་རྗེས། རེབ་གོང་མི་རིགས་སློབ་འབྲིང་དུ་རྒྱུགས་འཕྲོད་པ་ལྟར། བོད་རྒྱའི་སྐད་ཡིག་དང་། རྩིས་དངོས་རྫས་གསུམ། འཛམ་གླིང་ལོ་རྒྱུས་དང་། རྒྱ་ནག་གི་ལོ་རྒྱུས་སོགས་སྦྱངས།
སློབ་འབྲིང་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ། ལོ་ངོ་བཞིའི་རིང་བོད་ཀྱི་སུམ་རྟགས་དག་གསུམ་དང་། སྙན་ངག་མངོན་བརྗོད། ཚད་མ་རིགས་པ། གཞན་ཡང་མཱར་ཁེ་སིའི་ཆབ་སྲིད་དཔལ་འབྱོར་རིག་པ་དང་། སྤྱི་ཚོགས་ཚན་རིག་དང་། རང་བྱུང་ཚན་རིག་སོགས་སྦྱངས་པ་དང་། ཞོར་དུ་ཨ་ལགས་ཤར་གདོང་ཚང་དང་། རྡོ་རྒྱལ་སྐུ་ལོ་ཚང་། ཨ་ལགས་གྲུབ་དབང་ནམ་མཁའ་ཚང་སོགས་ཟུར་དུ་བསྟེན་ནས། སྐྱབས་འགྲོ་དང་། སྤྱོད་འཇུག་གི་ཁྲིད་སོགས་ཞུ་རྒྱུའི་སྐལ་བ་བཟང་བོ་ཐོབ། སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས་ནས་ད་བར་དུ། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་དུ་གསར་འགོད་པ་དང་རྩོམ་སྒྲིག་པའི་ལས་ཀ་བྱས་པ་ཡིན་ཞེས་ཞུས་པར།
༧རྒྱལ་བ་ཐམས་ཅད་མཁྱེན་པ་ཐུགས་དགྱེས་ཉམས་དང་བཅས། ཡ་ཡ་ དཔེ་ཡག་པོ་རེད། རང་ཆོས་ལ་དད་པ་ཡོད་དམ་ཞེས་བཀའ་གནང་བར།
ཕྲན། ལགས་ཡོད། ཡིན་ནའང་ད་བར་དུ་སྒྲུབ་པ་ཉམས་ལེན་ཡག་པོ་ཞིག་བྱ་རྒྱུའི་གོ་སྐབས་དེ་འདྲ་བྱུང་མ་སོང་། མདོ་གདུགས་སྒྲོལ་གསུམ་མཚམས་རེར་འདོན་གྱི་ཡོད་ལགས་ཞུས་པར།
༧རྒྱལ་བ་ཐམས་ཅད་མཁྱེན་པའི་ཞལ་ནས། ཡ་ཡ་ ཡག་པོ་རེད། ད་འོ་ན། རང་རྒྱ་གར་ལ་ཡོང་དགོས་པའི་རྒྱུ་མཚན་ག་རེ་ཆགས་སོང་། ཞེས་བཀའ་གནང་བར།
ཕྲན། རྒྱུ་མཚན་གཙོ་བོ་ནི། ངའི་ལས་ཀ་དེ་མུ་མཐུད་དུ་བྱས་པ་ཡིན་ན། རང་ཉིད་ལ་འདོད་པ་མེད་བཞིན་དུ་རྒྱ་དམར་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་༧རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་ལ་གཞི་མེད་སྒྲོ་སྐུར་དང་། ངོ་རྒོལ་དགག་རྒྱག་ཞུ་དགོས་པའི་དུས་ཚོད་ཡང་ཡང་ཡོང་གི་འདུག དེ་ལྟར་བྱས་ཐེངས་རེར་རང་བཞིན་གྱིས་སེམས་མི་སྐྱིད་པ་ཆེན་པོ་ཡོང་གི་འདུག དེ་གཅིག་ཡིན།
གཉིས་ནས། ང་ཚོ་བོད་མི་རིགས་ཀྱི་སྒོ་གསུམ་གྱི་བྱ་སྤྱོད་ལ་རང་དབང་གཏན་ནས་མེད་པའི་ཁར། བར་ལམ་ཞིག་ནས་བོད་མི་རིགས་ཀྱི་སྐྱེ་སྒོ་བཙན་འགོག་དང་། བོད་ཀྱི་ས་འོག་དང་ས་སྟེང་གི་གཏེར་ཁ་ཐོན་ཁུངས་ཚང་མ་རྒྱ་དམར་གཞུང་གིས་བཙན་ཤུགས་ཀྱིས་སྔོག་འདོན་ཚོད་མེད་བྱས་དང་བྱེད་བཞིན་པ་དང་ཆབས་ཅིག བོད་མི་རིགས་ལ་ཐུབ་ཚོད་དང་བརྙས་བཅོས། དམའ་འབེབ་མཐོང་ཆུང་ཧ་ལས་པ་བྱེད་ཀྱི་འདུག བོད་མི་རིགས་འདི་ལ་འགྲོ་བ་མི་ཞིག་ཡིན་པའི་མཐོང་དང་ཆ་འཇོག་རང་བཞིན་པ་ཙམ་ཡང་མི་འདུག་པས། ང་དང་ང་ལྟ་བུའི་བོད་ཕྲུག་སློབ་གྲྭ་ཆེ་འབྲིང་འགྲིམས་མྱོང་མཁན་ཚོས། བོད་མི་རིགས་འདིའི་ད་ལྟའི་ལས་དབང་ལ་ཡ་ང་སྙིང་རྗེ་དང་། རྒྱ་དམར་གུང་ཁྲན་ཏང་གི་གདུག་རྩུབ་ཆེ་བའི་བྱ་སྤྱོད་ལ་སེམས་གཏིང་ནས་ཞེན་ལོག་དང་མི་དགའ་བ་ཆེན་པོ་ཡོད་ཀྱང་གནས་སྐབས་བྱ་ཐབས་དབེན་ཏེ། མང་ཆེ་བ་མགོན་མེད་སྐྱབས་བྲལ་དང་། ཁོང་ཁྲོ་ཡི་རྨུགས་ཀྱི་ཚོར་བའི་ནང་ཅི་བྱ་གཏོལ་བྲལ་དུ་གྱུར་ཡོད།
གསུམ་པ་ནི། ང་ཚོ་བོད་ནང་ནས། ཕྱིའི་འཇིག་རྟེན་གྱི་འཕོ་འགྱུར་སྤྱི་དང་། ཡང་སྒོས་༧རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་གི་ཞལ་སྔ་ནས་དང་། བཙན་བྱོལ་བོད་གཞུང་གི་ཕྱོགས་ནས། བོད་མི་རིགས་འདི་ད་ལྟའི་ཛ་དྲག་ཉེན་ཁ་དང་སྡུག་བསྔལ་ལས་བསྐྱབ་ཐབས་དགོངས་བཞེས་དང་ལམ་སྟོན་ཅི་དང་གང་འདྲ་གནང་གི་ཡོད་མེད་དུས་ནས་དུས་སུ་ཤེས་རྟོགས་ཡོང་ཐབས་མེད་སྟབས། ད་ཐེངས་རང་གི་ཕ་མ་སྤུན་མཆེད་དང་། བཟའ་ཟླ་བུ་ཕྲུག ལས་ཀ་སོགས་རྦད་དེ་བློས་བཏང་ནས། རང་ཉིད་མི་ངོ་མ་རྒྱ་གར་འཕགས་པའི་ཡུལ་དུ་འགྲོ་རྒྱུ་དང་། དེར་སོང་ནས་༧རྒྱལ་བ་ཐམས་ཅད་མཁྱེན་པའི་ཞབས་རྡུལ་སྤྱི་བོར་མཆོད་ཅིང་། དུས་བསྟུན་བཀའ་སློབ་ལམ་སྟོན་ཟབ་མོ་སྙིང་ལ་བཅངས་ནས་བོད་བསྟན་སྲིད་མི་རིགས་ཀྱི་རང་དབང་སླར་གསོའི་ལས་དོན་ནང་རང་ནུས་གང་ཡོད་ཀྱིས་སྲི་ཞུ་ཞབས་འདེགས་ཞུ་འདོད་ཉག་ཅིག་གིས་བསྐུལ་ཏེ་ཡོང་བ་ཡིན་ལགས། ཞེས་ཞུས་པར།
༧རྒྱལ་བ་ཐམས་ཅད་མཁྱེན་པ་ཐུགས་དགྱེས་མཉེས་ཆེན་པོ་དང་བཅས་ཞལ་ནས། ཧ་ཧ་ཧ་ ཡག་པོ་ཞེ་དྲག་འདུག་ཅེས་དང་། ཡང་དེར་མཐུད་ནས་ཁོང་གིས།
ངས་ཉེ་ཆར། སི་ཏྲག་སི་སྦག་ནས་གྲོས་འཆར་ཞིག་བཏོན་ཡོད། དེའི་སྐོར་ལ། བོད་ནང་གི་བོད་མི་ཚོས་ག་རེ་ལབ་ཀྱི་འདུག་གམ། ཞེས་བཀའ་གནང་བར།
ཕྲན། ༧རྒྱལ་བ་ཐམས་ཅད་མཁྱེན་པའི་དགོངས་བཞེད་དེ་ཕྱི་ལ་དྲིལ་བསྒྲགས་ནས་རིང་བོ་མ་སོང་སྟབས། བོད་ནང་གི་བོད་མི་ཚོར་དེའི་ཐད་བསམ་ཚུལ་ཅི་ཡོད་ཤེས་རྟོགས་མ་བྱུང་མོད། གལ་ཏེ་ཕྲན་གྱི་རྨོངས་འཆར་རོབ་ཙམ་ཞུས་ན་འགྲིག་གི་ཡོད་ན་་་། ཞེས་པར། ཁོང་གིས་དེ་མ་ཐག འགྲིག་གི་རེད། འགྲིག་གི་རེད། རང་གིས་ལབ་རྐྱང་བྱོས། ཞེས་གནང་བ་བསྩལ།
དེ་ལ་ཕྲན་གྱིས། ༧རྒྱལ་བ་ཐམས་ཅད་མཁྱེན་པའི་དགོངས་གཞི་དེ་ནི། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་ཆ་ཚང་མཁྱེན་པའི་ཐོག་ནས་བོད་མི་རིགས་འདི་དཀའ་ཉེན་དེ་ལས་བསྐྱབ་ཐབས་ཀྱི་དགོངས་གཞི་རླབས་ཆེན་ཞིག་སྟེ། དེ་ལྟར་བྱུང་བ་ཡིན་ན། གནས་སྐབས་རིང་བོད་མི་རིགས་ཀྱི་དཀའ་སྡུག་སེལ་ཐུབ་པ་དང་། ཕུགས་རྒྱང་རིང་བོའི་ཆ་ནས་བོད་རྒྱ་མི་རིགས་གཉིས་དུས་གཏན་དུ་ཞི་མཐུན་མཉམ་གནས་ཡོང་ཐབས་ཀྱི་དགོངས་པ་རྨ་མེད་པ་རྩལ་དུ་བཏོན་གནང་སྟེ་བཀའ་གནང་ཡོད་པ་ཤིན་ཏུ་གསལ་ཡང་། རྒྱ་དམར་དབང་འཛིན་པ་ཚོའི་གྱོང་རྩུབ་ངན་རེངས་ཀྱི་གཤིས་ཀ་དང་། མ་རབས་ཐ་ཆད་ཀྱི་བྱེད་བབ་ལ་གཞིགས་ན། ༧རྒྱལ་བའི་དགོངས་གཞི་ཟབ་མོ་འདི་ལ། རྒྱ་དམར་ཕྱོགས་ནས་འགན་ཡོད་པ་དང་ཕུགས་རྒྱང་རིང་བོར་བསམ་བློ་གཏོང་ཤེས་པའི་ཐོག་ནས་དོན་ཕན་ལྡན་པའི་ཡ་ལན་ཡོང་རེ་དེ་ཙམ་མཐོང་གི་མི་འདུག
རྒྱུ་མཚན་ནི། རྒྱ་དམར་གྱི་སྲིད་དོན་པ་ཚོའི་རང་ཉིད་ཁོ་ནའི་ཁེ་ཕན་དང་དབང་ཆ་དང་། སྲིད་དོན་གྱི་དགོས་མཁོ་ཁོ་ན་ལ་དམིགས་པའི་བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས་དེའི་ཐོག་ནས་ར་འཕྲོད་ཐུབ་པ་འདུག གལ་ཏེ། བོད་དོན་འདི་མགྱོགས་པོར་ཐག་མ་བཅད་པ་ཡིན་ན། རྒྱ་དམར་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་འཕྲད་རྒྱུར་ངེས་པ་དང་། ཡང་ན་གྱོང་གུད་ཆེན་པོ་གསབ་དཀའ་བ་ཞིག་དེ་མ་ཐག་འབྱུང་རྒྱུ་ཡིན་པ་གཏན་འཁེལ་བ་ལྟ་བུ་ཞིག་བྱུང་བའི་དབང་དུ་བཏང་ན། དུས་དེའི་ཚེ་ཁོ་བ་ཚོ་གཞི་ནས་གྲོས་མོལ་གྱི་མདུན་ཅོག་ཐོག་ཏུ་ཡོང་གི་རེད། དཔེར་ན། ཆུ་རགས་ཆེན་པོ་ཞིག་སང་ཉིན་ཁ་ཤོར་རྒྱུ་དང་། དེ་ཤོར་སོང་ན་རྒྱ་ནག་གི་གྲོང་ཁྱེར་མང་བོ་དུས་གཅིག་ཏུ་འཇོམས་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ཐག་ཆོད་ན། དེ་རིང་ཛ་དྲག་གིས་འཛོམས་ནས་གྲོས་སྡུར་དང་ཐག་གཅོད་ཐབས་བྱ་རྒྱུ་རེད།
ད་ཆ་བོད་ས་ཡོངས་རྫོགས་རྒྱ་དམར་གྱི་དབང་འོག་ཏུ་ཤོར་ཡོད་སྟབས། བོད་དོན་གང་མགྱོགས་ཐག་མ་ཆོད་ན། རྒྱ་དམར་གཞུང་ལ་ཉེན་ཁ་དང་གྱོང་གུད་གང་ཡང་མེད་པ་ལྟ་བུར་མཐོང་གི་ཡོད་ས་རེད། དེ་འདྲ་ཞིག་སེམས་ལ་འཁོར་ཡོང་གི་འདུག བོད་ནང་གི་གནས་སྟངས་སྐོར་རང་གིས་གང་ཤེས་རྣམས་རིང་མིན་ཡིག་ཐོག་ཏུ་ཕབ་ནས་༧རྒྱལ་བ་ཐམས་ཅད་མཁྱེན་པའི་སྤྱན་སྔར་འབུལ་འདོད་ཡོད། ཞུ་ཧམ་དུ་སོང་ན་ལྷ་དགོངས་མི་འགལ་བ་མཁྱེན། ཞེས་ཞུས་པར།
༧རྒྱལ་བ་ཐམས་ཅད་མཁྱེན་པས།
ཡ་ཡ་ ད་མ་འོངས་པར་འཆར་གཞི་ག་རེ་ཡོད། འདི་ནས་འདུག་གམ་ཡང་ན་ཕྱིར་བོད་ལ་ལོག་འགྲོ་རྒྱུ་ཡིན།
ཕྲན། བོད་ལ་ལོག་རྒྱུའི་འཆར་གཞི་མེད། འདི་ནས་༧རྒྱལ་བ་ཐམས་ཅད་མཁྱེན་པའི་དགོངས་གཞི་དང་མཐུན་པའི་ཐོག་ནས་བོད་ཀྱི་རང་དབང་སླར་གསོར་ཕན་པའི་ལས་ཀ་གང་ནུས་ཀྱིས་སྒྲུབ་འདོད་ཆེ། དེ་ལ་ཐོག་མར། འདི་ནས་དབྱིན་ཇིའི་སྐད་ཡིག་ཡག་པོ་ཞིག་ཤེས་དགོས་པ་ཧ་ཅང་གལ་ཆེན་དུ་མཐོང་བས། རབ་བྱུང་ན་སྔོན་ལ་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་དང་དབྱིན་ལན་ལྟ་བུ་ཞིག་ལ་སློབ་སྦྱོང་ཆེད་འགྲོ་འདོད་འདུག ཅེས་ཞུས་པར།
༧རྒྱལ་བ་ཐམས་ཅད་མཁྱེན་པའི་ཞལ་ནས། དབྱིན་ཇི་སྐད་ཡིག་སྦྱང་རྒྱུའི་སྐོར་བཀའ་ཤག་ལ་སྙན་སེང་ཞུས་ན་འགྲིག་གི་རེད། ཅེས་གསུང་བཞིན། ༧རྒྱལ་བ་ཐམས་ཅད་མཁྱེན་པ་རང་གི་སྐུ་པར་མི་འདྲ་བ་གཉིས་བསྟན་གནང་ནས། དེ་གཉིས་ལས་གཅིག་འདེམས་ཤིག་གསུངས་པ་ལྟར། སོ་ཧྥ་ཞབས་སྟེགས་སུ་རྒྱལ་བོ་རོལ་བའི་སྟབས་ཀྱིས་བཞུགས་པའི་སྐུ་པར་སྲིད་གསུམ་ཟིལ་གནོན་དེ་དགོས་ཞུས་པས། དེ་དང་ཆབས་ཅིག་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་པར་རྒྱབ་ན་ཚད་མེད་ཡོན་ཏན་གསལ་བ་ཞིག་དད་རྟེན་དུ་གསོལ་བསྩལ་བྱུང་བས། དགའ་བ་འབུམ་གྱིས་མྱོས་བཞིན་གྱེས་ཕྱག་དང་བཅས་འབྲལ་མི་ཕོད་པའི་ངང་ཕོ་བྲང་ཕྱི་རོལ་དུ་བུད།
དེ་རིང་ཕྱི་ཟླ་༡༠ ཚེས་༠༦ ཉིན་ནི། བདག་ཕ་ཡུལ་ནས་རྡོག་ཐོན་པའི་ཉི་མ་ཡིན་སྟབས། ཉིན་ཐོ་ལས་༧གོང་ས་མཆོག་གི་ཐོག་མའི་མཇལ་ཁའི་སྐོར་གྱི་དུམ་བུ་ཞིག་ཁོལ་དུ་ཕྱུངས་ཏེ་རྗེས་དྲན་གྱི་ཚུལ་དུ་དྲ་ལམ་དུ་བསྟར་བ་ལགས།
མདོ་སྨད་ཀྱི་སྤྱི་ཟུར་ཁྱོད་རྒྱལ་བ་རིན་པོ་ཆེ་མཇལ་བ་མ་ཟད་ཁོང་ལ་བོད་ནང་གི་གནས་སྟངས་དང་སོ་སོའི་ཕུགས་འདུན་སོགས་ཞུ་ཐུབ་པ་བྱུང་བ་དེ་བསོད་ནམས་ཡག་པོ་རེད་། འོན་ཀྱང་། རྒྱལ་བ་རིན་པོ་ཆེའི་ཞབས་འོག་ནས་སྡོད་མ་ཚུགས་པར་མདོ་སྨད་སྤྱི་འཐུས་དང་མདོ་སྨད་དབུས་རྒྱུན་ལས་ཀྱི་འོས་འགན་གཉིས་ཀ་ཐུར་ལ་གཡུགས་ནས་ནུབ་ཕྱོགས་བདེ་བ་ཅན་ལ་བྲོས་ཕྱིན་པ་དེ་ཡག་པོ་རྩ་བ་ཉིད་ནས་མ་རེད་། ལྷག་པར་དུ་། ནུབ་ཕྱོགས་བདེ་བ་ཅན་ནས་ཀྱང་མི་ཆོས་བླ་མས་རྫུན་སྐོར་ནས་བོད་བསྟན་པ་ཆབ་སྲིད་ལ་ཕན་ཐོགས་པའི་ལས་མ་བྱས་བ་ནི་ཡིད་སྐྱོ་བའི་གནས་རེད་ལགས།
༡༩༨༨ལོར་བོད་ནས་ཡོང་བ་ཡིན་ན། སྐབས་དེ་དུས་བོད་ནང་མགོན་མེད་སྐྱབས་བྲལ་མ་རེད། ངོ་མ་བཤད་ན་པཎ་ཆེན་རིན་པོ་ཆེ་བཞུགས་ནས་དཀའ་ལས་རྒྱག་གི་ཡོད་རེད། དེ་ནི་པཎ་ཆེན་རིན་པོ་ཆེ་ནུས་མེད་ཞིག་བརྩིས་པ་འདྲ། སྐྱག་རྫུན་དེ་འདྲ་མ་ཞུས་ན་ཡག་པོ་ཡོད་ཀྱང་་་་་ གང་ལྟར་༧ གོང་ས་མཆོག་ལ་བོད་རང་དབང་སླར་གསོ་ཆེད་སེམས་ཤུགས་ཡོད་མདོག་ཞུས་པ་བཟང་ཡང་མཐར་སྤྱི་འཐུས་སོགས་ཀྱི་འོས་འགན་རླུང་ལ་བསྐུར་ནས་ཨ་རི་ན་མགྲོག་གཡོག་དང་བླ་མ་འཁྲབ་ནས་ཅི་བྱེད་ཀི་ཡོད་མེད་ཤེས་ཤེས་རེད། ད་དུང་ཉིན་ཐོ་སློག་ནས་སྐྱག་རྫུན་བཤད་ན་ཆོ་ཡོད་པ་མ་རེད། ༧ གོང་ས་མཆོག་དང་བོད་མི་དམངས་ལ་སེམས
ཁུར་གང་འདྲ་ཡོད་མེད་ཚང་མས་ཤེས་ལེ་རེད་དོ།
xxxx སྤྱི་མཐུས་ཞིག་བྱ་ཆེད་དུ་སྐད་ངན་བོང་སྐད་འདྲ་མོ་བརྒྱབ་མྱོང་། སྤྱི་མཐུས་ལས་ཐོག་ཏུ་ལས་ཀ་གཡུག་ནས་ཕྱིན་པའི་གྲལ་ཡིན། ༧རྒྱལ་བ་རིན་པོ་ཆེས་དང་། བོད་མི་ཡོངས། ཁྱོད་ཀྱི་ཉེ་འབྲེལ་ཀུན་སྟ་ཟོར་ཚོགས་པས་མ་གཡུགས་པའི་སྔོན་ལ་ཁྱོད་ཀྱིས་གཡུགས་བཞག་པ་ཡིན། སྐུ་ཞབས་ཁྱོད་ལ་ལས་རྒྱུ་འབྲས་མེད་ལགས།
༧རྒྱལ་བ་རིན་པོ་ཆེའི་བཀའ་ལ་རྒྱབ་འགལ་བྱས་ཡོད་ན་༧ཁོང་ཚང་གི་སྐོར་ལ་སྨྲ་བ་ཉུང་ན་བཟང་། མི་མང་པོས་ངོམས་སོ་བྱེད་ཆེད་༧ཁོང་ཚང་གླེང་དང་གླེང་གིན་ཡོད། དེ་ནི་ཁྲེལ་མེད་པའི་རྟགས་རེད། ༧རྒྱལ་བའི་དགོངས་པ་དང་འགལ་མེད་ན་ལོགས་ཀ་རེད།
གདུགས་དཀར་ཚེ་རིང་མི་དྲང་པོ། རང་ཚུགས་ཐུབ་པ། རང་རིགས་ལ་ཕན་པ་བསྒྲུབས་ཡོད་པའི་མི་རེད། སྤྱི་འཐུས་གཡུགས་པ་བདེན་པ་མ་རེད། ཁོང་གིས་བོད་གཞུང་ལ་ཞབས་ཕྱི་ལོ་མང་བསྒྲུབས་སོང་། ཐུགས་རྗེ་ཆེ།