བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཡིག་ཚང་།
རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་(PEN International)ཀྱི་ཚོགས་ཆེན་ཐེངས་བརྒྱད་ཅུ་པ་དེ་ཕྱི་ལོ་༢༠༡༤ ཟླ་༩ ཚེས་༢༩ ནས་ཟླ་༡༠ པའི་ཚེས་༢ བར་ཉིན་བཞིའི་རིང་ཁིར་གྷི་སི་ཐན་རྒྱལ་ཁབ་(Kyrgyzstan) ཀྱི་རྒྱལ་ས་བྷི་ཤཱི་ཀེག(Bishkek) ཏུ་འཚོགས་ཡོད་པ་དང་། སྐབས་དེར་རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་དང་། དྲུང་ཆེ་གཡུ་སྒང་འོད་ཟེར། ཤེེས་ཡོན་འགན་འཛིན་སྨན་ཤེར་བློ་གྲོས་བཅས་མཉམ་ཞུགས་དང་འབྲེལ། བོད་ནང་གི་སྨྲ་བརྗོད་རང་དབང་དང་བཙོན་འོག་གི་རྩོམ་པ་པོའི་སྐོར། བོད་ཀྱི་སྐད་ཡིག་གི་གནས་སྟངས་སྐོར་བཅས་གླེང་སློང་དང་། དེ་བཞིན་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་བོད་དོན་སྐོར་ལ་གལ་ཆེའི་གྲོས་ཆོད་ཅིག་བཞག་ཡོད་པ་རེད།
ཐེངས་འདིའི་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐོག རྒྱལ་སྤྱིིའི་པེན་གྱི་ཚོགས་གཙོ་སོགས་རྒྱུན་ལས་རྣམས་དང་། དེ་བཞིན་ལོན་ཌོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་དབུས་ལས་ཁུངས་ཀྱི་ལས་བྱེད། རྒྱལ་སྤྱིའི་པེན་གྱི་སྡེ་ཚན་ཁག་བཞིའི་འགན་འཛིན་རྣམ་པ།དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་མ་འདྲ་བའི་རྩོམ་པ་པོའི་མཐུན་ཚོགས་ཁག་བརྒྱད་ཅུའི་སྐུ་ཚབ་རྩོམ་པ་པོ་ཉིས་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད་ཅིང། རྒྱ་ནག་པེ་ཅིང་ནས་སྐུ་ཚབ་མི་གཉིས་ཚོགས་ཞུགས་བྱས་ཡོད་པ་རེད།
ཚོགས་འདུའི་རིང་ཚོགས་ཆུང་ཆེད་བགོས་ཀྱིས་གྲོས་གཞིའི་ཡིག་ཆ་ཁག་ལ་བསྐྱར་ཞིབ་གོ་བསྡུར་དང་། རྒྱལ་ཁབ་སོ་སོའི་ནང་གི་སྨྲ་བརྗོད་རང་དབང་དང་བཙོན་འཇུག་མནར་གཅོད་མྱོང་བཞིན་པའི་རྩོམ་པ་པོའི་སྐོར་གླེང་སློང་། བུད་མེད་རྩོམ་པ་པོའི་སྐོར་དང་། ཡིག་སྒྱུར་དང་སྐད་ཡིག་རང་དབང་གི་སྐོར་བཅས་ལ་གོ་བསྡུར་བྱས་ཡོད་པར་མ་ཟད།རྒྱལ་སྤྱིའི་པེན་གྱི་རྒྱུན་ལས་དང་སྡེ་ཚན་སོ་སོའི་ལོ་གཅིག་གི་ལས་བསྡོམས་ཐོག་གོ་བསྡུར།དེ་བཞིན་རྒྱལ་སྤྱིའི་པེན་གྱི་རྒྱུན་ལས་གསར་པ་གཉིས་དང་། ཡིག་སྒྱུར་དང་སྐད་ཡིག་རང་དབང་སྡེ་ཚན་གྱི་འགན་འཛིན་བཅས་འདེམས་བསྐོ་བྱས་ཡོད།
ཚོགས་འདུ་ཉིན་གསུམ་པའི་ཕྱི་དྲོར་བོད་དང་། ཡུ་གུར། ཁིར་གྷི་སི་ཐན།ཧེ་ཋིས་བཅས་ཀྱི་ལུང་པའི་ནང་གི་སྐད་ཡིག་དང་རྩོམ་རིག་སྐོར་ལ་དམིགས་བསལ་གཏམ་བཤད་ལས་རིམ་གོ་སྒྲིག་བྱས་པའི་ཐོག བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ཀྱིས་རྒྱ་གཞུང་གི་དབང་བསྒྱུར་འོག་གི་བོད་མིའི་སྐད་ཡིག་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་སྐད་ཡིག་ནང་འཛམ་གླིང་གི་གཅེས་ནོར་དུ་གྱུར་པའི་ནང་པའི་གཞུང་ལུགས་སོགས་ཐུན་མོང་མ་ཡིན་པའི་རྩོམ་རིགས་འབོར་ཆེན་ཡོད་ཚུལ་ངོ་སྤྲོད་གཏམ་བཤད་བྱས་ཤིང་། ཚོགས་ཞུགས་མཁས་པ་དང་རྩོམ་པ་པོ་ཚོས་བརྗོད་གཞིའི་དེའི་སྐོར་བགྲོ་གླེང་དང་དྲི་བ་དྲིས་ལན་བྱས་ཡོད།
ཐེངས་འདིའི་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐེངས་བརྒྱད་ཅུ་པའི་ཐོག་རྒྱ་ནག་དང་། བྱང་ཀོ་རི་ཡ། ཨེ་རན། སི་རི་ཡ། མེག་སི་ཁོ་སོགས་སྨྲ་བརྗོད་རང་དབང་མེད་པའི་ལུང་པ་ཁག་ཉེར་གསུམ་ཐོག་ལ་གྲོས་ཆོད་བཞག་ཡོད་པའི་ཁོངས་སུ། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གྲོས་གཞི་བཏོན་པ་ལྟར། བོད་ནང་གི་སྨྲ་བརྗོད་རང་དབང་སྐོར་དང་། བཙོན་འོག་རྩོམ་པ་པོ་དང་ཤེས་ཡོན་ཅན་གློད་གྲོལ་དགོས་པ། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་རང་དབང་སྤྲོད་དགོས་ཚུལ་སྐོར་ལ་གྲོས་ཆོད་ཅིག་བཞག་ཐུབ་ཡོད། གྲོས་ཆོད་ཀྱི་མ་ཡིག་ཆ་ཚང་གཤམ་གསལ།
གྲོས་ཆོད། ཨང་༡༠། བོད་ནང་གི་སྨྲ་བརྗོད་རང་དབང་དང་རྩོམ་པ་པོའི་གནས་སྟངས།
(རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༨༠ ཁིར་གྷི་སི་ཐན་གྱི་རྒྱལ་ས་བྷི་ཤཱི་ཀེག་ཏུ་ཕྱི་ལོ་༢༠༡༤ ལོའི་ཟླ་༩ ཚེས་༢༩ ནས་ཟླ་༡༠ ཚེས་༢ བར་འཚོགས་སྐབས་སུ་བཞག་པའི་གྲོས་ཆོད།)
རྒྱ་ནག་གཞུང་གིས་བོད་ནང་དུ་མངོན་སུམ་འཛེམ་མེེད་ཀྱིས་མི་རིགས་དབྱེ་འབྱེད་དང་། བོད་མི་རིགས་ཀྱི་ཐུན་མིན་ཁྱད་རྟགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་ལ། ཤེས་ཡོན་ཅན་དང་རྩོམ་པ་པོ་སོགས་བོད་མི་རྣམས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་དང་ངོ་རྟགས། བོད་ཙམ་མ་ཟད་འཛམ་གླིང་གི་གཅེས་ནོར་དུ་གྱུར་པའི་བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་འགྲོ་རྒྱུར་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད། བོད་ནང་གི་ཤེས་ཡོན་པ་དང་རྩོམ་པ་པོ་རྣམས་ཀྱིས་རྒྱ་གཞུང་གིས་བོད་དུ་འཛིན་པའི་དྲང་བདེན་མིན་པའི་གདུག་རྩུབ་སྲིད་ཇུས་ཁག་ཕྱིར་འཐེན་ཡོང་བ་དང་། བོད་མིའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་ཞི་བའི་གྲོས་མོལ་བྱས་ཏེ་བོད་ནང་གི་སྨྲ་བརྗོད་དང་བསམ་བློའི་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་ཐག་གཅོད་ཡོང་བའི་རེ་སྐུལ་བྱེད་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་བོད་མི་ཤེས་ཡོན་ཅན་ཚོས་ཞི་བའི་བསམ་ཚུལ་བཏོན་པར་སྣང་མེད་དང་། ཐབས་ལམ་སྣ་ཚོགས་ཀྱིས་དེ་དག་གི་སྨྲ་བརྗོད་རང་དབང་ལ་དམ་བསྒྲགས་བྱས་དང་བྱེད་མུས་ཡིན།
ཕྱི་ལོ་༢༠༠༨ ལོར་བོད་ས་ཡོངས་ནས་རྒྱ་གཞུང་གི་སྲིད་ཇུས་ལ་ཞི་རྒོལ་བྱེད་སྐབས། ས་ཁུལ་མང་པོ་ནས་བོད་མི་ཤེས་ཡོན་ཅན་དང་རྩོམ་པ་པོས་སྣེ་ཁྲིད་བྱས་ཡོད། སྐབས་དེར་ཞི་རྒོལ་བ་མང་པོ་དམར་གསོད་བཏང་བར་མ་ཟད། ཤེས་ཡོན་ཅན་དང་རྩོམ་པ་པོ་གང་མང་བཙོན་འཇུག་བྱས་ཡོད། མ་མཐར་ཡང་ཉིས་སྟོང་བརྒྱད་ནས་ད་བར་བོད་མི་ཤེས་ཡོན་ཅན་དང་། རྩོམ་པ་པོ། སྒྱུ་རྩལ་བ་སོགས་མི་བཞི་བཅུ་ལྷག་འཛིན་བཟུང་དང་བཙོན་འཇུག་བྱས་ཡོད།
ཕྱི་ལོ་༢༠༠༩ ལོའི་ཟླ་གཉིས་པ་ནས་ད་བར་བོད་མི་བརྒྱ་དང་སུམ་ཅུ་སོ་གཅིག་གིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་ནག་གཞུང་གིས་བོད་དུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དང་བྱ་ཐབས་ཁག་ལ་ངོ་རྒོལ་བྱས་ཡོད། བོད་མི་རང་སྲེག་ངོ་རྒོལ་པ་ཚོའི་འབོད་ཚིག་དང་ཁ་ཆེམས་ནང་བོད་ནང་གི་བོད་མི་ཚོར་མི་རིགས་རང་གི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་པའི་ཐོབ་ཐང་དགོས་ཚུལ་སོགས་བཀོད་ཡོད།
ཕྱི་ལོ་༢༠༡༣ ལོའི་ཟླ་༩ བར་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐེངས་ ༧༩ འཚོགས་རྗེས། བཙོན་འོག་ཏུ་ཡོད་པའི་བོད་མི་རྩོམ་པ་པོ་ཇོ་ལེབ་ཟླ་བ་དང་། ཀུན་དགའ་ཚངས་དབྱངས། བཀྲ་ཤིས་རབ་བརྟན། (ཐེའུ་རང་།) བུད་ངྷ་། འཇང་རྩེ་དོན་ཁོ་(གཉན)བཅས་བཙོན་འཇུག་དུས་བཀག་ཟིན་རྗེས་ཀློད་གྲོལ་བཏང་བར་དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང་ཕྱི་ལོ་༢༠༡༤ ལོར་ཁམས་ནགས་ཤོད་འབྲི་རུ་ནས་ཡིན་པའི་བོད་མི་རྩོམ་པ་པོ་ཚུལ་ཁྲིམས་རྒྱལ་མཚན་(ཞོགས་དྲིལ།)དང་། གཡུ་རྒྱལ་གཉིས་ལ་ཞི་བའི་ལམ་ནས་རིག་གཞུང་འཐབ་རྩོད་ཀྱི་བྱེད་སྒོ་སྤེལ་བའི་རྐྱེན་གྱིས་འཛིན་བཟུང་བཙོན་འཇུག་བྱས་ཏེ་ལོ་བཅུ་གསུམ་དང་བཅུའི་ཁྲིམས་ཐག་བཅད་ཡོད།
རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་ནན་བརྗོད་ཞུ་རྒྱུར།
• ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་རྩོམ་ཡིག་སོགས་སྤེལ་བར་བརྟེན་ནས་བཙོན་འཇུག་བྱས་པའི་བོད་མི་ཤེས་ཡོན་ཅན་དང་། རྩོམ་པ་པོ། སྒྱུ་རྩལ་པ་རྣམས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་མྱུར་དུ་གློད་གྲོལ་དང་། དེ་དག་ལ་མནར་གཅོད་གཏོང་མཚམས་འཇོག་དགོས།
• རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་ནང་གཏན་འབེབས་བྱས་པའི་ཐོབ་ཐང་ཁག་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པ་ཚོས་ལོངས་སུ་སྤྱོད་ཆེད། རྒྱ་ནག་གཞུང་གིས་ཁོང་ཚོའི་བསམ་ཚུལ་དང་སྨྲ་བརྗོད་རང་དབང་ལ་བརྩི་མཐོང་སྤྲོད་དགོས།
• རྩོམ་པ་པོ་རྣམས་ཚུད་པའི་བོད་མི་ཚོར་རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་ཕན་ཚུན་འབྲེལ་གཏུག་དང་། སློབ་ཁྲིད་ཀྱི་ཐོབ་ཐང་། ནང་ཆོས་ཀྱིས་མཚོན་པའི་བོད་ཀྱི་རིག་གནས་ཁག་སློབ་གཉེར་བྱེད་རྒྱུའི་རང་དབང་དང་ཐོབ་ཐང་སྤྲོད་དགོས།
ད་ལོར་འགྲོ་ས་འདིའི་རྒྱལ་ཁབ་ག་འདྲ་འདྲ་ཞིག་ཡོད་ནི་ན་ཨ། བོད་པའི་ཚོགས་མི་མང་པོ་ཞིག་མེད་པས། བློ་བདེ་བོ་རང་མ་བྱུང་།