མི་མང་པོ་ཞིག་གིས་”ཨ་རི་ནི་ཁྲོ་ཟངས་ཆེན་པོ་ཞིག་རེད། དེའི་ནང་ཚུད་པའི་མི་རིགས་གང་འདྲ་ཞིག་ཡིན་རུང་། དུས་ཐུང་ནང་རང་གི་ངོ་བོ་ཞུས་ནས་ཨ་རིའི་གཟུགས་སུ་འགྱུར་འགྲོ།”ཟེར་ཞིང་། སྣང་ཚུལ་མང་པོ་ཞིག་གིས་ང་རང་ཡང་དེ་ལ་ངེས་ཤེས་དང་ཡིད་ཆེས་ཐོབ་པར་གྱུར། མི་རིགས་སུ་འདྲ་ཞིག་དང་། མི་གང་འདྲ་ཞིག་ཡིན་རུང་། ལེགས་ཉེས་གང་ཞིག་ཡིན་རུང་། ཨ་རིར་སླེབས་པའི་རྗེས་བསམ་བློ་གཏོང་སྟངས་དང་། སྐད་ཆ་བཤད་སྟངས་སོགས་ཁྱོན་ཡོངས་ལ་འགྱུར་བ་ཐེབས་བཞིན་ཡོད།
དམིགས་བསལ་གྱིས་བྱིས་པ་དང་ལོ་ཆུང་ཚོར་འགྱུར་བ་ཐེབས་ཚད་དང་ཐེབས་པའི་དུས་ཡུན་ཧ་ཅང་མགྱོགས། ཁོང་ཚོས་ལུས་ངག་ཡིད་གསུམ་པོའི་སྒོ་ནས་ཨ་རི་བ་ཞིག་བྱེད་བསམ་པའི་ཀུན་སློང་དེ་ཕྱོགས་སྣ་མང་པོ་ཞིག་ནས་མཐོང་ཐུབ། དཔེར་ན། བར་སྐབས་ཤིག་ལ་ང་རང་སློབ་གྲྭ་ཞིག་ཏུ་བོད་ཡིག་སློབ་པ་ཡིན། དེར་སློབ་མ་སུམ་ཅུ་ཙམ་ཡོད་པ་ལས། ཤར་པ་ལྟ་བུའི་བལ་བོའི་བོད་རིགས་དང་། ལ་དགས་ལྟ་བུའི་རྒྱ་གར་གྱི་བོད་རིགས་གསུམ་བཞི་ཙམ་ལས་གཞན་ཚང་མ་རྒྱ་གར་ཏུ་སྐྱེས་པའི་བོད་ཕྲུག་ཤ་སྟག་རེད། སློབ་འགོ་ཚུགས་པའི་བདུན་ཕྲག་དང་པོར་མང་པོ་ཞིག་གིས་་བོད་སྐད་ཡང་གོ་གིན་མེད་པའི་ཉམས་སྟོན་ཞིང་། སྐད་ཆའི་གདངས་ཀྱང་དབྱིན་ཇི་བའི་བོད་སྐད་ཀྱི་གདངས་འདོན་གང་ཐུབ་བྱེད།
ངའི་གྲོགས་པོ་བཟའ་ཚང་གཉིས་ལ་འཕྲོ་རིམ་འཕྲོར་བུ་ཞིག་དང་བུ་མོ་ཞིག་སྐྱེས། བུ་ལོ་ན་གཉིས་ལོན་ནས་གསུམ་པར་སླེབས་དུས་སྐད་ཆ་ཙག་ཙིག་བཤད་འགོ་བརྩམས། ཡིན་ན་ཡང་། ཁོའི་སྐད་ཆ་ཙག་ཙིག་ལས་མང་ཆེ་བ་དབྱིན་སྐད་ཡིན། ཕ་མ་གཉིས་ཀས་དུས་རྒྱུན་བོད་སྐད་བཤད་པ་དང་། ཁོང་ཚོའི་ཉེ་འཁོར་གྱི་མི་རྣམས་ཀྱང་དུས་རྒྱུན་བོད་སྐད་བཤད།
ངའི་བསམ་པར། བོད་སྐད་ཡིག་གི་བཀོད་སྤྱོད་ཀྱི་ཁོར་ཡུག་ཆུང་དྲགས་པ་དང་། བྱིས་པའི་བསམ་བློ་དང་། ཁོར་ཡུག་སོགས་དང་མཐུན་པའི་ཀློག་དེབ་དང་། ལྟད་མོ། རྩེད་མོའི་རིགས་སོགས་ཧ་ལམ་མེད་པ་ལྟ་བུ་ཡིན་པས། ཕྱི་གླིང་ཞིག་ནས་ཕྲུ་གུར་བོད་ཡིག་བོད་སྐད་སློབ་རྒྱུ་ནི་མི་སྲིད་པ་ཞིག་རེད་བསམ་སོང་།
བསམ་ཡུལ་ལས་འདས་པ་ཞིག་ལ། ཟླ་བཅུ་བའི་ཚེས་5 ཉིན། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ལྷན་གྱིས། ༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་ཕུལ་བའི་དུས་སྟོན་སྲུང་བརྩི་སླད། ཕ་སྐད་གཙང་མའི་རིག་གཞུང་འགྲན་ཚོགས་ཟེར་བ་ཞིག་གོ་སྒྲིག་ཞུ་བཞིན་འདུག་པ་དང་། དེར་བོད་ཕྲུག་ཚོར་བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་རབས་ལོ་རྒྱུས། སྐད་ཡིག་དང་བོད་འབྲེལ་ཤེས་བྱ་གཞན་ཐོག་རིག་རྩལ་འགྲན་བསྡུར་བྱ་བར་སྔོན་འགྲོའི་ཚུད་རྒྱུགས་ཤིག་ལེན་བཞིན་འདུག ང་རང་གཞོན་ལྷན་ཚོགས་མི་སོགས་གང་ཡང་མིན་མོད། སྐད་ཡིག་དང་འབྲེལ་ཆགས་པ་ཞིག་རེད་འདུག་པས་དེ་གར་བཅར་བ་ཡིན།
ཚུད་རྒྱུགས་དེར་ནིའུ་ཡོག་དང་། ནིའུ་ཇར་སི། ཁནཱ་ཊིས་ཁེ་ཊི་ས་གནས་སོགས་ནས་སློབ་ཕྲུག་ཉི་ཤུ་ཙམ་འབྱོར་འདུག་པའི་ཁྲོད་ལོ་ན་བརྒྱད་ཅན་གྱི་བུ་མོ་པདྨ་བཀྲ་ཤིས་ཀྱང་སླེབས་འདུག མོ་ནི་ཁནཱ་ཊིས་ཁེ་ཊི་ས་གནས་ཀྱི་བོད་ཡིག་དགེ་རྒན་གཉིས་ཀྱིས་ཁྲིད་འོང་བའི་སློབ་མ་ཚོའི་ཁྲོད་ཀྱི་གཅིག་རེད་ལ། ཐེངས་འདིའི་འཛུལ་ཞུགས་པ་ཚང་མའི་ནང་གི་ལོ་ན་ཆུང་ཤོས་ཀྱང་རེད་འདུག
བུ་མོ་པདྨ་བཀྲ་ཤིས་ནི་ཨ་རིར་སྐྱེས་ཤིང་ཨ་རིར་འཚར་ཡང་། མོའི་ཕ་མ་གཉིས་ཀྱིས་དུས་རྒྱུན་མོ་ལ་བོད་སྐད་དང་བོད་ཡིག་སློབ་ཀྱིན་ཡོད་ཟེར། མོའི་ཕ་མ་གཉིས་ཀྱིས་བསྐྲུན་པའི་ཁྱིམ་ཚང་གི་ཁོར་ཡུག་དེས། ཨ་རིའི་ཁོར་ཡུག་ཆེན་པོ་འདི་ལ་ཁ་གཏད་བཅག་འདུག་པ་མ་ཟད། དེའི་འབྲས་བུས་ང་རང་རྦད་དེ་ཧངས་སངས་པར་བྱས་སོང་། མོའི་ཕ་མ་གཉིས་ཀ་ཁམས་ནང་ཆེན་ནས་ཡིན་ཟེར། བོད་སྐད་བཤད་པ་དག་ཅིང་གསལ། གཤམ་གྱི་བརྙན་ཐུང་འདི་ལས་ཁྱོད་ཀྱིས་མོའི་བོད་ཡིག་གི་བྱང་ཚད་ལ་རྒྱུས་ལོན་ཕྲན་ཙམ་བྱེད་ཐུབ་ལ། གཅིག་བྱས་ན་དེས་ཁྱོད་ཀྱི་མགོ་བོར་གཡོལ་ཐབས་མེད་པའི་ནག་ཉེས་ཤིག་ཀྱང་འདྲེན་སྲིད། ཁྱོད་ཀྱི་བུ་ཕྲུག་གིས་བོད་སྐད་དང་བོད་ཡིག་ཤེས་སམ།
<<བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བ་>>ཁྱབ་བསྒྲགས་བྱེད་པར་དམིགས་པའི་བརྙན་ཐུང་འདི་དྲ་ཐོག་ཏུ་སྤེལ་རྒྱུར་བུ་མོའི་ཕ་མ་གཉིས་ཀྱི་ཆོག་མཆན་ཐོབ་ཡོད།
བུ་མོ་འདི་དང་བུ་མོ་འདིའི་ཕ་མ་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ལན་བརྒྱར་ཞུ་འདོད་བྱུང་། བོད་ཀྱི་སྐད་ཡིག་བརྒྱུད་འཛིན་བྱེད་པར་ཐབས་ལམ་གཉིས་མ་གཏོགས་མེད། གཅིག བོད་ཀྱི་སྐད་ཡིག་རང་སྨྱ་ཐུབ་པ་ཞིག་ཤེས་དགོས། གཉིས། རྣམ་རྒྱུན་གྱི་འཚོ་བའི་ཁྲོད་སྐད་ཡིག་བཀོལ་སྤྱོད་གཙང་མ་གནང་དགོས། འདི་གཉིས་ཡོང་བར་རང་གི་རང་གི་ཕ་མ་དང་ནང་མིས་རོགས་འདེགས་ཀྱིས་ཁོར་ཡུག་བསྐྲུན་དགོས་པ་གལ་ཆེན་པོ་རེད། དེ་ལྟར་བྱུང་ན་རང་ཉིད་གང་དུ་གནས་ཀྱང་རང་རང་གི་སྐད་དང་ཡི་གེ་ནམ་ཡང་ཉམས་མི་སྲིད། དཔེར་ན་ལོ་ཆུང་མ་འདི་ལྟ་བུ་རེད།
བུ་མོ་འདི་དང་བུ་མོ་འདིའི་ཕ་མ་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ལན་བརྒྱར་ཞུ་འདོད་བྱུང་། བོད་ཀྱི་སྐད་ཡིག་བརྒྱུད་འཛིན་བྱེད་པར་ཐབས་ལམ་གཉིས་མ་གཏོགས་མེད། གཅིག རང་གི་སྐད་ཡིག་རང་སྐྱ་ཐུབ་པ་ཞིག་ཤེས་དགོས། གཉིས། རྣམ་རྒྱུན་གྱི་འཚོ་བའི་ཁྲོད་རང་གི་སྐད་ཡིག་བཀོལ་སྤྱོད་གཙང་མ་གནང་དགོས། འདི་གཉིས་ཡོང་བར་རང་གི་རང་གི་ཕ་མ་དང་ནང་མིས་རོགས་འདེགས་བྱས་ཏེ་ཁོར་ཡུག་བསྐྲུན་དགོས་པ་གལ་ཆེན་པོ་རེད། དེ་ལྟར་བྱུང་ན་རང་ཉིད་གང་དུ་གནས་ཀྱང་རང་རང་གི་སྐད་དང་ཡི་གེ་ནམ་ཡང་ཉམས་མི་སྲིད། དཔེར་ན་ལོ་ཆུང་མ་འདི་ལྟ་བུ་རེད།
གློག་བརྙན་དེ་ག་འདྲ་བྱེད་ནས་ལྟ་ཐུབ་རེད། ལམ་བསྟོན་ཞིག་གནང་རོག
ང་ཡི་གྲོགས་པོ་བཟའ་ཚང་གཉིས་ལ་འཕྲོ་རིམ་འཕྲོར་བུ་ཞིག་དང་བུ་མོ་ཞིག་སྐྱེས་ཟེ་ འཕྲོ་རིམ་འཕྲོར་དོན་གང་ཡིན་ནམ་།