ཁྱུང་སེ།
དང་ཐོག་གླུ་བ་རིག་དགའི་དོན་རྐྱེན་བཤད་དགོས་དོན་ནི་གཅིག་ནས་གུས་པ་རང་ཉིད་དེ་དགོང་གནས་དེར་ཡོད་པས་དོན་རྐྱེན་གྱི་ཐོག་མཐའ་བར་གསུམ་མཐོང་ཐོས་བྱུང་བས་དྲྭ་གྲོགས་མང་པོས་དྲྭ་ལམ་དང་འཕྲིན་ལམ་ཁ་པར་བརྒྱུད་ནས་དེ་དོན་འདྲི་མཁན་མང་བས་དེང་སྐབས་ལས་དོན་གྱིས་བྲེལ་བས་རེ་རེ་བཞིན་ལན་འབུལ་མ་ཐུབ་བས་དྲི་ལན་གྱི་དོད་དུ་དང་། གཉིས་ནས་ཉེ་ཆར་དྲྭ་ལམ་ཁག་ཏུ་འཁྱོག་བཤད་དང་འཆལ་གཏམ་མང་པོ་སྤེལ་ཞིང་དོན་དངོས་ལས་ལྡོག་པའི་གནས་ཚུལ་གླེང་བཞིན་པ་དེ་ལ་གསལ་བཤད་ཀྱི་ཚུལ་དུ་བྲིས་པ་ལགས།
སྤྱིར་ན་གླུ་བ་རིག་དགའ་ཞེས་ཕོ་ཉམས་དོད་ལ་སྐད་ངག་སྙན་ཞིང་གླུ་ཚིག་བཟང་བའི་ཆེས་ཕུལ་བྱུང་གི་མི་སྣ་ཞིག་ཡིན་པས་ཆུང་བྱིས་པའི་དུས་ནས་གླུ་བ་ཁོང་གིས་བདག་སེམས་ལ་བག་ཆགས་ཟབ་མོ་ཞིག་འཇོག་མྱོང་བས་ཁོང་མཇལ་འདོད་ཀྱི་རེ་བ་ཤིན་ཏུ་ཆེ། དེར་བརྟེན་༢༠༡༤ ༡༠ ༦ ཉིན་གུས་པ་ནག་ཆུར་སླེབས་ནས་ཟ་ཁང་ཞིག་ཏུ་ཟ་མ་བཟའ་བཞིན་འཕྲིན་ཕྲན་གྲོགས་ཚོམས་ཁ་ཕྱེས་ནས་བལྟས་པས་གྲོགས་པོ་ཞིག་གི་བར་སྟོང་ནང་ལ་གླུ་བ་རིག་དགའ་ནག་ཆུ་༼སྦྲ་ནག་མི་རིགས་གླུ་གར་གླིང་༽(黑帐篷民族大演艺宫)དུ་གདན་འདྲེན་ཞུས་ནས་གླུ་གཞས་འཁྲབ་སྟོན་བྱེད་རྒྱུ་ཡིན་ཞེས་པའི་བརྡ་སྦྱོར་ཞིག་མཐོང་བྱུང་བས་གྲོགས་ཁ་ཤས་ལ་གླེང་ནས་མཉམ་དུ་ལྟད་མོར་འགྲོ་རྒྱུར་གྲོས་མཐུན་བྱུང་།
དེ་བཞིན་དགོང་མོ་དུས་ཚོད་བཅུ་པ་ཡོལ་ཙམ་ཞིག་ལ་དངོས་སུ་གླུ་གར་ཁང་དུ་ཕྱིན་པས་གནས་དེར་མི་ཚོགས་མང་ལ་ཡར་མར་འཚང་ཁ་ཤིག་ཤིག་གི་ངང་ནས་བསྡད་ས་ཚང་མ་ཁེངས་ཚར་བས་མ་ཚད། སྡོད་ས་གསར་པ་མང་པོ་བཟོས་ནས་ནང་མའི་སྟེང་འོག་གཉིས་ཀར་རྒས་མགོ་དཀར་ལག་རྟེན་བཟུང་བ་དང་ཆུང་བྱིས་པ་ནུ་མ་འཇིབ་པ་ཡན་གྱི་མི་ཚོགས་མང་པོས་ཁེངས་འདུག དེ་ནས་ང་ཚོ་འགྲོ་ལམ་ནང་དུ་བསྡད་ས་གསར་པ་ཞིག་བཟོ་རོགས་ལབ་ནས་ལྟད་མོ་ལ་རོལ་བཞིན་གླུ་བ་རིག་དགའ་ནམ་ཐོན་ཡོང་བསམ་ནས་རེ་སྒུག་བྱེད་བཞིན་བསྡད་པ་ཡིན།
འོན་ཀྱང་དུས་ཚོད་གཅིག་སོང་གཉིས་འདས་ཡུན་རིང་ཞིག་ལ་སྒུག་མཐར་དུས་ཚོད་གསུམ་པ་ཙམ་ཞིག་ལ་མདོ་འཛིན་པས་འཚམས་སྦྱོར་གྱི་ལམ་ནས་ཆེ་བཤད་དང་བསྟོད་བསྔགས་གང་མང་ཞིག་ཕུལ་མཐར་གངས་ལྗོངས་པི་ཝང་དཀར་པོའི་མཚན་སྙན་ཐོབ་པའི་གླུ་བ་དེ་སུ་རེད་ཅེས་དྲི་བ་ཞིག་བཏང་བས་ལྟད་མོ་བ་རྣམས་ཀྱིས་རིག་དགའ་རེད་ཅེས་ལན་འདེབས་གནང་སོང་།
གླུ་བ་རིག་དགའ་གར་སྟེགས་སུ་ཕེབས་པའི་རྣམ་པ།
དེ་ནས་སྐྱེས་པ་ཕོ་ཡི་ཉམས་ལ་ཟ་མ་མོ་ཡི་འཛུམ་ཡོད་པ་བོད་ལྭ་དག་མའི་རྒྱན་གྱིས་སྤྲས་པའི་གླུ་བ་ཁོང་དངོས་སུ་གར་སྟེགས་སྟེང་དུ་ཐོན་ནས་དང་ཐོག་ཁམས་བདེའི་འཚམས་འདྲི་དང་འབྲེལ་ནས་༼དཔའ་བོའི་བསྟོད་གླུ་༽ནང་གི་༼མངག་བཅོལ༽(格萨尔王的嘱托)ཞེས་པའི་གླུ་གཞས་དེ་ལྟད་མོ་བ་རྣམས་ལ་གྱེར་གནང་སོང་།དེ་འཁྲབ་སྟོན་བྱེད་བཞིན་ལྟད་མོ་བ་རྣམས་ཀྱིས་མཇལ་དར་འབུལ་ཞིང་ལག་འཇུ་གནང་བ་དང་པར་བརྒྱག་ཅིང་བརྙན་ལེན་པ་སོགས་གར་སྟེགས་སྟེང་དུ་མི་ཚོགས་ཀྱིས་ཁེངས་ནས་གླུ་བ་ཁོང་མི་མཐོང་བས། འོག་ཏུ་བསྡད་པའི་ལྟད་མོ་བ་རྣམས་ཀྱིས་སྐད་ཅོར་རྒྱག་བཞིན་ཤེལ་དམ་དང་འགྱིག་དམ་སྟོང་བ་ཁ་ཤས་གར་སྟེགས་སྟེང་དུ་གཡུགས་སོང་། དེས་རྐྱེན་པས་བལྟ་མོ་བ་ཕན་ཚུན་བར་ལ་གང་ཡིན་འདི་ཡིན་མེད་པར་ཤེལ་ཕོར་དང་ཨར་དམ་མང་པོ་ཕར་འཕེན་ཚུར་གཡུག་བྱས་ནས་བསྡད་བཟོད་མི་བདེ་བ་བཟོས་ནས་གླུ་གཞས་དེ་གྱེར་ཚར་ནས་གླུ་བ་ཁོང་ཡར་ནང་དུ་འཛུལ་སོང་། ལྟད་མོ་བ་རྣམས་ཀྱང་ཟང་ཟིང་ལོང་ལོང་མང་པོ་བྱས་ནས་གར་སྟེགས་སྟེང་དུ་ཤེལ་ཕོར་དང་ཨར་དམ་མང་པོ་གཡུགས་གནང་སོང་།
དེ་ནས་མདོ་འཛིན་པས་མཐུན་སྒྲིལ་དགོས་ལུགས་དང་ནང་འཛིང་བྱེད་མི་འོས་པའི་སྐད་ཆ་མང་པོ་ཞིག་བཤད་ནས་ཏོག་ཙམ་ལྷིང་འཇགས་ལྟ་བུའི་ངང་ནས་ཞབས་ཞུ་བ་རྣམས་ཀྱིས་གར་སྟེགས་གད་བདར་གཙང་ཕྱགས་བྱས་ནས་གླུ་བ་རིག་དགའ་ཡང་བསྐྱར་གར་སྟེགས་སྟེང་ལ་ཐོན་གི་ཡོད་པའི་གསལ་བསྒྲག་གནང་བ་དང་ལྷན་དུ་ང་ཚོ་ལངས་ཡོད་པའི་གར་སྟེགས་གཡས་ཕྱོགས་ཀྱི་འཁྲིས་སུ་ཕོ་གསར་རྒན་མིན་གཞོན་ཁ་ཤས་ཤིག་གིས་ཆོས་ལུགས་ལ་ཕྱོགས་རིས་དང་དབྱེ་འབྱེད་བྱེད་གི་འདུག་པ་མ་ཟད་དམའ་འབེབས་དང་ངན་སྨྲས་བྱེད་གི་འདུག་པས་ད་ཐོན་ཤོག་ལྟད་མོ་ལྟོས་ཨ་ཟེར་ནས་ཤེལ་ཕོར་དང་ཨར་དམ་མང་པོ་ལག་ཏུ་བཟུང་ནས་བསྡད་འདུག
དེ་ནས་སྔར་བཞིན་གླུ་བ་རིག་དགའ་སྐད་སྦུགས་ལག་ཏུ་བཟུང་ཞིང་གར་སྟེགས་སྟེང་དུ་ཐོན་ནས་དཀྱིལ་ཙམ་དུ་སླེབས་པ་དང་ཁོང་གིས་༼རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་རྣམ་པ་ཁྱེད་རྣམས་བཀྲིས་བདེ་ལེགས༽ཞེས་བརྗོད་མ་ཐག་གར་སྟེགས་ཀྱི་གཡས་ཕྱོགས་ན་ཡོད་པའི་ཕོ་གསར་དེ་ཚོས་ཁོང་གི་གདོང་ལ་དམིགས་ནས་ཤེལ་ཕོར་ཞིག་འཕངས་གནང་སོང་།
གར་སྟེགས་སུ་ཤེལ་དམ་གཡུག་པའི་ངང་ཚུལ།
དེ་ནས་གོང་དུ་གྲ་བསྒྲིགས་བྱས་པའི་ཨར་དམ་དང་འགྱིག་དམ་མང་པོ་ཞིག་འཕངས་ཤིང་ཀི་སྒྲ་དང་བཅས་ཁོང་ལ་ངོ་རྒོལ་བྱས་ནས་ཁོང་གར་སྟེགས་སྟེང་ནས་བྲོས་དགོས་འཁེལ་སོང་། དེང་སང་དྲྭ་ལམ་ཁག་ཏུ་སྤེལ་བཞིན་པའི་བརྙན་ཐུང་དེ་ནི་ཁོང་ཐེངས་གཉིས་པར་གར་སྟེགས་སྟེང་དུ་ཐོན་དུས་དངོས་སུ་ངོ་རྒོལ་བྱེད་བཞིན་པའི་རྣམ་པ་རེད།
གླུ་བ་རིག་དགའ་གར་སྟེགས་ལས་བུད་པའི་རྣམ་པ།
དེ་ནས་གཡོན་ཕྱོགས་ན་བཞུགས་པའི་ལྟད་མོ་བ་རྣམས་ཀྱིས་གཡས་ཕྱོགས་སུ་ཨར་དམ་དང་ཤེལ་དམ་མང་པོ་གཡུགས་བྱུང་ལ་གཡས་ཕྱོགས་ན་ཡོད་པའི་ཕོ་གསར་དེ་ཚོ་གཙོ་བྱས་པའི་མི་ཁ་ཤས་ཀྱིས་ཀྱང་ཕར་ལ་མང་པོ་འཕངས་གནང་བས། ནང་འཁྲུག་ལངས་ནས་ནང་མའི་ནང་དུ་འཁྲུག་འཁྲུག་ལོང་ལོང་ངང་ནས་ཡར་བྲོས་མར་འབྲོས་མང་པོ་བྱེད་དགོས་བྱུང་བས་རྒས་འཁོག་དེ་ཚོ་དང་བྱིས་པའི་ཕ་མ་དེ་ཚོ་ངོ་མ་ཁག་པོ་བཟོས་སོང་། དེ་འདྲའི་ངང་ནས་མདོ་འཛིན་པས་དགོང་འཚོགས་མཚམས་འཇོག་གནང་གི་ཡིན་ཟེར་ནས་གསལ་བརྡ་གནང་བ་དང་ཆབས་ཅིག་ཉེན་རྟོག་པ་མང་པོ་སླེབས་ནས་ནང་མའི་ཕྱི་ནང་ཚང་མར་ཉེན་རྟོག་པས་ཁེངས་སོང་ལ།ནང་མའི་ནང་དུ་ཡང་མི་ཉུང་ཤས་ལས་མི་འདུག་པས་གུས་པ་གླུ་གར་ཁང་དང་ཁ་བྲལ་ནས་མགྲོན་ཁང་དུ་ལོག་པ་ཡིན།
དེ་ནས་དེ་དགོང་གི་མཐོང་ཐོས་ངོ་མ་ལས་རྟོག་བཟོ་དང་སྦས་གསང་གང་ཡང་བྱས་པ་མེད་པར་དྲྭ་གྲོགས་དེ་དོན་དྲི་མཁན་ཡོངས་ལ་དྲི་ལན་གྱི་ཚུལ་དུ་དང་ཕྱི་ནང་གང་སར་བཞུགས་པའི་སྤུན་ཟླ་རྣམས་ལ་དོན་རྐྱེན་གསལ་བཤད་ཀྱི་ཚུལ་དུ་ཕུལ་བ་ཡིན་པས་དེ་གོ་ཆོད་པར་སྨོན། དེང་སང་དྲྭ་ལམ་གང་སར་དོན་རྐྱེན་དེ་དང་འབྲེལ་བའི་བརྙན་རིས་དང་ཁ་བརྡ་དེ་བཞིན་བཅད་རྩོམ་དང་ལྷུག་མ་མང་པོ་སྤེལ་ཞིང་དོན་རྐྱེན་དེའི་རྒྱུ་རྐྱེན་ཐད་ལ་བཤད་ཚུལ་འདྲ་མིན་མང་པོ་གླེང་བཞིན་དོན་དངོས་ལས་ལྡོག་པའི་འཁྱོག་བཤད་དང་འཆལ་གཏམ་གྱིས་དྲྭ་ལམ་ཁྱབ་འདུག་པས། དེ་ལ་གསལ་བཤད་ཀྱི་ཚབ་དུ་དོན་དངོས་དང་མཐུན་པའི་འགྲེལ་བཤད་ཅིག་མི་ཞུ་ཀ་མེད་བྱུང་སོང་།
སྤྱིར་ན་གནས་ཚུལ་གང་ཡིན་ཡང་ལྷག་ཆོག་ལ་ཡོད་ཀྱང་དགོས་སྲིད་པ་འཇིག་རྟེན་འདི་ན་མི་སྲིད་པ་ཞིག་གང་ཡང་མེད་མོད། འོན་ཀྱང་དོན་རྐྱེན་དེའི་རྒྱུ་རྐྱེན་ངོ་མ་ནི་ཆོས་ལུགས་ལ་ཕྱོགས་ཞེན་གྱི་དབང་གིས་བྱུང་བ་ཞིག་ཡིན་པ་ལས་གཞན་གང་གི་ཆེད་དུ་མ་ཡིན་པ་གསལ་པོ་མངོན། རྒྱུ་མཚན་ནི་སྦྲ་ཆེན་དང་གཉན་རོང་ཕྱོགས་ཀྱི་བོན་ལུགས་འཛིན་པ་རྣམས་ཀྱིས་གེ་སར་གླིང་སྒྲུང་ལ་མི་དགའ་བར་མ་ཟད་དེ་ལ་འཛེམ་མངའ་བྱེད་པའི་ལུགས་སྲོལ་ཡོད་པ་དང་། དེ་ནས་གཙོ་བོ་ཧོར་གུར་དཀར་ལ་གཉའ་སྒ་སྤྲད་པ་སོགས་རྒྱུ་མཚན་དུ་བྱས་ནས་གེ་སར་གླིང་སྒྲུང་ལ་མི་དགའ་བ་ལས་གཞན་བོན་པོ་ཡོངས་ཀྱི་དེ་འདྲའི་བལྟ་སྟངས་ཡོད་མིན་ཆ་མ་འཚལ།
རྒྱུ་གེ་སར་གླིང་སྒྲུང་ལ་ཐུག་ཡོད་ཅིང་རྐྱེན་རིག་དགའ་ཁོ་རང་གི་གྱེར་བཞིན་པའི་གླུ་ཚིག་ནང་༼སེར་པོ་ཧོར༽ ཟེར་བ་སོགས་ཀྱི་ཐ་སྙད་ཀྱིས་རྐྱེན་པས་དོན་རྐྱེན་དེ་ལྷག་པ་རེད། དེང་སང་དེ་ལས་ལྡོག་པའི་བཤད་ཚུལ་མང་པོ་ཞིག་གི་ནང་ནས་གླེང་མང་ཤོས་ནི་དོར་ཚོགས་དང་འབྲེལ་བ་ཡོད་བསྐོར་བརྗོད་པ་ནི་དོན་རྐྱེན་དེ་ལ་རྒྱུས་མངའ་མེད་པ་དང་དངོས་སུ་མ་མཐོང་བའི་ལོག་བཤད་གཅིག་རེད། རྒྱུ་མཚན་ནི་གླུ་བ་རིག་དགས་དེ་དགོང་གོ་ས་མཆོག་ལ་བསྟོད་གླུ་བླངས་པས་ཤུགས་ལྡན་ཚོགས་པ་མ་དགའ་བར་ངོ་རྒོལ་བྱས་པ་རེད་ཟེར་བ་དང་རིག་དགའ་ནི་རིགས་ཞེན་ལྷག་བསམ་ཅན་ཞིག་ཡིན་པས་སྐྱོན་བརྗོད་དང་དམའ་འབེབས་བྱས་པ་རེད་ཟེར་བ་སོགས་རྫུན་གཏམ་ངོ་མ་ལས་མ་འདས།
གང་གི་ཕྱིར་ཞེ་ན་གླུ་བ་རིག་དགས་དེ་དགོང་བསྟོད་གླུ་ཚིག་གཅིག་གྱེར་མ་སོང་ལ་དེ་དང་འབྲེལ་བའི་ཁ་བརྡ་ཙམ་ཡང་གླེང་མ་སོང་། ཁ་གཞན་ལ་གཡར་ནས་དེ་འདྲའི་ངོ་རྒོལ་ཡིན་ན་མ་གཏོགས་དེ་མིན་ནས་དེ་འདྲའི་རྣམ་པ་ཙམ་ཡང་མི་འདུག་པས་ལྷ་འདྲེ་སུ་ཞིག་གིས་དྲྭ་འབུ་དེ་ཚོའི་རྣ་ལམ་ལ་བླུགས་པ་ཡིན་ནམ།
བོད་པ་ནང་ཚུན་ལ་ངོ་རྒོལ་དང་ནང་འཁྲུགས་ཡོད་ཚད་ཤུགས་ལྡན་ཚོགས་པས་བསླངས་པ་རེད་ཟེར་ན་ངོ་མ་ཁྱོད་མིག་ཡ་གཅིག་ལོང་ཚར་བ་ཡིན་པས་ཁྱོད་ཀྱིས་ཕྱོགས་གཅིག་མ་གཏོགས་མཐོང་མི་ཐུབ་བས་ཁྱོད་ལ་ཐུགས་ཁག་ལར་ནས་མེད། འདས་པའི་ལོ་རྒྱུས་ལ་གཟིགས་ཙམ་གནང་དང་ང་ཚོ་བོད་པ་ཚོའི་གདོང་རིས་ངོ་མ་དམར་རྗེན་དུ་མངོན་ཡོང་ལ་ད་ལྟའི་གནས་བབས་ལ་ལྟོས་དང་ང་ཚོ་གདོང་དམར་ཚང་གི་མི་གཞིའི་ཀུན་སྤྱོད་དང་སློབ་གསོའི་རིན་ཐང་མཐོང་ཐུབ།
དེ་ནས་རིག་དགའ་དང་འབྲེལ་བའི་དོན་རྐྱེན་དེ་ཆེས་སྤྱིར་བཏང་བ་ཞིག་དང་རྒྱུན་ལྡན་ཅན་ཞིག་ཡིན་པ་ལས་ཧ་ལས་ཧང་སང་དགོས་པ་གང་ཡང་མ་ཡིན་མོད། དེ་ནས་སློབ་གསོའི་གོ་སྐབས་ཐོབ་མ་མྱོང་པར་ནང་མ་དང་ཨར་ཁང་ནང་དུ་མི་ཚེ་བསྐྱལ་ཞིང་དུ་ཆང་དང་རྒྱན་འཇོག་ལ་རོལ་བའི་ལུགས་གཉིས་ཀྱི་བླངས་དོར་ལ་རྨོངས་ཤིང་ལྦུ་སུབ་ཀྱིས་ལ་རྒྱ་འཛིན་པའི་མི་བུ་དཀྱུས་མ་རྣམས་ཀྱི་བྱ་སྤྱོད་རྒྱུན་ལྡན་ཅན་ཞིག་ཡིན་པ་སྨོས་མ་དགོས།
འོན་ཀྱང་དེ་ལས་མཚར་བ་ནི་མཁས་པའི་ཆོ་ལོ་ཐོབ་ཅིང་མི་རིགས་ཉམས་ཆུང་འདིའི་སྣེ་ཁྲིད་དུ་རློམ་པའི་སྨྱུག་འཛིན་པ་རྣམས་ཀྱིས་དོན་རྐྱེན་དེ་ལ་བརྟག་དཔྱད་གང་ཡང་མེད་པར་ལོག་བཤད་དང་འཆལ་གཏམ་སྤེལ་བས་མ་ཚད། ངོ་རྒོལ་བྱེད་མཁན་དང་མི་བྱེད་མཁན་གྱི་དབྱེ་མཚམས་མེད་པར་ནག་ཆུའི་ཀླ་ཀློ་དང་དམུ་རྒོད་ཅེས་མི་གཞི་ལ་དམའ་འབེབས་དང་ཁྱད་གསོད་བྱས་ནས་ད་དུང་མཁས་མདོག་དང་འཇོན་མདོག་སྟོན་པ་ནི་ངོ་མ་ཅི་འདྲའི་ཐབས་སྐྱོ་བ་ལ།
དེ་དང་འདྲ་བའི་དོན་རྐྱེན་མང་པོ་ཞིག་ལ་ཅི་འདྲའི་ལོག་བཤད་ཅིག་དང་རྫུན་གཏམ་ག་ཚོད་སྤེལ་ཡོད་ན། དོན་རྐྱེན་དེ་ནི་ཆོས་ལུགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པས་མང་ཚོགས་ནང་ཐོན་མི་ཆོག་པའི་རྒྱུ་མཚན་ཅི་ཡིན། ཚེ་འདི་ཕྱིའི་ལམ་སྟོན་གནང་མཁན་བླ་སྤྲུལ་མཁན་གསུམ་གྱིས་ཆོས་ལུགས་ཕྱོགས་ཞེན་གྱི་དབང་གིས་དམར་པོ་ཁྲག་གི་འཁོར་ལོ་བསྐོར་བའི་ལོ་རྒྱུས་ཡོད་ལ། གནའ་དེང་རིག་གནས་ལ་མཁྱེན་རྒྱ་ཡངས་ཤིང་མི་མང་གི་བསམ་བློའི་སྲོག་ཤིང་དུ་གྱུར་བའི་མཁས་ཆེན་དཔོན་ཆེན་རྣམས་ཀྱིས་ཆོས་ལུགས་ཕྱོགས་ཞེན་གྱི་དབང་གིས་ཆབ་སྲིད་ལ་ཁ་གཡར་ནས་ཆོས་ལུགས་གྲུབ་མཐའ་ག་ཚོད་བརྩད་མྱོང་ཡོད་ལ་ད་དུང་ག་ཚོད་རྩོད་བཞིན་ཡོད།
དེ་ཚོར་བསམ་ན་རིག་དགའ་དང་འབྲེལ་བའི་དོན་རྐྱེན་དེ་ག་འདྲ་ཞིག་ཡིན་མིན་གཞི་ནས་མཁྱེན་ཡོང་། དེ་མིན་ཁྲོམ་པའི་སྦལ་རྒན་གྱི་ངང་ཚུལ་བཟུང་ནས་བལྟས་ན་ངོ་མ་ཧ་ལས་དགོས་པ་ཞིག་ཀྱང་ཡིན་ཚོད་རེད། འོན་ཀྱང་དེང་སང་དུས་རབས་ཉེར་གཅིག་པ་ནི་སྔར་དང་མི་འདྲ་བར་འཛམ་གླིང་ཤར་ནུབ་ཀྱི་རིག་གནས་སྤེལ་རེས་དང་ལེགས་ཆ་ལེན་རེས། དེ་བཞིན་ཕྱི་ནང་གི་ཆོས་ལུགས་མང་པོ་ལྟ་བ་མཉམ་གནས་སྤྱོད་པ་འཆམ་མཐུན་གྱི་ངང་ནས་མི་བུའི་རང་དབང་འགྲོ་མིའི་ཐོབ་ཐང་སྲོག་ལྡན་ཡོངས་ཀྱི་ཚེ་སྲོག་འདྲ་མཉམ་གྱི་ངང་ནས་གོ་ལར་སྲུང་སྐྱོབས་དང་འཛམ་གླིང་ཞི་བདེར་འབད་བཞིན་པའི་སྒང་འདིར། ང་ཚོ་བོད་པ་ཚང་ད་དུང་དུས་རབས་བར་མའི་སྐབས་ལྟར་ཆོས་ལུགས་ཕྱོགས་ཞེན་གྱི་དབང་གིས་གྲུབ་མཐའ་རྩོད་རེས་དང་ལྟ་བ་ཕྲན་བུ་མི་མཐུན་པ་ཙམ་གྱིས་ཕུ་ནུ་ནང་འཁྲུག་བསླང་པ་དང་། མི་ཡུལ་འདི་མི་བུ་རང་ཉིད་ལ་དབང་བ་མི་ཤེས་པར་ཡོད་ཚད་ལྷ་འདྲེ་ལ་བློ་གཏད་བཅོལ་ཞིང་འདུག་པ་ནི་ངོ་མ་ངོ་ཚ་ཞིང་བློ་ཕམས་དགོས་པའི་གནས་སོ།།
༢༠༡༤ ༡༠ ༩ དགོང་མོ་མགྱོགས་བྲིས་བྱས་ནས་འཕྲལ་མར་དྲྭ་ཐོག་བཀོད་པ་ཡིན་པས་དག་ཕྲད་ནོར་བ་མང་པོ་ཡོད་ངེས་པས་དྲྭ་གྲོགས་རྣམ་པས་དགོངས་འཁྲོལ་གནང་རོགས།
དྲང་བཤད་ཀྱིས་སློབ་བྱ་དང་མི་རིགས་ཀྱི་གཤིས་སྤྱོད་དང་འབྲེལ་བའི་རྨོངས་དད་ཀྱི་ངན་གོམས་དག་གླེང་འདུག།
ངོ་མ་གནས་ཚུལ་ཁུངས་ལྡན་འཐུས་ཚང་ལ་ཚིག་སྦྱོར་སྙན་པའི་རྩོམ་ཞིག་བྲིས་འདུག་པས་བཀྲིན་ཆེ་ཞུ་རྒྱུ་ཡིན། བོད་མཐོང་མྱོང་མེད་ཀྱང་གནས་སྐབས་རིང་ས་གནས་དེར་སླེབས་ནས་རིག་དགའི་གླུ་སྒར་ལ་རོལ་རྒྱུར་སྒུག་པ་དང་དེ་ནས་བསྟན་བཤིག་འགའ་རེས་ཡོངས་རྫོགས་མེད་པ་བཟོས་པའི་ཚོར་བ་ཡོངས་རྫོགས་དངོས་སུ་མྱངས་པ་ལྟ་བུ་བྱུང་བས་ཁྱུང་སེ་ལ་ཐུགས་རྗེ་ཆེ་ཞུ།
ཁྱུང་སེས་གསལ་བཤད་གནང་བར་དགའ་ཡོད། དེང་སང་བོན་པོ་དང་དོལ་ཚོགས་ཀྱིས་སོ་སོའི་མ་འཇོན་ནས་གཞན་ལ་ངོ་བརྒོལ་བྱེད་པ་དེ་བོན་ནང་གི་དཀྲུག་ཤིང་ངོ་མ་རེད། ཕྲག་དོག་ཅན་ལ་འགུ་དུས་མེད་ཟེར་བ་ཅི་མ་བདེན། གླུ་བ་རིག་དགའ་བདེན་པར་རྒྱལ་བར་གྱུར་ཅིག
རིག་དགའ་འཇའ་ཧོ་ངོ་མ་ཡིན་ས་རེད། སྒོར་མོའི་ཆེད་དུ་ཧོར་གྱི་ལུང་པར་ཡོང་ནས་ཧོར་པའི་མི་མང་གི་སེམས་ལ་ཕོག་པའི་གཞས་བཏང་ན་སྒོར་མོ་རག་རྒྱུ་ཕར་བཞག རང་མགོ་ལ་ཆག་སྒོ་འབེབ་རྒྱུ་ཡིན་པ་་ཙམ་ཡང་ཤེས་མི་འདུག སྲོག་འགོ་ཐོན་ན་ཡག་པོ་རེད། ཧཧཧ། ལྟད་མོ་བསྟན་འདུག ད་དུང་་ཁ་ཤས་ལ་ཉིན་གཅིག་འདི་འདྲ་མི་ཡོང་བའི་ངེས་པ་མི་འདུག་ག།
རིགས་དགའ་འཇའ་ཧོ་རེད་མི་འདུག་དགོངས་དག་ཞུ་བཏང་ལ་གཟིགས་དང་། གླུ་བ་་སྤྱང་གྲུང་ལྡན་པ་ཞིག་འདུག
པདྨ་མ་ལགས་བསམ་ཤིས་མེད་པའི་སྐད་ཆ་བཤད་ན་དེའི་བོད་དཀྲུག་གི་རེད། ནག་ཆུའི་ཁྱབ་ཁོང་ཧོར་ཚོ་སུམ་བཅུ་སོ་དགུ་ཟེར། དེར་འགྲོ་ནས་སེར་པོ་ཧོར་ལ་གཉའ་ལྒ་བཏོག་ཟེར་བའི་སྒྲུང་དེ་བཤད་ནས་
ཧོར་འདྲེ་དང་བདུད་ཡིན་ས་ལབ་ན་ཁོ་ཚོ་ཁོང་འཁྲོ་ལོས་ལོངས། དེའི་མ་ཚད་དངོས་ཡོད་མིན་པའི་ཕྱོགས་ལྟུང་གི་བྲིས་པའི་སྒྲུང་ཡིག་ནང་དུ་། བོན་དང་བོན་པའི་ལྷ་སྲུང་དག་འདྲེ་བདུད་ཡིན་ས་ལབ་འདུག། སྔོན་བོད་རྙིང་པའི་སྐབས་ཡིན་ན་དེ་ཚོ་འབྲི་མཁན་དག་བན་ཆོས་ལ་ལྷག་བསམ་ཅན་དང་ཤེས་ཡོན་ཅན་རེད་ཟེར། དེ་ཡག་པོ་མི་འདུག་ལབ་མཁན་དག་སྐེ་གཅོད་པ་དང་དགོན་པ་གཏོར་བ་སོགས་བྱེད་ཀྱི་ཡོད་རེད། དེང་སང་དུས་རབ་ཉེར་གཅིག་ནང་དུ་འཛམ་གླིང་ཁྱོན་ཡོངས་སུ་དངོས་ཡོད་ལ་ལྟ་མཁན་དང་རང་དབང་ལྡན་པ་སོང་ཙམ་། ཕྱོགས་ལྷུང་གི་སྐད་ཆ་དེ་ཚོ་དུས་ཚོད་རྫོག་ཚར་བ་རེད།
གླུ་བ་དང་མི་གང་ཡིན་ཡང་ཆོས་ལུགས་དང་མི་རིགས་ལ་སྨ་འབེབས་དང་ཟུར་མི་བྱེད་པར། བོད་སྤྱི་ལ་ཕན་པའི་བྱ་བ་འདྲ་བྱེད་ཐུབ་ན་དེ་བཟང། དེ་མ་ཐུབ་ན་ཁ་རོག་བསྡ་ན་ཡག་གི་རེད་བསམ།
ད་འདི་འབྲི་མཁན་སུ་རེད།
“བོད་པ་ནང་ཚུན་ལ་ངོ་རྒོལ་དང་ནང་འཁྲུགས་ཡོད་ཚད་ཤུགས་ལྡན་ཚོགས་པས་བསླངས་པ་རེད་ཟེར་ན་ངོ་མ་ཁྱོད་མིག་ཡ་གཅིག་ལོང་ཚར་བ་ཡིན་པས་ཁྱོད་ཀྱིས་ཕྱོགས་གཅིག་མ་གཏོགས་མཐོང་མི་ཐུབ་བས་ཁྱོད་ལ་ཐུགས་ཁག་ལར་ནས་མེད། འདས་པའི་ལོ་རྒྱུས་ལ་གཟིགས་ཙམ་གནང་དང་ང་ཚོ་བོད་པ་ཚོའི་གདོང་རིས་ངོ་མ་དམར་རྗེན་དུ་མངོན་ཡོང་ལ་ད་ལྟའི་གནས་བབས་ལ་ལྟོས་དང་ང་ཚོ་གདོང་དམར་ཚང་གི་མི་གཞིའི་ཀུན་སྤྱོད་དང་སློབ་གསོའི་རིན་ཐང་མཐོང་ཐུབ།”མི་འདིས་གཅིག་ནས་རིག་དགའི་དོན་རྐྱེན་གྱི་འབྱུང་ཁུངས་བཤད་ཁུལ་བྱས་ཤིང་། ཕྱོགས་གཞན་ཞིག་ནས་དོལ་ཚོགས་དང་འབྲེལ་བ་མེད་པ་བཤད་ཚུལ་ལ་ལྟོས་ན་ཧ་ཧ་ཧ་་་་་་་་་
གླུ་བ་རིག་དགའ་ལགས་ནི་བསམ་བློ་ཆ་ཚང་གཏོང་ཤེས་མཁན་གྱི་མི་རྒན་ཉམས་མྱོང་ཅན་ཞིག་ཡིན་བཞིན་དུ། ཧོར་པའི་ལུང་པར་སོང་ནས་ཧོར་པ་ཚོར་བརྙས་བཅོས་གཏོང་བྱེད་ཀྱི་སྒྲུང་ཚིག་ཆེད་དུ་གཉེར་ནས་ལེན་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དང་པོ་གནད་དོན་འདི་ངེས་པར་དུ་གསལ་པོ་བྱས་ནས་ཤེས་དགོས་ཀྱི་ཡོད། །
འཇིགས་སྐུལ་རིང་ལུགས་པ་འདི་ཚོ་སུ་ཞིག་གི་རྗེས་འབྲངས་པ་ཡིན་ན་ཡང་ཡ་རབ་བཟང་སྤྱོད་ཀྱི་སློབ་གསོ་མ་ཕོག་པའི་ཚོ་ཁག་ཅིག་ཡིན་པ་གསལ་སྟོན་བྱས་འདུག དོལ་ཚོགས་དང་མི་ངན་འདི་ཚོས་བླ་མར་ཆོས་གསུངས་མི་འཇུག གླུ་བར་གླུ་ལེན་མི་འཇུག ལྷག་པར་ཡང་མིའི་ལུས་སྲོག་ལ་འཇིགས་སྐུལ་བྱེད་མཁན་འདི་ཚོ་དྲག་སྤྱོད་པ་འཇིགས་སྐུལ་རིང་ལུགས་ཀྱི་ཕྱོགས་གཏོགས་རེད།
ངོས་རང་ལ་མང་པོ་ཞིག་ཤོད་འདོད་མེད། འོན་ཀྱང་ཁྱེད་ཚོས་དོལ་ཚོགས་དང་མི་ངན་འདི་ཚོས་ཟེར་ནས་གླེང་སྟངས་འདི་ནི་ཁྱེད་རང་ཚོ་དཀྲུགས་ཤིང་གི་མངའ་བདག་ཡིན་པའི་ནང་རྟགས་ཕྱིར་རུ་བསྟན་པ་རེད། འཛམ་གླིང་མི་མང་གི་མདུན་ལ་ཐོན་ནས་༧རྒྱལ་བ་དོན་གྱི་བདག་པོ་ལ་ངོ་རྒོལ་བྱེད་པ་དང་། ཆང་ཁང་ཞིག་གི་ནང་དུ་གླུ་བ་ཞིག་ལ་སྒྲུང་ཚིག་ཅིག་གི་གནད་དོན་གྱི་ཐོག་ནས་ངོ་རྒོལ་བྱེད་པ་གཉིས་གནམ་སའི་ཁྱད་པར་ཡོད་པ་ཤེས་པར་མཛོད་ཅིག།
སྨྲ་ཤེས་དོན་གོ་མི་ཡི་མཚན་ཉིད་བཞག་ཡོད། མི་ཡིན་ན་སྔ་བསམ་དང་ཕྱི་བློ་གཏོང་ནས་འདས་མ་འོངས་ད་ལྟ་གསུམ་འདེང་རྒྱག་ནས་བྱ་བ་སྒྲུབ་དགོས། བླ་མ་ཡིན་ན་འདྲ་། གླུ་བ་ཡིན་ན་འདྲ། དཔོན་པོ་ཡིན་ན་འདྲ། ཕྱུགས་པོ་ཡིན་ན་འདྲ། དབུལ་པོ་ཡིན་ན་འདྲ། དེ་མིན་རང་སྣང་གང་དྲེན་གྱི་ལས་དཀའ་བྱས་ན་རང་གི་ཕ་མ་ཡིན་ཡང་དགྲ་རུ་འགྱུར་ཉེས་ཡོད། བོད་ཀྱི་གཏམ་དཔེ་ལ་གླུ་ཡོད་ཚད་གླུ་བས་ལུགས་མེད། གཏམ་གོ་ཚད་ཁ་ནས་བཤད་ལུགས་མེད། རང་ཁ་གསེར་གྱི་གཞོང་པ་དེ། རང་སྲོག་གཅོད་པའི་སྟ་རེ་ཡིན་ཟེར། རིག་དགའ་སྒོར་མོ་ཞིག་གི་དོན་དུ་ཧོར་ཡུལ་ལ་འགྲོ་ནས་ཧོར་པ་ཚོ་སྨ་འབེབས་ཀྱི་གླུ་ལེན་ཡ་དེ་ཁོ་རང་ནོར་འཁྲུལ་རེད་བ།
རིག་དགའ་ལ་ནོར་འཁྲུལ་མེད་ན་ག་རེ་བྱས་ནས་དགོངས་དག་ཞུས་རེད། ཚང་མ་དོལ་རྒྱལ་ལ་ཁག་བཀལ་ན་ཨེ་འགྲིག་ན།
གསལ་བཤད་འདི་འཆི་ཞགས་ཞེས་པ་ཞིག་གིས་བོད་ནང་གི་དྲ་བ་ཞིག་ལ་བཀོད་འདུག གང་ལྟར་སུས་བཀོད་ཀྱང་སྐྱོན་མི་འདུག གཙོ་བོ་འདིའི་ཐོག་མཐའ་བར་གསུམ་གསལ་བཤད་གནང་བ་ཡག་པོ་རེད། དེ་མིན་སྐར་འཕྲིན་རྒྱུད་ནས་སྐད་ཆ་འདྲ་མིན་བཤད་པ་ཚང་མས་ཤེས་གསལ་རེད། ལས་དོན་གང་ཞིག་སྒྲུབ་ཀྱང་སྒྲུབ་ཡུལ་གྱི་ཡུལ་མིའི་འདོད་བློ་དང་མ་མཐུན་ཚེ་ལྡོག་ཕྱོགས་ཀྱི་འབྲས་བུ་ལས་དོན་ལྡན་གྱི་གནས་ཚུལ་ཞིག་ཡོང་ལུགས་མེད། དེ་བས་ད་རེའི་གནས་ཚུལ་འདི་བྱུང་བ་རེད། འདི་ཡ་མཚར་པོ་དང་ཧང་སང་པ་གང་ཡང་མ་རེད།
གླུ་བ་རིག་དགའི་དོན་རྐྱེན་ཐད་ཀྱི་གསལ་བཤད་ཅེས་པའི་རྩོམ་འཕྲིན་འདི་ཐེངས་གཅིག་བཀླགས་ཡོད། གསལ་བཤད་འདི་ནི་ཕྱོགས་སུ་མ་ལྷུང་བའི་གསལ་བཤད་ཚད་ལྡན་ཞིག་པ་ངོས་འཛིན་ཞུ་ཁག ཅིས་ན་གསལ་བཤད་ཚད་ལྡན་ཞིག་ཡིན་ན་དོ་བདག་སོ་སོའི་ངོས་ནས་རྒྱུ་མཚན་གང་ཡིན་གསལ་བཤད་བྱ་དགོས་པ་ལས། གློ་བུར་དུ་མི་བུ་ཟུར་པ་ཞིག་གིས་སྐུ་ཚབ་དང་གསུང་ཚབ་འདྲ་པོ་བྱས་ནས། གསལ་བཤད་ཡིན་མདོག་གིས་ཆོས་ལུགས་བྱེ་བྲག་པ་ཞིག་གི་མི་སྣ་དང་། མི་རིགས་བྱེ་བྲག་པ་ཞིག་ལ་མ་ཉེས་ཁ་གཡོག་བྱེད་པ་འདི་ནི་དཀྲུགས་ཤིང་གི་བླ་རྡོ་འཇོག་རྒྱུའི་ངན་ཇུས་ངོ་མ་དེ་རེད་མ་གཏོགས། དོན་དམ་པའི་གསལ་བཤད་ཚད་ལྡན་ཞིག་ཡིན་པ་ངོས་འཛིན་རྩ་བ་ནས་ཞུ་མི་ཐུབ། ཁྱུང་སེས་མཐོང་བ་ནི་ཨར་དམ་ཕར་གཡུག་ཚུར་གཡུག་བྱས་པ་ཙམ་དེ་རེད། གསལ་བཤད་དངོས་གནས་བྱ་འདོད་ན་དང་པོ་གླུ་བ་རིག་དགས་ཧོར་ཡུལ་དུ་སོང་ནས་ཧོར་པ་ཚོ་ལ་བརྙས་བཅོས་སུ་འགྲོ་བའི་སྒྲུང་ཚིག་་་སེར་པོ་ཧོར་ལ་གཉའ་སྒ་སྤྲད་་་ཟེར་བ་ཞིག་ཆེད་དུ་གཉེར་དང་དུ་བླངས་ནས་ལེན་དགོས་པའི་རྒྱབ་མདུན་གཉིས་ཀྱི་གནས་ཚུལ་དངོས་གནས་དེ་གསལ་བཤད་གཙང་མ་བྱ་དགོས། གེ་སར་གྱི་སྒྲུང་ཟེར་བ་དེ་རྒྱ་ཆེ་ལ་སྣ་མང་བ་ཞིག་ཡིན་དུས་ག་རེ་ལེན་ལེན་རེད་བ། འོན་ཀྱང་དམིགས་ཀྱིས་བཀར་ནས་་་སེར་པོ་ཧོར་ལ་གཉའ་སྒ་སྤྲད་་་ཟེར་བ་དེ་ཧོར་ཡུལ་དུ་སོང་ནས་ལེན་དགོས་པའི་དམིགས་ཡུལ་དང་རྒྱབ་མདུན་གཉིས་ཀྱི་གནས་ཚུལ་དངོས་གནས་དེ། དོ་བདག་གླུ་བ་རིག་དགས་ལྷག་བསམ་རྣམ་དག་གིས་སྦས་གསང་མེད་པར་གསལ་བཤད་མ་བྱས་ན། ད་རེས་ཀྱི་གནས་ཚུལ་འདིའི་འགན་ཆ་ཚང་བ་དེ་གླུ་བ་རིག་དགའི་ལུས་ངག་ཡིད་གསུམ་དང་ཡང་ན་ཁོང་གི་རྒྱབ་དུ་ཡོད་པའི་མངོན་པར་མི་གསལ་ཚོ་ལ་ཐུག་ཡོད། ཅིས་ན་ཁོང་གིས་གླུ་དེ་འདྲ་ཞིག་མ་བླངས་ན་གནས་ཚུལ་བྱབ་ཆུང་འདི་འདྲ་བ་ཞིག་ཡོང་དགོས་པའི་རྒྱུ་མཚན་རྩ་བ་ཉིད་ནས་མེད་པས་སོ། རིག་དགའ་འཁྲབ་མཁན་བྱས་ཁྱུང་སེ་འབྲི་མཁན་བྱས་པ་ཞིག་མ་ཡིན་པའི་རེ་བ་ཡོད། ད་དུང་རྩོམ་འཕྲིན་འདིའི་ནང་དུ་་་དོན་རྐྱེན་དེའི་རྒྱུ་རྐྱེན་ངོ་མ་ནི་ཆོས་ལུགས་ལ་ཕྱོགས་ཞེན་གྱི་དབང་གིས་བྱུང་བ་ཞིག་ཡིན་པ་་་ཟེར་ནས་བྲིས་འདུག་མོད། ཆོས་ལུགས་ཕྱོགས་ཞེན་ཟེར་བའི་སྐད་ཆ་དེ་ཅི་འདྲ་ཞིག་རེད་དམ། ཆོས་ལུགས་ཅིག་ལ་སྡུག་རིས་ཉེས་ཚད་དེ་ལབ་ནའང་ད་དུང་དུས་དང་རྣམ་པ་ཀུན་ཏུ་ཁ་བཙུམས་མགོ་འགུར་རྗེས་སུ་ཡིད་རངས་ཞུས་ནས་སྡོད་དགོས་པ་རེད་དམ། ཁྱུང་སེ་ཁྱེད་རང་ལྟ་བུར་ཆ་མཚོན་ན་ཆོས་ལུགས་ཀྱི་ཕྱོགས་ཞེན་ཟེར་བ་དེ་རྩ་བ་ཉིད་ནས་མེད་ན། རྩོམ་འཕྲིན་འདི་ལྟ་བུ་གསལ་བཤད་ཡིན་ཁུལ་གྱིས་ཕྱོགས་ཁག་ཅིག་དཀར་འདོན་བྱས་ནས་འབྲི་དགོས་པའི་དམིགས་ཡུལ་ངོ་མ་དེ་རྩ་སྟོང་འགྲོ་རྒྱུའི་ཉན་ཁ་འདུག་གོ དེ་ལེགས་པར་གོ་བར་བྱོས། རང་གི་ལུས་ལ་དཔེ་ལོངས་ལ་གཞན་ལ་གནོད་པ་མ་བྱེད་ཅིག། ད་དུང་ཁྱེད་ཀྱིས་་་རྒྱུ་མཚན་ནི་སྦྲ་ཆེན་དང་གཉན་རོང་ཕྱོགས་ཀྱི་བོན་ལུགས་འཛིན་པ་རྣམས་ཀྱིས་གེ་སར་གླིང་སྒྲུང་ལ་མི་དགའ་བར་མ་ཟད་དེ་ལ་འཛེམ་མངའ་བྱེད་པའི་ལུགས་སྲོལ་ཡོད་པ་དང་་་་ཟེར་བ་ནི་ཕལ་ཆེར་ཁྱེད་འབྲི་མཁན་དང་ཁོང་འཁྲབ་མཁན་གཉིས་ཀ་ལ་གནས་ཚུལ་འདི་ལྟ་བུར་ཡོང་རྒྱུར་རྒྱུས་མངའ་དང་གྲ་སྒྲིག་ཡག་པོ་ཡོད་པའི་བཟོ་ལྟ་རེད། ངོ་མ་ཁྱད་མཚར། ཡིན་ནའང་དེ་ངས་ཐ་གཅིག་ཏུ་ཁ་མཚོན་བཅད་ནས་ཤོད་མི་ཐུབ། གལ་སྲིད་སྦྲ་ཆེན་དང་གཉན་རོང་ཕྱོགས་ཀྱི་བོན་ལུགས་འཛིན་པ་རྣམས་ཀྱིས་གེ་སར་གླིང་སྒྲུང་ལ་མི་དགའ་བའི་ལུགས་སྲོལ་ཞིག་ཡོད་པའི་དབང་དུ་བཏང་ནའང་དེ་ནི་ཆོས་ལུགས་ཀྱི་ཕྱོགས་ཞེན་གང་ཡང་མིན་པར་མི་རིགས་ཧོར་པ་ཟེར་བ་དེའི་ལ་རྒྱ་དང་ཞེན་ཁོག་ལ་ཐུག་ཡོད་པ་ཤེས་བཞིན་དུ་ཆོས་ལུགས་ཀྱི་གནད་དོན་དཀྲུགས་ཤིང་གི་ཚུལ་དུ་འདིར་གླེང་དགོས་པ་ཅང་མི་འདུག་སྙམ་མོ། གེ་སར་གི་སྒྲུང་ཡིག་ནང་དུ་ཧོར་གླིང་གཡུལ་འགྱེད་དང་མོན་གླིང་གཡུལ་འགྱེད་དང་ལྗང་གླིང་གཡུལ་འགྱེད་ཟེར་བ་སོགས་མང་པོ་ཞིག་ཡོད་རབས་འདུག་མ་གཏོགས་ད་བར་བོན་གླིང་གཡུལ་འགྱེད་ཟེར་བ་ཞིག་ཅང་ཡོད་སྐད་མ་ཐོས། སྤྱིར་སྟངས་སྒྲུང་ཡིག་དེ་ཚོའི་ནང་དུ་ཚིག་ངན་མང་པོ་ཞིག་ཡོད་པ་ནི་གོར་མ་ཆགས་པས་ཚིག་ངན་དེ་རིགས་རང་སྣང་གང་ཤར་གྱི་ཚུལ་དུ་མ་འོངས་པར་མང་ཚོགས་འཚོགས་སར་གྱེར་སྒྲོག་མ་བྱས་ན་དགའ་ས་རེད། ཡིན་ནའང་ཁྱེད་ཚོ་དཔའ་བོ་ཞེ་བོ་ཞིག་ཡིན་ཟེར་ནས་ལེན་ཀྱང་བྱེད་ཀྱི་ཟེར་ན་ནི་རང་འདོད་ལྟར་བྱོས་ཤིག །
ཧོར་ཚོ་བ་སོ་བདུན་ནི་གླིང་སྒྲུང་ནང་གི་ཧོར་ཞེས་པར་འབྲེལ་བ་ཡོད་དམ། སྡེ་བ་དང་ཚོ་བའི་མིང་ལ་ཧོར་ཐོགས་མཁན་ཁམས་དང་ཨ་མདོའི་ནང་དུ་གང་འཚམས་འདུག་པས། དེ་དག་ཀྱང་གླིང་སྒྲུང་ནང་གི་ཧོར་ཡིན་ནམ། ཕྲན་གྱིས་རྒྱུས་ལོན་བྱས་པ་ལྟར་ན། ཨ་མདོ་དཔའ་རིས་དང་ཁད་ཉེ་བའི་ཤ་ར་ཡུ་གུར་རམ། དེང་སྐབས་ཡུའུ་གུའུ་རང་སྐྱོང་རྫོང་ཟེར་བའི་ཤ་ར་ཡུ་གུར་ཚོས་རྟ་རྐྱང་ཞོན་མཁན་གྱི་མི་སླེབས་ན་མདུན་དུ་ཐལ་བ་གཏོར་བའི་ལུགས་སྲོལ་འདུག་པ་དང་། ཁོ་རང་ཚོ་ཧོར་ཡིན་པར་ངོས་འཛིན་གནང་བཞིན་པར་བཤད།
དོན་རྐྱེན་འདིའི་ནང་ཕན་ཚུན་བར་གོ་ནོར་ཐེབས་མེད་དམ་སྙམ། བསམ་བློ་གཏོང་དགོས་པ་འདྲ། གླིང་སྒྲུང་ནི་རྩོམ་རིག་ཡིན་པ་ལས་ལོ་རྒྱུས་དངོས་མིན་པ་ནི་ཚང་མས་ཤེས་གསལ་རེད།
ད་རིང་ང་བོན་པོ་ལགས་ལ་སྙིང་རྗེ་སྐྱེས་སོང་ལ་ཁོང་ལ་གདུང་སེམས་ཡོད། ང་བདེན་པའི་ཕྱོགས་སུ་ལངས་ཀྱི་ཡིན། ཧོར་པ་ཡིན་ན་བོན་པོ་ཡིན་པས་མི་ཁྱབ། དོན་ངོ་མ་ཧོར་ལ་ཕོག་ཐུག་ཤོར་བའི་ནད་དེ་ཅིའི་ཕྱིར་བོན་པའི་མགོ་ལ་བབ་པ་རས། འདིར་རྩོམ་པ་པོས་བོན་པོའི་སྐོར་གླེང་དགོས་དོན་མིན་འདུག དོན་མེད་ཉམས་ཆུང་མི་ལ་ཐུབ་ཚོད་མ་བྱེད་ན་དགའ།
ཧོར་ཚོ་ཁག་བཅུ་སུམ་ནང་ལ་དགེ་ལུགས་པ་མང་པོ་རེད། སྙིང་མ་ཡོད། བཀའ་བརྒྱུད་དང་ས་སྐྱ་ཧ་ལམ་མེད། བོན་པོ་ཡོད། ཅིའི་ཕྱིར་ཆོས་ལུགས་གཞན་པ་གཉིས་ཀྱི་མི་སྨྲོས་མེད་དམ།
མདོར་ན་གར་སྟེགས་སྟེང་གི་མིའི་ལུས་སྲོག་ལ་འཇིགས་སྐུལ་བྱེད་མཁན་དེ་ཚོ་ནི་ཏྲ་ནི་བྷན་དང་ཨལ་ཁ་རྡ་ལྟ་བུའི་འཇིགས་སྐུལ་རིང་ལུགས་པ་རེད། འདི་རིགས་ཀྱིས་ཉིན་ཞིག་ལ་བདག་ཉིད་ཆེན་པོ་གན་དེ་བཀྲོང་པ་ལྟ་བུའི་ཉེན་ཁ་སློང་སྲིད་པ་རེད།
དེ་རིང་གོ་འདིའི་ཐད་ནས་གོ་ཐོས་གཞན་ཞིག་ཀྱང་བྱུང་སོང་། རིག་དགས་གླིང་སྒྲུང་ནང་གི་ཧོར་ལ་སྨད་པའི་གླུ་དེ་བླངས་པའི་རྗེས་སུ་ཧོར་པ་ཁ་ཤས་ཀྱིས་དེ་ལྟར་བྱས་ན་མི་ལེགས་ཚུལ་བཤད་འདུག་ཅིང་། དེར་རིག་དགས་ “ངས་ད་དུང་འདི་འདྲ་ལེན་རྒྱུ་ཡིན། ང་བཟང་རུང་ངན་རུང་ཨ་མདོའི་ཕོ་རྒོད་ཅིག་ཡིན། ང་ལ་རྒོལ་ལན་སྤྲོད་རྒྱུ་ཡོད་ན་ཁྱོད་ཚོ་ཤོག་དང་ང་ད་དུང་ས་གནས་འདི་རུ་ཉིན་འགའ་འདུག་རྒྱུ་ཡིན།”ཟེར་ནས་བཤད་པ་རེད་ཟེར། དེའི་ཕྱི་ཉིན་ནག་ཆུའི་ཕོ་སར་ཚོས་དེར་དགྲ་ལན་བླངས་པ་རེད་ཟེར། འདི་བདེན་མིན་མི་ཤེས། འོན་ཀྱང་དོན་མེད་ལ་རིག་དགར་བརྙས་བཅོས་བྱེད་རྒྱུ་མ་རེད་འདོད།
མེ་ཚ་པོའི་ནང་དུ་རང་མ་འཆང་ན་ཚུར་འཚིག་མི་ཡོང། དོ་བདག་རང་ཉིད་ལ་སྐྱོན་ཀྱི་ཡང་མེད་པའི་མི་བཟང་ཞིག་ཡིན་ན་སུ་གང་གི་གནོད་འཚེ་བྱེད་མི་སྲིད། ཁོང་བྲོ་གར་ཁོང་ནས་འབྲོས་དགོས་པ་ཞིག་བྱུང་དུས་བརྟེན་བརྟེན་སྐྱོན་ཞིག་ཡོད་རེད། ཧོར་ཚོ་སུམ་བཅུ་སོ་གསུམ་ནང་དུ་བོན་པོ་་་དང་་བཀའ་རྒྱུད་་་རྙིང་མ་་དགེ་ལུགས་་བཅས་ཡོད་རེད། ཇོ་ནང་དང་ས་སྐྱ་ཡོད་ཡོད་བཟོ་མི་འདུག། བྲོ་གར་ཁོང་དུ་ཤེལ་དམ་དང་ཕོར་པ་སོགས་ཆར་པ་བབ་པ་ནང་བཞིན་འཕོན་ནས་མི་མང་གི་སྐད་སྒྲ་་ཕ་རོ་ཟ་རྒྱུ་ཟེར་བ་སོགས་འུར་འུར་དུ་གྲགས་སོང། དེ་ལ་ལྟས་ན་ཧོར་ཚོ་སུམ་བཅུ་ལ་མི་དགའ་བའི་གླུ་ཞིག་གཏོང་ཡོད་པ་ཐག་གི་ཆོད།
དྲ་གྲོགས་མང་པོ་ཞིག་ནས་ང་ཡི་མིང་ཐོག་ཏུ་ཡོད་པའི་རྩོམ་དེར་བསམ་ཚུལ་གྱི་མཆན་གང་མང་བཏབ་པར་དགའ་བསུ་ཡོད། ངས་བཏང་བའི་རྩོམ་དེ་ང་ཡི་བསམ་ཚུལ་མིན། དེ་ང་ཡི་དྲ་གྲོགས་ཞིག
གིས་བྲིས་པ་དེ་ངས་བཏང་བ་ཡིན། འོན་ཀྱང་ཁ་བརྡ་ཚང་ནས་ངས་བྲིས་པ་གཞིར་བཞག་གིས་བཏང་འདུག་དེ་ལ་གནད་འགག་ཆེན་པོ་མ་མཐོང་ནས་གང་ཡང་ཞུས་མེད། གང་ལྟར་ནག་ཆུའི་ནང་དུ་ཆོས་ལུགས་མི་འདྲ་བ་མང་དུ་ཡོད་པའི་ནང་ནས་ཧོར་སྦྲ་ཆེན་རྫོང་ཞེས་པ་ནི་ཡོངས་རྫོགས་བོན་པོ་ཡིན་བཟོ་འདུག དེར་བན་དེའི་གྲོང་པ་རེ་ཟུང་འདྲ་ཡོད་ན་མ་གཏོགས་ཡོད་པར་མ་གོ། གོང་དུ་ཁག་ཅིག་གིས་ངས་བྲིས་པ་གཞིར་བཞག་གིས་བསམ་ཚུལ་འགའ་ཞིག་སྨྲས་འདུག་མོད་གོང་གི་གསལ་བཤད་དེ་ཡིས་འཐུས་པར་བྱས།
སྐད་ཆ་བཤད་སྟངས་འདི་ཚོའི་ནང་དུ་གང་དྲན་དྲན་འདྲ་ཞིག་བཤད་བཞིན་འདུག ནག་ཆུའི་ཡུལ་དུ་ཧོར་ཚོ་ཁག་བཅུ་སུམ་ཟེར་བ་ཞིག་ཡོད་རབས། ཚོ་ཁག་དེ་དག་ལ་ཧོར་ཞེན་ཆེ་རབས། ཧོར་གུར་དཀར་གཉའ་སྒ་སྤྲད་ནས་བསད་རབས་ཀྱི་གླུ་ལེན་ན་ནག་ཆུ་ནང་གི་ཧོར་ཚོ་ཁག་བཅུ་གསུམ་ཁོང་ཁྲོ་ལངས་སོང་རབས་བཤད་བཞིན་འདུག་མོད།
ང་སྐྱེས་ཡུལ་ཡང་ཏྲེ་ཧོར་ཁམས་པའི་ཡུལ་ནས་ཡིན། ཏྲེ་ཧོར་ཁམས་པའི་ཡུལ་དུ་ཧོར་སེར་ད་ར་ཁག་ལྔ་ཡོད། གླུ་བ་རི་དགལ་སྐྱེས་ཡུལ་རྙི་ཁོག་ནས་རེད་ཟེར། རི་དགའ་ཨ་མདོ་བ་མ་རེད། རྙི་རྒྱ་མདའ་ཟེར་བ་དེ་ཏྲེ་ཧོར་ཡུལ་གྱི་ཏྲེའུ་དཔོན་གྱི་མངའ་འོག་རེད། བོད་ས་རང་བཙན་ཡོད་པའི་དུས་སྐབས་སུ་་རྙི་རྒྱ་མདའི་དཔོན་པོ་ཏྲེའུ་དཔོན་གྱིས་བསྐོས་བཞག་བྱས་ནས་བཏང་གི་རེད། རི་དགའ་ཁོ་རང་ཡང་ཧོར་སེར་ད་ར་ཁག་ལྔའི་ནང་གི་ཏྲེའུ་དཔོན་གྱི་མངའ་འོག་གི་མི་རེད།
ཏྲེ་ཧོར་ཁམས་པའི་མི་རྣམས་ཧོར་ལ་མི་དགའ། གླིང་ལ་དགའ། ཏྲེ་རབས་ཧོར་གྱིས་བཟུང་བའི་རྗེས་སུ་ཧོར་མིང་བྱུང་། ཧོར་སེར་ཆེན་རྒྱལ་པོས་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་ལ་ས་ཆོལ་ཁ་གསུམ་དབང་ཡོན་དུ་ཕུལ་བའི་རྗེས་སུ་བོད་བཙན་པོའི་རྒྱལ་ཁབ་ཀྱི་ཡུལ་ལུང་རེ་འགའི་ནང་དུ་ཧོར་མིང་བྱུང་། ནག་ཆུ་བའི་ཨ་ཕོ་ཧོར་དེ་དག་གི་ཧོར་མིང་ཡང་ས་སྐྱའི་སྲིད་དབང་འཛིན་རྗེས་སུ་བྱུང་བ་ཡིན་དགོས་པར་འདོད།
ཏྲེ་ཧོར་ཁམས་པ་ཡིན་ནའང་འདྲ། ཨ་ཕོ་ཧོར་ཡིན་ནའང་འདྲ། བོད་ཡུལ་གྱི་ཧོར་མིང་ཅན་གྱི་ཡུལ་ལུང་འདི་དག་གིས་ཧོར་ཞེན་བྱེད་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད། ཧོར་ནི་ང་ཚོ་ལ་དབང་སྒྱུར་བྱས་མཁན་བསླེབས་པ་རེད། བསད་མཁན་བསླེབས་པ་རེད། ཕྲོགས་མཁན་བསླེབས་པ་རེད། མ་གཏོགས་ཏྲེ་ཧོར་དང་ནང་ཆུ་བའི་ཨ་བུ་ཧོར་གཉིས་ཧོར་ག་ལ་ཡིན། བོད་བཙན་པོའི་མི་རིགས་ངོ་མ་ཡིན། ངས་བལྟས་ན་ལོ་རྒྱུས་ཡག་པོ་མ་ཤེས་ནས་ནོར་འཁྲུལ་ཤོར་འདུག་བསམས་ཀྱི་འདུག
ཁྱོད་ཚོ་སུ་ལ་ནག་ཆུ་བའི་ཨ་བུ་ཧོར་དེ་དག་ཧོར་གྱི་མི་སེར་ཡིན་པའི་ཁུངས་སྐྱེལ་ཡོད་ན་བྱེད་རོགས་བྱོས། རང་ངོ་རང་གིས་མ་ཤེས་པར་བོད་བཙན་པོའི་མི་རིགས་ཀྱི་ནང་ཁུལ་དུ་དཀྲུག་ཤིང་བརྒྱབ་ན་ཕན་ཐོགས་མེད་དོ།
ངས་བལྟས་ན་རི་དགའ་ལགས་ཀྱིས་དགོངས་དག་ཞུ་དགོས་པའི་རྒྱུ་མཚན་མི་འདུག་བསམས་ཀྱི་འདུག རང་ངོ་རང་གིས་མི་ཤེས་པའི་ཨ་བུ་ཧོར་དེ་དག་གིས་སོ་སོ་ཧོར་རིགས་མིན་པ་དང་། བོད་བཙན་པོའི་མི་རིགས་ཡིན་པར་ཤེས་པའི་ཐོག་ནས་རི་དགའ་ལ་དགོངས་དག་ཞུས་ན་འོས་ཤིང་འཚམས་པ་རེད་འདོད། དཀྲུགས་ཤིང་དེ་དག་ག་ནས་ཡོང་གི་ཡོད་མེད་ཡག་པོ་བྱས་ནས་བལྟོས་ཤོག་་་ཨ། རང་ངོ་རང་གིས་ཤེས་པར་བྱོས་ཤོག་ཨ།
བོན་པོ་དང་རི་དགའ་གཉིས་ཀྱི་བར་དུ་འགལ་ཟླ་ཞིག་ཡོད་དོན་རྩ་བ་ནས་མེད། བོན་པོ་ཚོས་མཁྱེན་པ་བྱོས་ཨ།
ཨ་ཆེན་ཧོར་གྱིས་དབང་སྒྱུར་བྱས་ཀྱང་།
ཨ་ཆེན་ཧོར་གྱི་ས་ཆ་མ་རེད།
ཨ་བུ་ཧོར་ཞེས་ཧོར་མིང་ཡོད་ཀྱང་།
ཨ་ཆེན་ཧོར་གྱི་མི་སེར་མ་རེད།
ཨ་ཆེན་ཧོར་གྱི་གུར་དཀར་རྒྱལ་པོ།
ཨ་བུ་ཧོར་གྱི་རྒྱལ་པོ་མ་རེད།
ཨ་བུ་ཧོར་ཚོས་རང་ངོ་ཤེས་ན།
འུ་དུམ་བཙན་པོ་ཁྱོད་ཀྱི་དཔོན་རེད།།
ཨ་བུ་ཧོར་དེ་དག་ཧོར་གྱི་མི་སེར་ཡིན་པའི་ཁུངས་སྐྱེལ་མེད་ན་་རི་དགའ་ལགས་ཀྱིས་གླུ་འདི་འདྲ་ལེན་ན་མཚར་མོ་རེད།
ཨ་ཆེན་ཧོར་གྱིས་དབང་སྒྱུར་བྱས་ཀྱང་།
ཨ་ཆེན་ཧོར་གྱི་ས་ཆ་མ་རེད།
ཨ་བུ་ཧོར་ཞེས་ཧོར་མིང་ཡོད་ཀྱང་།
ཨ་ཆེན་ཧོར་གྱི་མི་སེར་མ་རེད།
ཨ་ཆེན་ཧོར་གྱི་གུར་དཀར་རྒྱལ་པོ།
ཨ་བུ་ཧོར་གྱི་རྒྱལ་པོ་མ་རེད།
ཨ་བུ་ཧོར་ཚོས་རང་ངོ་ཤེས་ན།
འུ་དུམ་བཙན་པོ་ཁྱོད་ཀྱི་དཔོན་རེད།
སྨར་ཁམས་གླིང་གི་གེ་ས་ཇོ་རུ།
ཨ་བུ་ཧོར་གྱི་དགྲ་ཟླ་མ་རེད།
ཚ་ཞང་མདན་མའི་ཐལ་ལ་དྲུག་འགྱུར།
ཨ་བུ་ཧོར་ལ་དམའའབེབ་མ་རེད།།
རྒན་ཅོ་རུས་ཁ་གསལ་གསུང་ཤག རྩོད་ཉོག་ཡོང་སྟངས་དེ་འདྲ་ཞིག་ཡིན་མོད། ཡོང་གཞི་གང་འདྲ་ཞིག་ཡིན་མིན་བརྟག་བྱ་རེད། ནག་ཆུ་སོག་རྫོང་སོགས་སུ་དེང་སྐབས་ལས་འགུལ་མང་པོ་སྤེལ་གྱི་ཡོད་ཙང་། དེ་དག་འགེབས་ཐབས་ཤིག་དང་ནང་ཁུལ་གཏོར་ཐབས་ཤིག་མིན་འགྲོ གཟབ་གཟབ་གཟབ་གནང་རན་པར་སྣང་།
ཁྱུང་སེ་ལགས་ཁྱེད་བཤད་ཀྱི་སྟངས་ལ་ལྟས་ན་རིག་ལ་མི་དགའ་་མཁན་དེ་ཚོ་བོན་པོའི་ཐོག་ཏུ་སྒྲིལ་ཨེ་ཐུབ་མི་ཐུབ་ལྟ་ཡི་འདུག། ད་ཡིན་དུས་ཁྱོད་བོན་ལ་བཟུང་བའི་སྙིང་ནད་ཞིག་ཡོད་ཐག་ཆོད་རེད་འདུག། སྦྲ་ཆེན་རྫོང་ཟེར་བ་དེ་ཚང་མ་བོན་པོ་རེད་བན་དེ་མི་ཚང་ཁ་ཤས་ཡོད་ན་མ་གཏོགས་ལབ་འདུག། ནག་ཆུའི་ཁོང་་༡་སོག་རྫོང་་་༢འབྲི་རི་རྫོང་་་༣་ཨ་མདོ་རྫོང་་་༤་སྙན་རོང་རྫོང་་་༥་ནག་ཆུ་རྫོང་་་་༦་ལྷ་རི་རྫོང་་་་༧་ཉི་མ་རྫོང་་་༧་མཚོ་གཉིས་རྫོང་་་༨་དཔལ་མགོན་རྫོང་་་་༩་ཤན་རྩ་རྫོང་་་སྦྲ་ཆེན་རྫོང་བཅས་་་་རྫོང་ཁག་བཅུ་ཡོད། དེ་དག་ཚང་མ་བོན་པོ་རེད་བས་ཡང་ན་བན་དེ་རེད། ཡིན་གཅིག་མིན་གཉིས་རིག་དགའ་ལ་མི་དགའ་མཁན་དེ་བོན་པོ་ཡིན་དགོས་དོན་ག་རེ་ཡིན་ནམ།
དེ་དགོང་མོ་ནག་ཆུ་སྦྲ་ནག་གླུ་གར་ཁང་དུ་ཡོད་མཁན་བོན་པོ་གཅིག་པུ་ཡིན་ཅི་མ་རེད་བསམ། བོན་པོ་ལས་བན་དེ་ལྡབ་ལས་མང་བ་གཞི་བཞག་རེད།
ཏྲེའུ་ཁམས་པའམ་ཏྲེ་ཧོར་ཁམས་པ་རྣམས་ནི་ཁམས་བེ་རི་རྒྱལ་པོའི་དཔུང་པ་གཡས་པ་དེ་རེད་འདུག་བ། དུས་སྐབས་ཅིག་ལ་ཁྱེད་རྣམ་པ་ཚོར་དམྱལ་བ་མི་ཡུལ་དུ་མངོན་སུམ་པར་མྱོང་དགོས་ཐུག་ཡོད་རེད། དེ་ཁྱེད་ཨ་རོགས་ཚོས་ལོས་མཁྱེན། འདས་པའི་བྱུང་རབས་ལ་ཐེངས་གཅིག་བསམས་ནས་རྣམ་པ་ཚང་མར་གདུང་སེམས་མཉམ་བསྐྱེད་ཡོད་ཞུ་བ་ཡིན། །