ཀླུ་སྨྱོན་ཧེ་རུ་ཀ
སྐར་མ་རྡོག་གཅིག་ས་རུ་ལྷུང་བ་འམ། །
ཆུ་རྡུལ་ཕྲ་མོ་གནམ་དུ་འཕུར་བ་བཞིན། །
རྣམ་ཤེས་ཁེར་རྐྱང་སྨུག་པའི་ཞོགས་ལྗོངས་སུ། །
སྟོན་ལོ་སེར་པོ་ཞིག་གི་ཁུག་ཏུ་སྐྱེས། །
འབུ་སྲིན་གཅིག་ལ་གཅིག་བཟའི་ཟློས་གར་གྱིས། །
མི་ཚེའི་གོ་རིམ་གཏམ་རྒྱུད་བཞིན་དུ་བྲིས། །
ལམ་ཞུགས་མགྲོན་པོའི་སྐད་ཆ་རྫོགས་མེད་ཀྱིས། །
འཆར་ཡན་གཡོ་སྒྱུའི་ངོ་འབག་གྱོན་སྟངས་སྦྱངས། །
རི་བོ་རལ་ཞིང་ཆུ་གཏེར་འཁྲུག་པ་ཡི། །
དེབ་ཐེར་ཆེན་མོ་ཞིག་གི་ཀློག་མཚམས་སུ། །
ལུག་ཁྱུའི་འབའ་སྒྲ་ལྷང་ལྷང་ཐོས་པ་ན། །
ཚེ་རབས་དུ་མའི་ཕ་ས་ལན་གཅིག་དྲན། །
སྐྱེ་བ་ཞེས་བྱ་རྫ་རིའི་ཆུ་ཕྲན་བཞིན། །
ཐོག་མེད་ནས་འོངས་གནམ་སའི་མཐའ་རུ་བཞུར། །
སོར་མོ་བཅད་པའི་ཁྲག་དམར་ཐིགས་པ་གཅིག །
འདི་དང་འདྲེས་ནས་སྲིད་པའི་གཞི་རུ་འཐིམས། །
ལོ་དང་ཟླ་བའི་ཞགས་པས་སྐེ་བསྡམས་པའི། །
འགྲོ་བ་ཀུན་ཀྱང་མུན་ནག་མགྲོན་པོ་སྟེ། །
རྣམ་ཤེས་སྒྲོན་མེ་ཆུང་ཆུང་གྲངས་མེད་ཅིག །
མཚན་མོའི་འདས་ལོག་མཛད་སྒོར་ཞུགས་པ་ཡིན། །
ལྗོན་པ་རྒས་ཤིང་ལོ་འདབ་ཟགས་པ་ཡི། །
ཆུ་འགྲམ་གྲོང་གསེབ་བྱ་ཕོའི་སྐད་སྙན་ཅན། །
རྡོ་ཁང་སྲུབ་ནས་རྣམ་ཤེས་གྲངས་མེད་ཀྱིས། །
རྒྱང་རིང་སྤྲིན་པའི་ཚོགས་ལ་ཅེར་རེར་ལྟ། །
ལྷས་རར་ལྕི་དྲི་འཐུལ་བའི་འབྲོག་ས་རུ། །
རྣམ་ཤེས་ཁྱུ་ཞིག་འོད་ཀྱི་བཞོ་ལོང་སྟེང་། །
གཉིད་ཙམ་སད་ཙམ་བྱིས་པའི་ལོ་ཟླ་དག །
ཨ་མའི་རྒས་གཉེར་གསེབ་ཏུ་འབྲི་བར་བྲེལ། །
མདུན་ཅོག་ཟད་པོའི་སྟེང་གི་ཉི་འོད་ཀྱིས། །
ས་རྡུལ་འཕྱགས་ནས་ཤོག་བུའི་ཐིག་ཕྲེང་གསལ། །
སྒྱུ་མའི་སྨྱུ་གུ་ལག་ཏུ་བཟུང་བའི་མོད། །
གཙང་པོར་མཆོངས་ནས་རང་སྲོག་བཅད་ན་སྙམ། །
རང་སྲོག་གཙང་བོར་འཐིམ་པའི་རླབས་ཆེན་པ།
སྨྱུག་ཐོགས་དཔའ་བོ་དེ་འདྲ་དཀོན་པས་ན།
ས་སྟེང་དགགས་རིགས་བར་ཆད་མི་འབྱུང་བར་།།
འཁོར་སྒྱུ་སངས་རྒྱས་ས་ལ་འགོད་པར་ཤོག།
སྐྱེ་ལུས་གཅིག་ལ་ཆ་ལུགས་སྣ་མ་སྣ་ཚོགས།
མི་ཚེ་གཅིག་ལ་ཆོས་ལུགས་སྣ་མ་སྣ་ཚོགས།
ལས་དབང་གཅིག་ལ་མཐོང་ཚུལ་སྣ་མ་སྣ་ཚོགས།
འདི་ལྟར་འདས་ལོག་མིན་ན་སུ་ཞིག་་གིས་ནུས།
སྙན་དངགས་པ་ཤི་ན་འདོད་དུས་སྙན་དངགས་ཁྱད་དུ་འཕགས་པ་འབྲི་བའི་སྔ་ལྟོས་ཡིན། ཨ་རི་ཡུལ་ནས་ཤི་ཟེར་ན་ཡ་མཚར་བའི་གནས་ཤིག་མ་རེད། ༩ ༡༡་ནས་ད་ལྟ་བར་དུ་མི་ག་ཚོད་ཤི་སོང་། ཡ་མཚར་བའི་གནས་ནི་བསམ་བློ་ཕུལ་དུ་བྱུང་བས་དྲངས་བའི་སྒྱུ་རྩལ་ཡིན། ནེ་ཚེ་ཡིས་དཀོན་མཆོག་ཤི་སོང་ཟེར་དོན་དེ་རེད། ང་ཚོར་བསམ་བློ་གསར་བ་ཞིག་ག་དུས་ཡིན་ཡང་མཁོ།