བསྟན་འཛིན་ཉིན་བྱེད།
(བསྟན་འཛིན་ཉིན་བྱེད་ནི་ཨ་རི་ཝ་ཡོ་མིང་གཙུག་ལག་སློབ་གཉེར་ཁང་དུ་སྲིད་དོན་ཚན་རིག་གི་ཆེད་ལས་ཐོག་ནུབ་ཕྱོགས་རྩོམ་རིག་གི་ཨེམ་ཨེ་སློབ་གཉེར་བ་ཞིག་ཡིན་ལ། བོད་གཞུང་དཔེ་མཛོད་ཁང་གིས་དབྱིན་ཡིག་ཐོག་དཔར་བསྐྲུན་བྱེད་པའི་བོད་ཀྱི་དུས་དེབ་ཀྱི་ལག་བསྟར་རྩོམ་སྒྲིག་པ་ཟུར་པ་ཡིན།)
ཉེ་བའི་ཆར་བ༷ཙན་བྱོལ་སྤྱི་ཚོགས་ནང་འཚར་ལོང་བྱུང་བའི་གཞོན་སྐྱེས་ཤེས་ཡོན་ཅན་ ཁྲོད་བོད་ཡིག་ཐོག་དོ་སྣང་གསར་པ་ཞིག་སླེབས་བཞིན་འདུག དེ་ནི་གནས་ཚུལ་བཟང་པོ་ཞིག་ཏུ་ངོས་འཛིན་བྱེད་ཆོག ལྷག་པར་དུ་ཕ་ཡུལ་དྲྭ་རྒྱའི་ནང་གནད་དོན་འདི་ཐད་རྩོམ་རིག་སྤེལ་མཁན་གཅིག་བྱུང་འདུག་ཅིང་། (དབྱིན་ཡིག་གི་རྩོམ་དེའི་འབྲེལ་ཐག་འདི་རུ་ཡོད།) དཔྱད་རྩོམ་འདིའི་ནང་བོད་ཡིག་འབྲི་ཀློག་ཁག་པོ་ཡོད་པའི་རྐྱེན་གྱིས་བོད་རིགས་གཞོན་སྐྱེས་རྣམས་དོ་དབྱིངས་དེ་ཙམ་བྱེད་ཐུབ་ཀྱི་མེད་པ་དང་། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་འཚོ་གནས་ཡོང་བར་ཕྱིའི་སྐད་རིགས་ལ་དམིགས་བསལ་དོ་སྣང་དང་ཤུགས་མ་རྒྱག་ཀ་མེད་ཆགས་ཀྱི་ཡོད་སྟབས་བོད་ཡིག་ལ་འཐུས་ཤོར་འགྲོ་གི་ཡོད་པའི་དངོས་ཡོད་ཀྱི་དཀའ་ངལ་འགྲེལ་བརྗོད་གནང་འདུག བོད་མི་རིགས་ཀྱི་ངོ་བོའི་བླ་སྲོག་ཏུ་ཐུག་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཡོང་ཆེད། རྩོམ་པ་པོས་ལྷག་བསམ་རྣམ་དག་གིས་དགོངས་འཆར་ལྷུག་པོ་འདི་འདྲ་ཞིག་གནང་འདུག་སྟེ། བོད་ཡིག་གི་དཔེ་དེབ་སོགས་ཀློག་སྐབས་ཚིག་ཕན་༷ཚུན་དབར་དབྱེ་བ་ཕྱེའམ་བར་སྟོང་འཇོག་སྟེ་ཀློག་ན་དགེ་མཚན་ཡོད་སྐོར་དངོས་ཡོད་ཀྱི་ཉམས་མྱོང་ཐོག་ནས་གསུངས་གནང་ འདུག གསར་བརྗེའི་བསམ་ཚུལ་འདི་ཐད་རྒྱ་ཆེའི་ཀློག་པ་པོ་མང་པོ་ཞིག་གིས་ཀྱང་རང་རང་སོ་སོའི་བསམ་ཚུལ་སྒྲོག་སྦྱང་གིས་རྒྱབ་སྐྱོར་གནང་འདུག
བོད་ཡིག་ལ་ཤེས་མྱོང་དེ་ཙམ་མེད་པ་ཚོས་ཚིག་རེ་རེ་དབར་བར་སྟོང་འཇོག་སྟེ་ བོད་ཡིག་ཀློག་རྒྱུའི་འབད་བཙོན་བྱེད་པས་གང་ལ་གང་འཚམས་ཀྱི་ཕན་ཐོགས་ཡོང་གི་ ཡོད་པ་འདི་སྨོས་མི་དགོས་སྟབས་གུས་པས་ཀྱང་བསམ་ཚུལ་འདིར་དགག་བྱ་ཞུས་མེད་པ་ཟད་ད་ཐེངས་རྩོམ་འདི་བརྒྱུད་སྙིང་དབུས་ནས་བཀྲིན་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་གུས་པར་རྩོམ་འདི་བཀླགས་མ་ཐག་བློ་འཚབ་གཉིས་སྐྱེས་བྱུང་སྟེ། དང་པོ། ཚིག་རེ་རེ་དབར་བར་སྟོང་འཇོག་སྟེ་བོད་ཡིག་འབྲི་ན། མིག་མདུན་དུ་མི་མཛེས་པའི་རྣམ་པ་ཞིག་མཐོང་རྒྱུ་ཡིན་མོད། གནད་དོན་འདི་ཐད་ཞིབ་མོར་དཔྱད་པས་དེ་ཙམ་གྱི་བློ་འཚབ་བྱེད་མི་དགོས་པ་ཞིག་རེད་འདུག་སྙམ། གང་ལགས་ཤེ་ན། ཚིག་རེ་དབར་བར་སྟོང་འཇོག་སྟེ་འབྲི་ན་ཉིན་ཞིག་སྒོམ་པ་མ་ཟད། ཡོངས་གྲགས་ཏུ་འགྱུར་ཏེ་མིག་མདུན་དུ་མི་མཛེས་པ་དང་། མི་བདེ་བ་མཐོང་རྒྱུ་དེ་ཡང་བརླག་འགྲོ་རྒྱུ་ཡིན་པ་གཏན་འཁེལ། གཉིས་པ། གལ་ཏེ་བར་སྟོང་འཇོག་སྟེ་བོད་ཡིག་འབྲི་ན་ཤོག་བུ་མང་པོ་བཟ་རྒྱུ་ཡིན་ལ། ཇི་སྲིད་ཤོག་བུ་མང་པོ་བཟོས་པ་དི་སྲིད་དུ་ཤིང་མང་དུ་གཅོད་འབྲེག་བྱེད་དགོས་ཀྱི་ཡོད། ཤིང་ཇི་ཙམ་མང་བ་གཅོད་པ་འདིས་ཁོར་ཡུག་ལ་གཏོར་སྐྱོན་དེ་ཙམ་མང་དུ་གཏོང་གི་ཡོད་པས་བཟང་སྤྱོད་ཀྱི་རྣམ་པ་དང་མཐུན་གྱི་མེད་པ་ལྟ་བུར་མཐོང་། ཡིན་ནའང་སེམས་འཚབ་ཀྱི་གནད་དོན་གཉིས་པ་འདི་ཐད་ཡུན་རིང་བསམ་བློ་ཞིག་བཏང་པས་དཀའ་ངལ་དེ་༷ཙམ་ཞིག་མིན་པ་ཚོར། ང་ཚོས་ཚིག་བར་སྟོང་འཇོག་སྟེ་བོད་ཡིག་འབྲི་ཀློག་བྱེད་པ་འདིས་ཤོག་བུ་མང་དུ་རྫོགས་པ་དང་ཞོར་དུ་ཤིང་གཅོད་འབྲེག་མང་དུ་བྱེད་ཀྱི་ཡོད་པའི་ཉེས་དམིགས་འདི་དང་། འཐབ་བྱུས་གསར་པ་འདི་བེད་སྤྱོད་གཏོང་སྟེ་བོད་རིགས་གཞོན་སྐྱེས་ཚོར་བོད་ཡིག་ སྦྱོང་རྒྱུའི་སེམས་འཁུར་གྱིས་བོད་ཀྱི་སྐད་ཡིག་ཉམས་གསོ་ཡོང་རྒྱུའི་དགེ་མཚན་གཉིས་ཞིབ་བསྡུར་བྱེད་ན། རྗེས་མ་དེ་ཕན་ཐོགས་ཆེ་བ་འདུག་པས་༷ཚིག་རེ་དབར་བར་སྟོང་འཇོག་སྟེ་བོད་ཡིག་འབྲི་ཀློག་གི་ལམ་སྲོལ་གསར་པ་ཞིག་གཏོད་ན་སྐྱོན་མེད་པ་མ་ཟད་དངོས་ཡོད་ཕན་རླབས་ཡོང་རྒྱུ་རེད་འདུག
འོན་ཀྱང་གལ་ཆེར་བརྗོད་དགོས་པ་ཞིག་ལ་གོང་གསལ་གྱི་ཐབས་ལམ་དེ་ནི་བོད་ཡིག་ལ་དོ་དབྱིང་གིས་བོད་ཡིག་མི་ཉམས་གོང་འཕེལ་གཏོང་རྒྱུའི་ཐབས་བརྒྱ་བྱུས་སྟོང་ ནང་ནས་གཅིག་ཡིན་ལ། ང་ཚོས་ཐབས་ལམ་གཞན་དག་ཀྱང་དེ་མཉམ་བེད་སྤྱོད་གཏོང་དགོས། དེ་རིང་ཙོམ་ཐུང་འདི་བརྒྱུད་གུས་པས་འབྱུང་འགྱུར་བོད་རིགས་བ༷ཙན་བྱོལ་ན་གཞོན་ཁྲོད་བོད་ཡིག་ལ་དོ་དབྱིངས་ཇི་ལྟར་བསྐྲུན་ཐུབ་པ་བྱེད་རྒྱུའི་བསམ་འཆར་འགའ་བསྙན་སྒྲོན་ཞུ་རྒྱུ་ཡིན། གཤམ་བཀོད་བསམ་འཆར་དེ་རིགས་གུས་པའི་སྒེར་གྱི་བོད་ཡིག་སྦྱོང་བརྡར་ཉམས་མྱོང་ལ་བརྟེན་ནས་བཀོད་པ་ཞིག་ཡིན་པས་འབྲེལ་ཡོད་ཀློག་པ་པོས་རང་རང་སོ་སོའི་མི་ཚེའི་ནང་ལག་ལེན་བསྟར་ཚེ་ངེས་པར་དུ་དགེ་མཚན་ཡོང་རྒྱུའི་གདེང་སྤོབས་ཡོད།
བསམ་འཆར་དང་པོ།
གཞོན་སྐྱེས་མང་པོ་ཞིག་གི་སེམས་ཀློང་ནང་བོད་ཡིག་ནི་ཧ་ཅང་གི་ཁག་པོ་ཡིན་པ་དང་། ལྷག་པར་དུ་ཡིག་སྐད་དང་ཁ་སྐད་དབར་བར་ཁྱད་ཆེན་པོ་ཡོད་པ། དེ་བཞིན་བོད་ཡིག་གི་སུམ་རྟགས་དག་གསུམ་ཤིན་ཏུ་མགོ་རྙོག་ཡོད་པ་སོགས་བསམ་ཚུལ་ནོར་འཁྲུལ་ཅན་ཞིག་ཁྱབ་སྡད་ཡོད། དེ་ནི་དངོས་ནས་ཐུགས་ཁག་མེད། བཙན་བྱོལ་སྤྱི་ཚོགས་ཁྲོད་འཚོ་གནས་ཡོང་ཆེད་ཕྱིའི་སྐད་ཡིག་ལ་དོ་སྣང་ཤུགས་ཆེ་དགོས་ཅིང་བོད་ཡིག་ལ་རིམ་བཞིན་འཐུས་ཤོར་གྱིས་བེད་སྤྱོད་ནམ་ཡང་མ་བྱས་སྟབས་ བོད་ཡིག་ལ་ཕྱིས་སུ་གློ་བུར་དུ་བལྟས་ཚེ་ཁག་པོ་ཞེ་དྲག་མཐོང་གི་ཡོད་པ་རེད། ངོས་ནས་ཀྱང་ཐོག་མར་བསམ་ཚུལ་དེ་འདྲ་ཞིག་ཟིན་ཡོད་པས། ཕྱིས་སུ་སཱ་ར་རིག་གནས་སློབ་གཉེར་ཁང་དུ་ལོ་གསུམ་རིང་མ་སྐུལ་དྭངས་བླང་གིས་བོད་ཡིག་སྦྱོང་པས་བོད་ཀྱི་བརྡ་སྤྲོད་རིག་གནས་ནི་དབྱིན་ཇི་ལས་སླ་བ་ཞིག་ཡོད་པའི་ཉམས་མྱོང་བྱུང་། དེར་བརྟེན་བོད་ཡིག་ལ་དོ་དབྱིངས་སླེབས་དགོས་ན། ཐོག་མར་བོད་ཡིག་ཞེ་དྲག་ཁག་པོ་ཡིན་པ་མ་ཟད། སྐད་ཡིག་གཞན་དག་ལས་དཀའ་བ་རེད་བསམ་པའི་ནོར་འཁྲུལ་ཅན་གྱི་བསམ་བློ་དེ་དོར་དགོས། མ་གཞི་ནས་ཞིབ་མོར་དཔྱད་ན། བསམ་བློ་འདི་ནི་བཙན་རྒྱལ་རིང་ལུགས་བྱེད་མཁན་ཞིག་ཡིན་སྟབས། ཕལ་ཆེར་རྒྱ་རོ་ཚང་ངམ་དབྱིན་ཇིའི་དྲིལ་བསྒྲགས་བཙན་ཤུགས་ནས་བྱུང་བ་ཤིག་མིན་ནམ་དོག གནད་དོན་འདི་ཐད་ང་ཚོས་རྗེས་སོར་ཞིབ་མོར་དཔྱད་དགོས་པ་ཞིག་རེད།
བསམ་འཆར་གཉིས་པ།
བོད་པའི་ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུ་ཚོར་ཆུང་དུས་ནས་བོད་ཡིག་ལ་དོ་དབྱིངས་སླེབས་ཐུབ་པ་བཟོ་དགོས། དཔེར་ན། ཨ་རི་གནས་བཞུགས་བོད་རིགས་བཙན་བྱོལ་བ་ལྟ་བུར་མཚོན་ན། ཉུང་ཐར་ཁྱིམ་དུ་ཡོད་སྐབས་ཕ་མ་གཉིས་ནས་ཕྲུ་གུའི་མཉམ་བོད་སྐད་རྒྱག་དགོས་ལ། རབ་བྱུང་ན། བདུན་ཕྲག་རེར་ཐེངས་རེ་སྟེ་རེས་གཟའ་ཉིན་མའི་ཉིན་མོར་སོ་སོའི་ཕྲུ་གུར་ཀ་ཁ་ག་ ནས་དབུ་འཛུགས་ཀྱིས་བོད་ཡིག་སློབ་དགོས། དེ་ལྟར་བྱུང་ཚེ་ཕྲུ་གུའི་སེམས་ནང་ཆུང་དུས་ནས་བོད་ཡིག་སྦྱོང་རྒྱུའི་བག་ཆགས་ཤིག་འཇོག་ལ་གནས་སྐབས་ཕན་ཐོགས་དེ་ཙམ་མ་བྱུང་ནའང་། རྗེས་སོར་ཕྲུ་གུ་རྣམས་འཚར་ལོང་བྱུང་སྟེ་སླར་ཡང་བོད་ཀྱི་སྐད་ཡིག་སྦྱོང་ རྒྱུའི་དོ་དབྱིངས་དང་སྤོབས་པ་ཞིག་སྐྱེས་ཐུབ་ངེས་རེད།
བསམ་འཆར་གསུམ་པ།
བོད་ཀྱི་སྐད་ཡིག་སྦྱོང་རྒྱུ་དེ་ནི་སྤྱིར་བཏང་ཁྲལ་ཞིག་མ་ཡིན་པར་དངོས་ནས་དཔལ་འབྱོར་སོགས་ཀྱི་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཡོང་གི་ཡོད་པ་དེ་ཤེས་རྟོགས་ཐུབ་ དགོས། ཡོངས་གྲགས་ཀྱི་བསམ་ཚུལ་ལྟར་ན། བོད་ཡིག་སྦྱོང་ན་དཔལ་འབྱོར་གྱི་ཁེ་ཕན་ནམ་མི་ཚེའི་མདུན་ལམ་དང་འབྲེལ་བའི་ལས་ཀ་ཡག་པོ་ཞིག་རྩ་ནས་ཐོབ་ཀྱི་མེད་པར་དགོངས་ཀྱི་ཡོད། དེ་ནི་བདེན་པ་མིན་ལ། དཔེར་ན། བ༷ཙན་བྱོལ་གྱི་རྒྱལ་ས་རྡ་རམ་ས་ལ་ལྟ་བུར་མཚོན་ན། གལ་ཏེ་བོད་རིགས་གཞོན་སྐྱེས་ཞིག་གིས་དབྱིན་ཡིག་ཤེས་བཞིན་དུ་དེའི་སྟེང་བོད་ ཡིག་ཤེས་ན། བོད་གཞུང་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནང་ལས་ཀ་རེག་རྒྱུའི་གོ་སྐབས་བཟང་བ་ཡོད་ལ། དེ་བཞིན་ཞོར་དུ་ཕབ་སྒྱུར་སོགས་བྱས་ཏེ་དངུལ་སྣོན་མ་མང་པོ་བཟོ་རྒྱུའི་ཁེ་ཕན་ཡོད་པ་ནི་རང་ཉིད་སྒེར་གྱི་ཉམས་མྱོང་ནས་བརྗོད་ཐུབ་པ་ཞིག་ཡིན། དེ་ནི་འཇིག་རྟེན་དཀྱུས་མའི་ཁ་ཚ་དགོས་གཏུགས་ཀྱི་ཁེ་ཕན་ཐོགས་ནས་བརྗོད་པ་ཞིག་རེད།
བསམ་འཆར་བཞི་པ།
དེ་ནི་ཧ་ཅང་གི་གལ་ཆེ་ཞིག་རེད། བོད་ཀྱི་སྐད་ཡིག་ནི་བོད་ཀྱི་རིག་གཞུང་གི་བླ་སྲོག་ཡིན་ལ། བོད་ཀྱི་རིག་གཞུང་སྟེ། བོད་མི་རིགས་ཀྱི་སེམས་ཁམས་རིག་པའམ་བསམ་བློ་གཏོང་ཕྱོགས། གཤིས་ཀ གོམས་འདྲིས་སོགས་ངེས་དགོས་ན། བོད་ཀྱི་ལོ་རྒྱུས་དང་། ཆོས་ལུགས། གླུ་གར། སྙན་ངག་སོགས་ཤེས་དགོས་ཀྱི་ཡོད་ལ། དེ་དག་ཤེས་པར་བོད་ཡིག་ཐོག་བྲིས་པའི་དཔེ་དེབ་ཁག་ངེས་པར་དུ་ཀློག་དགོས་ཀྱི་ཡོད། དེ་ལྟར་བྱེད་པར་བོད་ཡིག་གི་ཆུ་༷༷ཚད་ཡག་པོ་ལོན་དགོས། ལྷག་པར་དུ་རྒྱལ་སྤྱིའི་ཁྲོད་རྩོམ་རིག་དང་གླུ་གར་སོགས་ཀྱི་ཐད་བཟི་བརྗིད་ཅིག་འཇོག་དགོས་ན་རྩོམ་པ་པོ་དང་གླུ་གར་བའི་རྩོམ་ཡིག་དང་གླུའི་ནང་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་ཀྱི་ཁྱད་ཆོས་དང་རྣམ་པ་དེ་ངེས་པར་དུ་མཚོན་ཐུབ་པ་བྱེད་ དགོས། དེ་ལྟར་བྱུང་ཚེ་གཞི་ནས་ང་ཚོར་འཛམ་གླིང་ནང་སྙན་གྲགས་ཡོད་པའི་ནོ་ཝེ་རྩོམ་རིག་ གཟེངས་རྟགས་དང་། གེ་རི་མི་གླུ་གཞས་གཟེངས་རྟགས། དེ་བཞིན་ཨོ་སོ་ཀར་གློག་བརྙན་གཟེངས་བསྟོད་སོགས་ཐོབ་སྲིད་པ་རེད། གཅིག་བྱས་ན་འདི་འཐད་འདྲ་གི་ཡོད་སྲིད། ཡིན་ནའང་ད་ལྟའི་ཆར་བ༷ཙན་བྱོལ་ནང་གི་ཕྱི་རྒྱལ་སྐད་ཡིག་ལམ་ནས་བསྐྲུན་བཞིན་པའི་རྒྱུ་རྩལ་བ་ཕལ་མོ་ཆེ་ཡང་ན་རྒྱ་གར་དང་དེ་མིན་དབྱིན་ཇིའི་བཙན་འཛུལ་ནས་མཐའ་གཅིག་ཏུ་བཙོན་གྲོལ་ཐོབ་མིན་འདུག་སྙམ། དེའི་རྒྱུ་མཚན་གཙོ་བོ་ནི་བོད་ཀྱི་སྐད་ཡིག་མཚོན་པས་བོད་ཀྱི་རིག་གནས་ལ་བྱང་ཆུབ་མེད་པའི་རྐྱེན་གྱིས་རེད་ཅེས་བརྗོད་ཆོག
བསམ་འཆར་ལྔ་པ།
དེ་གལ་ཆེ་ཤོས་སུ་འཛིན་ཆོག ད་ལྟའི་རྒྱ་ནག་གི་དཔལ་འབྱོར་གོང་འཕེལ་འགྲོ་བཞིན་པ་དང་བོད་རྒྱའི་འབྲེལ་མོལ་གྱི་གནས་བབ་ལ་དཔྱད་ན་ཕལ་ཆེར་ང་ཚོ་ཡུལ་གྱར་བ་བྱས་ཏེ་ད་དུང་ཡུན་རིང་གནས་རྒྱུ་རེད་བསམ། དེར་བརྟེན་བྱུང་འགྱུར་གྱི་བཙན་བྱོལ་བོད་རིགས་གཞོན་སྐྱེས་ཚོ་རང་གི་ས་སྐྱེས་རྡོ་རྐྱེས་ཀྱི་ཕ་ཡུལ་གངས་ཅན་བོད་ནས་ཆེས་རྒྱང་ཐག་རིང་དུ་སོང་བ་དང་། ཕྱི་རྒྱལ་གྱི་རིག་གཞུང་འདྲ་མིན་ནང་འབྲེལ་སིམ་ཐེབས་པ་འདིས་བོད་རིགས་བཙན་ བྱོལ་གཞོན་སྐྱེས་ཚོའི་སེམས་ནང་རང་ཉིད་ངོ་མི་འཕྲོད་པའི་སེམས་སྡུག་ (Identity Crisis) ཚབ་ཆེ་ཞིག་འཕྲད་རྒྱུ་ནི་ཐེ་ཚོམ་མེད། ཕྱི་རྒྱལ་ཨ་རི་སོགས་སུ་ཆུང་དུས་ནས་འཚར་ལོང་བྱུང་བའམ་སྐྱེས་པ་རྣམས་ད་ལྟའི་ཆར་དཀའ་སྡུག་འདི་ཤུགས་ཆེ་བར་འཕྲད་ཀྱི་ཡོད་པ་ནི་ཚང་མས་མཐོང་ཐུབ། གོང་གསལ་བོད་ཡིག་བལྟ་ཀློག་བདེ་རུ་གཏོང་རྒྱུའི་དབྱིན་ཡིག་ཐོག་ཕ་ཡུལ་དྲྭ་ རྒྱའི་ནང་སྤེལ་བའི་རྩོམ་ཡིག་འདི་ཡང་དཀའ་ངལ་འདིའི་མཚོན་རྟགས་ཤིག་རེད་སྙམ། གང་ལྟར་ཇི་སྲིད་བཙན་བྱོལ་དུ་གནས་རིང་ངོ་བོའི་དཀའ་ངལ་འདི་འཕྲད་ཐག་གཅོད་རེད། དཀའ་ངལ་འདི་སེལ་བར་བ༷ཙན་བྱོལ་དུ་སྡོད་རིང་ཐབས་ལམ་གཅིག་ལས་མེད། དེ་ནི་བོད་ཡིག་ཡག་པོ་ཞིག་སྦྱོང་སྟེ་བོད་ཀྱི་དམངས་ཁྲོད་རིག་གནས་སོགས་ལ་རོལ་བ་དང་། བོད་ཡིག་ཐོག་འབྲི་རྩོམ་བྱས་པའི་བོད་ཀྱི་ལོ་རྒྱུས་དཔེ་དེབ་ཀློག་རྒྱུ་་དེ་རེད། དེ་ལྟར་བྱས་༷ཚེ་ལུས་བཙན་བྱོལ་དུ་གནས་ཀྱང་སེམས་ག་དུས་ཡིན་ཡང་བོད་དུ་ཡོད་པ་ ཞིག་ཚོར་རྒྱུ་ཡིན་པས་ངོ་བོའི་དཀའ་སྡུག་དེ་སེལ་ཐུབ།
མཐའ་དོན། རང་རེ་བཙན་བྱོལ་དུ་གནས་པའི་རྒན་བྱི་གཞོན་སྐྱེས་ཚང་མས་བོད་ཡིག་སྦྱོང་རྒྱུ་ འདི་ཁྲལ་ཞིག་མིན་པར་ཁ་ཚ་དགོས་གཏུགས་ཀྱི་ཁེ་ཕན་དང་། བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་བའི་ཕུགས་རྒྱང་རིང་པོའི་དགེ་མཚན་ཡོད་པ་ ཤེས་རྟོགས་ཐུབ་པ་བྱེད་དགོས། དེ་ལྟར་ངེས་པ་རྙེད་པ་ཞིག་བྱུང་ན་ད་གཟོད་བོད་ཀྱི་སྐད་ཡིག་འདི་བཞིན་ཉམས་པ་སླར་གསོ་ཡོང་བ་དང་བོད་མི་རིགས་ཀྱི་རང་དབང་རང་བཙན་གྱི་ཉིན་མོ་དེ་ཡང་གོམ་སྟབས་འགའ་རེ་ཐག་ཉེ་བར་འགྲོ་རྒྱུ་ཡིན་པར་ཐེ་ཚོམ་མེད། དེར་བརྟེན་རང་རེ་བཙན་བྱོལ་དུ་ཡོད་པའི་གཞོན་སྐྱེས་ཡོངས་ནས་ཕྱིའི་སྐད་རིགས་སྦྱོང་བཞིན་དུ་བོད་ཀྱི་སྐད་ཡིག་ལའང་དེ་མཚུངས་དོ་སྣང་ཡོང་བའི་སྨོན་འདུན་ཞུ།།
བཙན་བྱོལ་ནང་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཤིག་གིས་བོད་ཡིག་འདི་འདྲ་འབྲི་ཐུབ་ན་ཧ་ཅང་ཡག་པོ་རེད་ཞ་། ཚང་མས་མིག་དཔེ་བལྟ་ཡ་རེད་ཞ།
བསྟན་འཛིན་ཉིན་བྱེད་ལ་ཐུགས་རྗེ་ཆེ།
བསྟན་འཛིན་ཉིན་བྱེད་ལགས། ཁྱེད་རང་བོད་ཀྱི་དཔེ་མཛོད་ཁང་དང་ལྡི་ལི་སོགས་ལ་ཉམས་ཞིབ་ཏུ་ཕེབས་དུས་མཇལ་མྱོང་ལ་ཨ་རག་འཐུང་ཞོར་གནད་དོན་འདི་ཚོར་བགྲོ་གླེང་ཡང་བྱེད་མྱོང་། ད་ཐེངས་ཁྱེད་རང་གི་བསམ་ཚུལ་འདི་དག་དངོས་གནས་བཅོས་མ་མ་ཡིན་པ་དང་གསལ་པོ་གསུངས་ཐུབ་འདུག དེར་བརྟེན་ཐུགས་རྗེ་ཆེ་ཞུ། ཕྲན་གྱི་ཨི་མལ་ཁ་བྱང་སྐུ་ཉིད་ལ་ཡོད་མུས་ཡིན་སྟབས་མུ་མཐུད་འབྲེལ་བ་གནང་རོགས། ངའི་ཉམས་ཞིབ་ཀྱི་ལས་ཀ་དེ་ཚར་གྲབས་ཡོད། གཅིག་བྱས་ན་སྔར་ལྟར་ཨ་རི་ཝ་ཡོ་མིང་གཙུག་ལག་སློབ་གཉེར་ཁང་དུ་འཁྱུག་ཙམ་ཡོང་གི་ཡིན། དེ་གར་སློབ་སྦྱོང་བྱེད་བཞིན་པའི་བསྟན་འཛིན་ཡེ་ཤེས་སོགས་བོད་ཕྲུག་རྣམས་ལ་འཚམས་འདྲི་གནང་རོགས།
ཁང་གསར་རྡོ་རྗེས་བྲེལ་སྟབས་སུ་ཕུལ།
ཁང་གསར་ལགས།
ཁྱེད་གུས་པའི་གྲོགས་བོད་ཀྱི་གཞོན་ནུ་ལྷན་༷ཚོགས་ཀྱི་ཚོགས་གཞོན་ཨེ་ཡིན།
ངས་ ༢༠༠༧ ལོར་སྐུ་ཉིད་ལ་བཙན་བྱོལ་གྱི་འཛིན་སྐྱོང་བཀའ་ཤག་སྐོར་དང་གཞུང་ཞབས་ལས་བྱེད་སྐོར་ཞིག་བཅར་འདྲི་བྱེད་རྒྱུ་བྱུང་། དེ་དུས་ཁྱེད་རང་དཔེ་མཛོད་ཁང་གི་རྩོམ་སྒྲིག་པ་རེད་ལ། དྲིལ་བསྒྲགས་ལས་ཁུངས་ནས་ཕྱིར་བུད་པའི་རྗེས་ཙམ་ཡིན་ས་ཡོད།
གང་ལྟར་སྐབས་དེ་དུས་ངས་ཁྱེད་རང་དབྱིན་ཡིག་གི་རྩོམ་སྒྲིག་པ་ཞིག་ལས་བོད་ཡིག་ཐོག་འདི་ལྟ་བུའི་ཤ་ཞེན་དང་འབྲི་རྩལ་བཟང་བོ་ཡོད་པ་ཤེས་མེད། དེ་རིང་ཁྱེད་ཀྱི་མིང་དེ་མཐོང་བ་དང་རང་བཞིན་གྱིས་རྩོམ་ཡིག་དེ་ཀློག་རྒྱུའི་འདུན་པ་ཤུགས་ཆེར་སླེབས་སོང་། དེར་བརྟེན་གཅིག་གཅིག་གཉིས་གཉིས་བྱས་ནས་ཀློག་པ་ཡིན། ཡིག་ནོར་དང་བརྗོད་མི་བདེ་བ་རེ་ཟུང་འདུག་ནའང་། ངས་དེ་སྔོན་ཚོད་དཔག་བྱས་པ་ལས་རྦད་དེ་བརྒལ་འདུག་པས་དགའ་སྤྲོ་ཚད་མེད་བྱུང་། ང་གཞིས་ནས་སྐྱེས་ཤིང་བྱེས་སུ་འབྱོར་བའི་མི་ཞིག་ཡིན་ལ། འདས་པའི་ལོ་འགའི་ཉམས་མྱོང་ལྟར་བྱས་ན་བྱེས་སྐྱེས་ན་གཞོན་ཁྲོད་འདབས་གཤོག་གཉིས་ལྡན་མེད་པ་ཡིན་ནའང་། དཀོན་པོར་ཆགས་འདུག་པས་ཁྱེད་ལ་སེམས་སྟེང་ནས་སྨོན་བྱུང་། ཐུགས་རྗེ་ཆེ་ཟེར་བ་ཡིན།
ཨ་རིག་ལགས། དཔེ་མཛོད་ཁང་དུ་ངེད་གཉིས་བཀའ་མོལ་བྱུང་བ་དེ་དྲན་ཡག་པོ་གསོས་ཀྱི་འདུག ཁྱེད་ཀྱིས་གུས་པའི་རྩོམ་འདིར་འདེང་འཇོག་འདི་འདྲ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གུས་པས་མུ་མཐུད་འབད་བརྩོན་བྱས་ཏེ་རྩོམ་གྱི་བརྗོད་བྱ་དང་བརྗོད་བྱེད་གཉིས་ཀའི་ཆུ་ཚད་ཡག་ཏུ་གཏོང་རྒྱུ་ཡིན།
ཁྱེད་ཀྱིས་དུས་བབ་ནང་བཏབ་བཞིན་པའི་ཟིན་བྲིས་ངས་སྐབས་རེ་ཀློག་གི་ཡོད། སྙན་པོ་ཞེ་དྲག་འབྲི་གནང་གི་འདུག མུ་མཐུད་རྒྱུན་འཁྱོངས་གནང་རོགས།
གོང་དུ་ཟླ་བ་ལགས་ནས། ༼བཙན་བྱོལ་ནང་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཤིག་གིས་བོད་ཡིག་འདི་འདྲ་འབྲི་ཐུབ་ན་ཧ་ཅང་ཡག་པོ་རེད་ཞུ་།༽ ཞེས་བཀོད་འདུག་པར་བལྟས་ན། བཙན་བྱོལ་ནང་སྐྱེས་པའི་གཞོན་སྐྱེས་ཚོའི་བོད་ཡིག་རང་བཞིན་གྱི་ཞན་པ་ཡོད་ལྟར་སྣང། དེ་ལྟར་སྤྱི་ཡོངས་ཕྱོགས་བསྡོམ་རྒྱབ་ན་ཅུང་ཐལ་ཆེ་བསམ། སྤྱིར་བོད་ནས་ཕེབས་མཁན་མང་ཆེ་བའི་བོད་ཡིག་གི་གནས་ཚད་ལེགས་པར་མངོན་ཡང། བོད་ནས་ཕེབས་པ་ཚང་མའི་བོད་ཡིག་གི་གནས་ཚད་ལེགས་ཞེས་བརྗོད་ན་ག་ལ་འགྲིག
གྲོགས་ཉིན་བྱེད་ལགས་ནས་རྩོམ་ལེགས་པོ་ཞིག་བྲིས་འདུག་པར་དགའ་བསུ་ཞུ། ཁོང་གི་བསམ་འཆར་གཉིས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་དུས་རྟག་ཏུ་ཕ་མའི་བོད་སྐད་ར་མ་ལུག་་དཔེར་ན། ང་བོ་ནི་(ཡང)འགྲོ་གི་ཡིན། ཅ་ལག་པུ་རའ་(ཚང་མ)འཁྱེར་ཤོག ཁོང་ཇོག་ཚ་པོ་(དགོད་དྲོ་པོ)འདུག དང་། ཁོང་ཚོ་རུམ་(ནང་)ལ་ཕྱིན་སོང། ལ་སོགས་བརྒྱབ་ན། ཕྲུ་གུ་ཚོས་ཀྱང་དེ་བཞིན་བྱེད་ཀྱི་ཡིན་པ་སྨྲོས་ཅི་དགོས། དེར་རྟེན་ཕ་མར་ལས་འགན་ཤིན་ཏུ་ཆེན་པོ་ཡོད་པས་ཟབ་དགོས།
ཨ་རོ། གྲོགས་ཉིན་བྱེད་འདི་གར་ཡོད་ན་ཆང་ཕོར་བ་གང་བླུག་བསམ། འོན་ཀྱང་ཁོང་རྒྱ་མཚོའི་ཕ་མཐར་སོང་བས་ཐབས་མ་འཆིས། མུ་མཐུད་ནས་བོད་ཡིག་ནང་འབྲི་རྩོམ་གང་མང་གནང་རོགས།
གྲོགས་ཉིད་བྱེད་ནུབ་ལ་འཕུར་ནས་ལོ་གཅིག་འཁོར་ཡོད་ཚོད། ཡིན་ཡང་ཁོང་གི་སེམས་དང་བསམ་པ་བོད་ལ་ཕྱོགས་ཡོད་པ་ང་ལ་ཡིད་ཆེ་ཡོད་ལ། དེ་རིང་ཁྱེད་ཀྱི་ཕ་ས་གཉིས་པ་སྟེ་་རྒྱ་གར་རྡ་སར་གངས་བརྒྱབ་འདུག་ལ།
ངས་གངས་ཁྲོད་ནས་ཁྱེད་ཀྱི་རྩོམ་ཡིན་ཀློག་ཞོར་ཡིད་ལ་ཕ་ཡུལ་གྱི་གཞས་ཚིག་ཞིག་དྲན་པ་ནི་འདི་ལྟ་སྟེ༌༌༌གངས་དཀར་པོས་སྐོར་འབབས་བྱས་ན། ངའི་སེམས་ལ་སྐོར་ལོག་དྲན་གི༌༌༌༌ཨོ་རེད༌༌ ད་ནིང་ཞོགས་པར་ཁར་པར་ནས་སྐད་ཆ་བྱུང་སོང་བར་བརྟེན་མང་པོ་མི་ཞུ། ཁྱད་པར་དུ་བོད་པས་བོད་པར་བོད་ཡིག་སྦྱོངས་དགོས་སྐོར་བརྗོད་དགོས་པ་འདི་ཐབས་སྐྱོ་བ་ཡིན་པ་གང་ཞིག་ལ། སྦྱོང་དགོས་པ་རེད་ཟེར་མཁན་ཚོར་ཡང་ང་ལ་མཚོན་ན་ཐུགས་རྗེ་ཆེ་ཞུ་མི་ཐུབ། ངས་དེ་ནི་ཡིན་ཤག་གི་ལས་དོན་ཞིག་རེད་བསམ་བསྡད་ཡོད།།
བོད་ཡིག་གོ་བདེར་འབྲི་བའི་བསམ་ཚུལ་འདི་ཡག་པོ་རེད། ཚིག་རེ་རེའི་བར་བར་སྟོང་འཇོག་རྒྱུ་དེ་ནི་རྩོད་གཞི་ཅན་ཞིག་རེད། ཡིན་ནའང་། རྩོད་པ་བྱས་འདུག་པ་ལས་ཚོད་ལྟ་བྱས་ན་མི་ཆོག་གམ། ལྷ་བཟང་ཚེ་རིང་ལགས་ཀྱི་དགོངས་ཚུལ་ལྟར། སྔོན་མ་དམངས་གཙོ་ཚགས་པར་ནང་། ལེ་ཚན་གཅིག་ནང་དེ་ལྟར་ཚོད་ལྟ་བྱས་པ་རེད། གོ་བདེ་བོ་དང་ཀློག་བདེ་བོ་འདུག་ཟེར་མཁན་སྐོར་ཞིག་བྱུང་། ཡང་དེ་ལ་ངོ་རྒོལ་བྱེད་མཁན་ཡང་བྱུང་བ་རེད། ད་ལག་ལེན་དངོས་སུ་བསྟར་དགོས་ན་ཅུང་ཁག་པོ་མ་རེད་དམ།
ཚིག་ཚང་མར་བར་སྟོང་འཇོག་མ་ཐུབ་ཀྱང་། ཚིག་གི་གཅོད་མཚམས་དང་ཀློག་སྟངས་ལ་བསྟུན་ནས་བར་སྟོང་དགོས་ངེས་ལ་བར་སྟོང་བཞག་ནའང་ཆོག་པ་རེད། དེ་ནས་ཚིག་གྲུབ་གཅོད་མཚམས་ཐུང་ངུར་བྱེད་པ། ཕྲད་བཀོལ་སྟངས། ཚིག་བཀོལ་སྟངས་སོགས་ཕྱོགས་མང་པོ་ཞིག་ནས་གོ་བདེ་བཟོ་ཐབས་ཡོད་པར་འདོད།
ང་ཚོའི་འདིར་བསྒྱུར་བཅོས་སྐོར་ཤིག་ལབ་དུས། ཚང་མའི་སེམས་ལ་རིག་གནས་གསར་བརྗེ་དྲན་ཡོང་གི་ཡོད་པ་འདྲ། ངོ་རྒོལ་ཞིག་མ་གཏོགས་ཡོད་པ་མ་རེད། དངོས་གནས་བྱས་ན་ཁ་སྐད་དང་ཡིག་སྐད་ཀྱི་སྟོང་ཆ་བསྐང་རྒྱུ་དེ་ལས་སླ་པོ་རེད། དེ་འདྲ་བྱས་ནས་ལས་སླ་རུ་སླ་རུ་བཏང་ན། སྔོན་མའི་ཆོས་དཔེ་དང་། བསྟན་བཅོས་དེ་ཚོ་རྗེས་རབས་པས་ཀློག་ཐུབ་གི་མ་རེད་སྙམ་པའི་སེམས་ཁྲལ་དེ་ཤེས་རིག་བཀའ་བློན་གྱིས་མཚོན་པའི་མང་པོ་ཞིག་ལ་ཡོད་པ་འདྲ། དེ་འདྲའི་སྐད་ཆ་བཤད་ན་གད་མོ་ཤོར་འདུག་པ་ལས་གཞན་ཅང་བཤད་རྒྱུ་མེད།
བསྒྱུར་བཅོས་བྱེད་དགོས་པ་མང་པོ་ཞིག་བཤད་བསྡད་ཡོད་པ་འདི་བོད་ཡིག་ལ་དགའ་སྣང་སླེབས་ཐབས་བཤད་གི་ཡོད་པ་དེ་ཤེས་གི་མེད་པ་འདྲ། དགའ་སྣང་སླེབས་པའི་རྗེས་ལ་འབྲི་ཀློག་འདོན་གསུམ་ཚང་མར་ཡར་རྒྱས་ཟེར་བ་ཞིག་འབྱུང་རྒྱུ་ཡོད་པ་དེའང་ཤེས་གི་མེད་པ་འདྲ། ཆོས་དཔེ་དེ་ཚོའང་བོད་ཀྱི་སྐད་ཡིག་གཞིར་བཟུང་ནས་བྲིས་པ་ཞིག་མ་གཏོགས་གཞན་ཡིན་རྒྱུ་མ་རེད། དེས་ནས་དང་པོ་བོད་ཡིག་ལ་དགའ་སྣང་སླེབས་ཐབས་དང་། སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་བཏིང་ཐུབ་པ་ཡིན་ན་ཆོས་རིག་ལོ་རྒྱུས་ག་རེ་ཡིན་ནའང་རང་ཉིད་ལ་ཀློག་པའི་ནུས་པ་ཡོད་པ་རེད།
ཧང་གྷ་་རིའི་་མཐོ་སློབ་་བོད་དགེ་་རབ་འབྱམས་པ་་ཀརྨ་་རྡོ་རྗེས། བོད་ཡིག་་འབྲི་སྟངས་་རེ་སྐུལ།
བོད་ཡིག་ཀློག་བདེ་བའི་ཆེད་དུ་འགྱུར་བ་གཏོང་དགོས་པ་ནི་ཞེ་དྲགས་གལ་ཆེན་པོ་རེད།
འོན་ཀྱང་གཏོང་སྟངས་ལ་བསམས་གཞིགས་མང་པོ་བྱས་མཐར་འབྲི་སྟངས་གསུམ་གར་བེད་སྤྱོད་བྱས་ན་དགེ་མཚན་ཡོད་བགྱིད་རེད་སྙམ། དང་བོ་ནི་འབྲི་སྟངས་རྙིང་འདི་དང་། བོད་ཡིག་་འབྲི་སྟངས་་གཉིས་པ་་ནི། ཚིག་གཉིས་་བར་ལ་་ཚེག་གཉིས་རེ་་བྲིས་ན་་དགག་བྱ་ལས་་་དགོས་པ་་ཆེ་བ་་ཡོད་རེད། འབྲི་སྟངས་ གསུམ་པ་ ནི་། ཚིག་གཉིས་ བར་ལ་ སྟོང་ཆ་རེ་ འཇོག་རྒྱུ་དེ་ རེད། འདི་ལ་དགོས་པ་ ཡོད་ཀྱང་ དགག་བྱ་ ཅུང་ཟད་ ཡོད་རེད།
ཚིག་གཉིས་་བར་ལ་་ཚེག་གཉིས་་འབྲི་སྟངས་་དར་གྱུར་་ཅིག །
Dear Bhuchang D Sonam La,
what’s the email address for submission of articles to http://www.tibetwrites.org.
The link you gave on the website is no working.
Sorry for putting this in English, I don’t have Tibetan font with my computer
གྲོགས་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་། སོ་སོའི་འཚོ་བ་དངོས་ཀྱི་ཉམས་མྱོང་དང་བརྒྱུད་རིམ་འགའ་ཞིག་གཞི་ལ་བཞག་ནས། བསམ་ཚུལ་སྲོང་བོར་བརྗོད་པ་ལ་དགའ་བསུ་ཞུ། ཁྱེད་ཀྱི་རྩོམ་འབྲིའི་སྙིང་སྟོབས་དགུང་ལ་བསྟོད།
ད་དུང་། བུ་ཆུང་ལྡུམ་ར་བསོད་ནམས་ཀྱིས་། ཁ་ཚ་དགོས་གཏུགས་ཀྱི་འགན་འཁྲིའི་སྐད་ཆ་འགའ་བཤད་པར་ཡང་དགའ་ནས་ཡོད།
མུ་མཐུད་དུ། ཞུམ་པ་མེད་པར་བསྐྱོད་ཅིག
བསྟན་འཛིན་ཉིན་བྱེད་དང་མདའ་ཚན་པ་གཉིས་ལགས་སུ།
བོད་ཡིག་གོ་བདེར་འབྲི་བའི་བསམ་ཚུལ་ཟེར་བ་ལ། རང་ཉིད་ནས་བསམ་འཆར་འགའ་བཤད་འདོད་སྐྱེས།
གཅིག། རྣམ་པ་གཉིས་ནས་བཤད་བཤད་པའི་འབབ་ས་བཙན་བྱོལ་ནང་གི་གཞོན་སྐྱེས་དག་ལ་བོད་ཡིག་ལ་དབྱངས་འདྲེན་པའི་ཆེད་དུ་ཡིན་པ་འདྲ། བོད་ཡིག་ལ་དབྱངས་ཙམ་འདྲེན་པའི་ཆེད་དུ་བོད་སྔ་རབས་ཀྱི་ལུགས་དང་ལམ་སྲོལ་ཡོངས་སུ་དོར་ནས་གཞན་ཞིག་ཏུ་རིག་གནས་གསར་བརྗེ་འདྲ་བ་ཞིག་ལ་བསྒྱུར་དགོས་ན། འདི་ནི་ཧ་ཅང་ཐབས་སྐྱོ་བོའི་སྐད་ཆ་རེད་སྙམ། བོད་ནང་ནས་གོ་ན་གཞིས་ལུས་སྤུན་ཟླ་བོད་སྐད་ཡིག་ལ་དུངས་ཤ་ཅན་ཚོར་སེམས་ཤུགས་ཉམས་རྒྱུ་ཡིན་པ་རེད། རྒྱུ་མཚན་ནི། བོད་སྐད་ཡིག་འདི་ཉིད་སྔར་དང་མཐུན་པར་བདེ་སྲུང་ཡོངས་ཐབས་སུ་སྔ་ཕྱི་བར་གསུམ་དུ་པཎ་ཆེན་རིན་པོ་ཆེ་སོགས་ཀྱིས་རང་གི་གཅེས་པའི་སྲོལ་ལ་མ་འཛེམ་པར་རྒྱ་ནག་གི་ཁྲིམས་འོག་ནས་ཤུགས་བརྒྱབ་པ་རེད། རྣམ་པ་གཉིས་ཀྱི་དགོངས་ཚུལ་ལྟར་ན་གོང་གི་གནད་དོན་འདི་ཚོ་ཕར་ཆེར་མི་རིགས་ཀྱི་བྱས་རྗེས་ལ་འཇོག་དཀའ་བར་སྙམ། ཧ་ཅང་བློ་ཕམ་བྱུང༌།
གཉིས། རྣམ་པ་གཉིས་ཀྱི་དགོངས་ཚུལ་བཞིན་བོད་ཡིག་འདི་ལ་གསར་བརྗེ་བྱེད་དགོས་ན། ངོ་རྒོལ་བྱེད་མཁན་མང་པོ་འབྱུང་རྒྱུ་ཡིན་པ་ང་ཚོས་སྔོན་དཔག་བྱེད་ཐུབ་པ་ཞིག་རེད། གལ་སྲིད་ངོ་རྒོལ་བྱེད་མཁན་དག་ཡིག་རྨོངས་བ་དང་རྒན་འཁོགས་དང་བྱིས་པ་ཚོ་ཡིན་ན་རྣམ་པ་གཉིས་འགྲིག་པའི་རྟགས་རེད་མོལ། ཡིན་ནའང༌། འདི་ནི་ད་ལྟ་ང་ཚོས་ཁ་ཚོན་གཅོད་དཀའ་བ་ཅན་གྱི་གནད་དོན་ཚབས་ཆེན་ཞིག་རེད། ༧གོང་ས་མཆོག་གཙོས་བའི་བོད་ཕྱི་ནང་གི་མི་རིགས་རང་ལུགས་ཅན་དང་བོད་མི་རིགས་སྐད་ཡིག་ལ་ཤ་ཞེན་ཡོད་མཁན། ལ་རྒྱ་ཡོད་མཁན་ཚང་མས་ད་ལྟ་བོད་ཀྱི་ཡིག་རྒྱུན་འདི་ཉིད་གྲ་མ་ཉམས་གྲུ་ཆགས་པ་ཞིག་བསམ་གྱིན་ཡོད་པ་ལས་གང་ཡོད་པ་འདི་ལ་གསར་བརྗེ་དང་འགས་གཏོར་གཏན་ནས་བྱེད་འདོད་པ་མ་རེད།
རྣམ་པ་གཉིས་ཀྱི་ལངས་ཕྱོགས་གསར་བའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ། ཐུགས་རྗེ་ཆེ།
གཞན། རྒན་རབས་པ་མདའ་ཚན་པ་མཆོག་ནས་མཆན་བུའི་ནང་དུ་དངོས་གནས་བྱས་ན་ཁ་སྐད་དང་ཡིག་སྐད་ཀྱི་སྟོང་ཆ་བསྐང་རྒྱུ་དེ་ལས་སླ་པོ་རེད་ཟེར་ནས་བྲིས་བཞག་འདུག ཚན་པ་ཐུང་ཐུང་འདི་བསྡོམས་ཆེན་པ་རེད། དོན་ཐོག་ལ་འབབ་དཀའ་བའི་དོན་ཆེན་པོ་ཞིག་གི་སྤྱི་སྣང་ཟེར་ཡང་མི་ཆོག་པ་མི་འདུག་པར་སྙམ།
དེ་བས། སྐུ་ཞབས་མདའ་ཚན་པ་ལགས་ནས་ཁ་སྐད་དང་ཡིག་སྐད་བར་གྱི་སྟོང་ཆ་བསྐང་སླ་བའི་སྐོར་ནས་རིག་པ་དང་ལྡན་ཞིང་ལག་ལེན་ལ་འཁེལ་ཐུབ་པའི་བསམ་འཆར་རྒྱ་ཆེར་འདོན་རོགས་ཞུ་ཞུ།
དགྲ་སྟ་ལགས།
གུས་པའི་བསམ་ཚུལ་རྐྱེན་པས་ཁྱེད་ལ་བློ་ཕམ་བྱུང་འདུག་པས་དགོངས་དག་ཞུ། འོན་ཀྱང་ཀུན་སློང་འདི་འདྲ་ཞིག་རྩ་ནས་ཟིན་མེད། ཕལ་ཆེར་ངེད་གཉིས་དབར་སྐད་ཆ་གོ་ནོར་ཐེབས་ཡོད་པ་འདྲ། ཚིག་བར་སྟོང་འཇོག་སྟེ་བོད་ཡིག་ཀློག་པ་དེས་གལ་སྲིད་བཙན་བྱོལ་གཞོན་སྐྱེས་ཚོར་ཕན་ཐོགས་ཀྱི་ཡོད་ན་སྐྱོན་དེ་ཙམ་མིན་འདུག་བསམ་བྱུང་། འོན་ཀྱང་ངས་ད་ལྟའི་བོད་ཀྱི་ལམ་སྲོལ་ལ་གཞུང་འབྲེལ་ཁྲིམས་ཡིག་གི་ལམ་ནས་འགྱུར་བ་དེ་འདྲ་གཏོང་དགོས་རེད་ཅེས་བསམ་གྱི་མེད། སྤྱིར་བཏང་ང་རང་སྒེར་ལ་མཚོན་ན་བར་སྟོང་འཇོག་སྟེ་བོད་ཡིག་འབྲི་ཀློག་བྱེད་དགོས་དོན་ཁྱོན་ནས་མེད། ད་ལྟའི་ལམ་སྲོལ་འདི་ལས་སླ་པོ་ཞིག་འདུག ཡིན་ནའང་བཙན་བྱོལ་ཁྲོད་ན་གཞོན་སྒེར་སོ་སོར་བར་སྟོང་འཇོག་སྟེ་བོད་ཡིག་ཀློག་བདེ་བ་ཡོང་གི་ཡོད་པ་ཚོ་ལའང་རྒྱབ་སྐྱོར་ཞུས་པ་ཞིག་ཡིན། དེ་ཡོངས་གྲགས་སུ་གཞུང་འབྲེལ་ཁྲིམས་ལུགས་གཏན་འབེབས་ཀྱི་ལམ་ནས་དེ་འདྲ་བཟོ་དགོས་རེད་ཅེས་བརྗོད་ཀྱི་མེད་ལ། བོད་རང་དབང་རང་བཙན་མ་འཐོབ་པར་དེ་འདྲ་བཟོ་ཐུབ་ཐབས་ཤིག་ཀྱང་ཡོད་པ་མ་རེད། སྐུ་ཉིད་ནས་འདིའི་ཐད་སྲོང་པོར་དགོངས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀྲིས་བདེ་ལེགས།
རྩོམ་པ་པོ་བསྟན་འཛིན་ཉིན་བྱེད་ལགས་ནས་ལན་གནང་བར་ཐུགས་རྗེ་ཆེ།
ཕྲན་སྒེར་ངོས་ནས་བཤད་ན་དྲ་ངོས་འདིར་ཡོང་ནས་མི་རིགས་དང་བོད་སྐད་ཡིག་གི་ལས་དབང་གླེང་འདོད་མཁན་ཞིག་ཡིན། ཡིན་ནའང༌། མང་པོ་ཤེས་མཁན་དེ་འདྲ་གང་ཡང་མིན། དྲ་གྲོགས་ཕན་ཚུན་ལ་བསམ་ཚུལ་བརྗེ་རེས་བྱེད་རྒྱུར་ཤིན་ཏུ་དགའ། མཚམས་ལན་རེ་དྲ་གྲོགས་ཕན་ཚུན་དགོངས་པ་མ་གཏོགས་པ་དང་བསམ་ཚུལ་མ་མཐུན་པ་ནི་ཡོང་སྲིད་པ་ཞིག་རེད། དེ་ལ་དགོངས་དག་ཞུ་དགོས་པ་མ་རེད་སྙམ།
གཞན། སྐུ་ཉིད་ནས་རང་གི་དགའ་ཕྱོགས་དང་བསམ་ཕྱོགས་ལ་གཟས་ནས་སྐད་ཆ་འདི་ལྟར་བཤད་པར་ཉེས་པ་ཅང་མ་ཡོད་ཀྱང༌། གལ་སྲིད་ང་ཚོས་རྒྱ་ཆེ་ས་དང་ཕྱོགས་མང་སར་བསམ་བློ་མ་བཏང་བར་རང་ཉིད་སྒེར་བའི་བསམ་བློ་ཤུགས་ཆེན་དུ་བཟུང་ནས་གླེང་བ་ཡིན་ན། འདི་ནི་དེ་ཙམ་གནས་ལུགས་དང་འབྱོར་ཡོད་མེད་དང་གནད་དོན་ཞིག་ཐག་ཆོད་མིན་བརྟགས་དགོས་པར་འདོད།
སྐུ་ཉིད་ཀྱིས་བསམ་ན་བོད་ཡིག་གི་ཡི་གེའི་བར་བར་སྟོང་བཞག་ན་ཀློག་བདེ་ཤེས་སླར་གྲུབ་ཀྱང༌། ཡང་གཞན་ཞིག་གིས་བསམ་ཚུལ་གཞན་ཞིག་བཏོན། སྐད་བརྒྱབ། དེ་ལ་ཡང་ཁ་བདེ་བོ་ཁག་ཅིག་གིས་རྒྱབ་ལངས་འདྲ་བྱས་ན། ནམ་ཞིག་བོད་སྐད་ཡིག་འདི་ཉིད་དུམ་པ་དང་ཕྱོགས་ཚན་ཅན་ཁག་བརྒྱ་ལ་བགོས་བཞག་ཀྱང་ཕན་རྒྱུ་མ་རེད་འདོད། རང་ཉིད་ཀྱི་སྒེར་གྱི་བསམ་ཚུལ་ཙམ་ཡིན།
བཙན་བྱོལ་དུ་ཡོད་པའི་བོད་རིགས་ན་གཞོན་རྣམས་བོད་ཡིག་སྦྱངས་བདེ་བ་ཡོང་ཆེད་བོད་ཡིག་སློབ་པའི་སྐབས་སུ་བར་སྟོང་འཕྲལ་ནས་སྦྱངས་ཀྱང་མི་འགྲིག་པ་གང་ཡང་མི་འདུག དམིགས་ཡུལ་ནི་བོད་ཡིག་ཡག་པོ་ཞིག་བཀོལ་སྤྱོད་ཐུབ་པ་བྱེད་རྒྱུ་འདི་རེད་ལ། ནམ་ཞིག་བོད་ཡིག་ཆུ་ཚད་གང་མཚམས་ཞིག་སླེབས་པའི་སྐབས་སུ་བར་སྟོང་མ་བཞག་ཀྱང་ཀློག་ཐུབ་པར་སོམ་རྙི་བྱེད་དགོས་དོན་ཡོ་མ་རེད། ཁོ་བོས་འདི་རུ་གླེང་འདོད་པ་ནི་སྐད་གསར་བཅད་ཀྱི་སྐོར་མ་ཡིན། སེམས་པ་འགུལ་བའམ་དགའ་སྤྲོ་སྐྱེས་པའི་དབང་གིས་སྐད་ཆ་འགའ་ཞིག་བརྗོད་འདོད་སྐྱེས་སོང་། ང་རང་གི་ངོས་ནས་བཤད་ན་བོད་ཡིག་དང་རྒྱ་ཡིག་གི་སྒོ་ནས་རྩོམ་ཡིག་འབྲི་ཐུབ་ཙམ་དང་། དབྱིན་ཡིག་གི་ཐོག་ནས་བལྟ་ཀློག་བྱེད་ཐུབ་ཙམ་གྱི་མི་ཞིག་ཡིན། ནམ་རྒྱུན་རྒྱ་ཡིག་དང་དབྱིན་ཡིག་སོགས་ལས་གནས་ཚུལ་མང་པོ་ཧ་གོ་བ་དང་། གནས་ཚུལ་དེ་དག་རང་མི་རིགས་ཀྱི་ཡི་གེའི་ལམ་ནས་ངོ་སྤྲོད་བྱེད་པ་དང་། རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བ་དང་མི་གཤིས་དེ་དག་རང་མི་རིགས་ཀྱི་ཡི་གེའི་ལམ་དུ་འབེབ་ཚེ་སེམས་སུ་ང་རྒྱལ་དང་སྤོབས་པ། དེ་བཞིན་བརྗོད་དུ་མེད་པའི་སྤྲོ་སྣང་དང་མི་རུ་སྐྱེས་པའི་རིན་ཐང་ཞིག་ཏུ་ཚོར་གྱི་འདུག རྒྱུ་མཚན་དེ་དག་གིས་བསྟན་འཛིན་ཉིན་བྱེད་ལྟ་བུ་གཙོ་བོ་དབྱིན་ཡིག་སློབ་སྦྱོང་གནང་བའི་མི་ཞིག་གིས་སླར་ཡང་རང་མི་རིགས་ཀྱི་རྩ་བ་འཚོལ་བ་དང་། རང་མི་རིགས་ཀྱི་ཡི་གེ་སྦྱངས་ནས་རང་ཉིད་ཀྱི་རིན་ཐང་འཚོལ་ཐབས་བྱེད་པ་འདི་དག་མཐོང་དུས་སེམས་སུ་སྤྲོ་བ་འཕེལ་གྱི་འདུག བོད་ལ་ཡང་དཔེ་མཚོན་ཙམ་བཞག་ན། ལུག་རིན་པོ་ཆེ་ཟེར་བ་ཞིག་ཡོ་རེད། ཁོང་རང་སློབ་འབྲིང་ནས་རྒྱ་ནག་ཏུ་སློབ་སྦྱོང་བྱས་པ་དང་བོད་ཡིག་སློབ་རྒྱུའི་གོ་སྐབས་ཡག་པོ་ཞིག་མ་ཐོབ་པ་རེད། འོན་ཀྱང་ཁོང་གིས་ཁོར་ཡུག་ངན་པའི་ནང་དུ་མགོ་སྒུར་མེད་ལ། རང་སྦྱོང་ནས་འགོ་བཙུགས་ཏེ་བོད་ཡིག་གི་ལམ་ནས་རྩོམ་ཡིག་བྲི་ཤེས་པ་ཞིག་སྦྱངས་འདུག ན་གཞོན་དེ་དག་ལ་རྗེས་སུ་ཡི་རང་ཡོད། བསྟན་འཛིན་ཉིན་བྱེད་དང་ལུག་རིན་པོ་ཆེ་ཁྱེད་ཚོ་ལ་ཐུན་མོང་གི་ཁྱད་ཆོས་ཞིག་ཡོད་པ་ནི། མི་རིགས་གཞན་ཞིག་གི་སྐད་ཡིག་ལམ་དུ་ཡུན་རིང་པོར་བསྐྱོད་རྗེས་ནམ་ཞིག་རང་ཉིད་ཀྱི་རྩ་བ་འཚོལ་འདོད་སྐྱེས་པ་དང་། སླར་ཡང་མེས་པོ་རྣམས་ཀྱི་ཕྲག་པ་རུ་འཛེགས་ན་གཞི་ནས་རང་གི་བླ་སྲོག་རྙེད་ཐུབ་པ་དང་། གཞི་ནས་རྒྱ་ཆེ་བའི་འཇིག་རྟེན་འདིར་མི་ཚུགས་ཞིག་མངོན་ཐུབ་པའི་འདུ་ཤེས་རྙེད་པ་ཡང་ལོས་ཡིན། བོད་ཡིག་གི་ལམ་ནས་རྩོམ་འབྲི་མཁན་ང་ལྟ་བུས་དཀར་གཙང་ཁ་བཏགས་ཐོག་ནས་ཁྱེད་རྣམས་ལ་བསུ་བ་ཡོད། བུ་གཅིག་པུ་ལས་མེད་པའི་ཕ་རྒན་གྱིས་རྒྱང་རིང་དུ་ཕྱིན་པའི་བུ་ལོག་སླེབས་པ་ལྟར་གྱི་དགའ་ཚོར་བྱེད་ཀྱི་ཡོད། དེ་ཡང་ལོས་ཡིན་ཨ། ང་ཚོ་ནི་ཕ་སྤྲེལ་རྒན་དང་མ་བྲག་སྲིན་གྱི་རྒྱུད་པ་གཅིག་པ་རེད། སམ་བྷོ་ཌས་ཡིག་གེ་འདི་སྲོལ་དུ་གཏོད་པ་ཡང་ང་ཚོ་རླབས་ཆེན་གྱི་མི་རིགས་ཤིག་ཡིན་པའི་མཚོན་རྟགས་རེད། ང་དང་ཁྱོད་ཀྱིས་མི་རིགས་འདི་དང་མི་རིགས་འདི་ཡི་སྐད་ཡིག་ལ་དོ་སྣང་མ་བྱས་ན་སུ་ཞིག་གིས་བྱེད། གལ་ཏེ་ང་ཚོ་བོད་པ་རྣམས་ཀྱིས་མི་རིགས་གཞན་གྱི་རིག་གནས་ཀྱི་ཉིང་བཅུད་དེ་དག་རང་མི་རིགས་ཀྱི་ཡི་གེའི་ལམ་དུ་འབེབས་ཐུབ་ན། དེ་ནི་བོད་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་ཡིན་ལ་བོད་ཡིག་ལས་མི་ཤེས་མཁན་གྱི་ཞིང་འབྲོག་སྤུན་ཟླ་རྣམས་ཀྱི་བློ་གྲོས་ཀྱི་རྒྱགས་ཕྱེ་ཡང་རེད། དེ་ནི་ང་ཚོའི་མི་རིགས་འདི་འཚོ་གནས་ཐུབ་པ་དང་འཕེལ་རྒྱས་གཏོང་བའི་མདུན་ལམ་ཉག་ཅིག་རེད། དེ་ལས་ལྡོག་སྟེ་འཚོ་ཐབས་ཙམ་གྱི་ཆེད་དུ་མི་རིགས་གཞན་པའི་སྐད་ཡིག་ཁོ་ན་སྦྱངས་ནས་བསྡད་ན་ང་ཚོའི་མི་རིགས་འདི་ཉིད་ཡུན་རིང་གནས་མི་སྲིད་ལ། མི་སྒེར་གྱི་ངོས་ནས་བཤད་ཀྱང་མི་སེར་སྤེལ་ཡུལ་གྱི་ཁེ་ལུང་ཙམ་ཞིག་གྱུར་བ་རེད། དེ་ལྟར་ན་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་མུ་མཐུད་བོད་ཡིག་གི་ལམ་ནས་རྩོམ་གང་མང་སྤེལ་བ་དང་། འཇམ་དབྱངས་ནོར་བུའི་རྩོམ་འགའ་ཡང་བོད་ཡིག་ཏུ་བསྒྱུར་ན་ཡག་པོ་ཡོང་བ་འདུག་ཅེས་པ་ནི་སྙིང་གཏམ་ཙམ་མོ།
སྐུ་ཞབས་ལ་ལ་ལགས། ཁྱེད་ལ་འཇམ་དབྱངས་ནོར་བུའི་རྩོམ་ལ་ཐུགས་སྣང་ཡོད་ན། འདིར་ངེད་ཀྱིས་བསྒྱུར་བའི་རྩོམ་ཡིག་འགའ་ཡོད།
http://www.khabdha.org/?p=851
http://www.khabdha.org/?p=531
http://www.khabdha.org/?p=104&cpage=1
Tenzin Desal-la,
submissions to TibetWrites can be sent to tenams@gmail.com or bhuchungdsonam@gmail.com
thank you for your interest.