རྔ་བ་རྒྱལ་ཁམས་པ།
དེར་བརྟེན། གནས་འདི་དག་ཏུ་ཤར་ཕྱོགས་པ་མང་བོ་ཞིག་ཡོང་གི་ཡོད་པ་ཚོད་གིས་ཐུག་སླ། དཔེ་ཆ་དེར་སྟོན་པའི་རྣམ་ཐར་དང་། ཤེར་སྙིང་། བདེན་བཞི་ལས་འཕྲོས་པའི་ནང་བའི་ལྟ་གྲུབ་སྐོར་བཞུགས། མགྲོན་ཁང་འདིར་ཞག་མ་གཅིག་ལ་ཨ་སྒོར་སུམ་བརྒྱ་ཐམ་པ་རེད། ཁོང་གསུམ་གྱིས་སན་ཧྥི་རན་སས་སི་ཁོའི་གནམ་ཐང་ནས་ཉོས་པའི་སྟབས་བདེའི་ཟས་ལ་རོལ་ཞིང་། ངས་སྟབས་བདེའི་ཤ་མེད་ཐུག་པ་སྐམ་པོ་ཞིག་བསྐོལ་ནས་ཟོས་པ་ཡིན། མ་རྒན་གྱིས་ཞལ་ཟས་ཟོས་ཚར་བ་མ་ཟད། གཟུགས་པོའང་བཀྲུས་ཚར་ཏེ། འཕྲལ་མར་མཁོ་བའི་ཅ་དངོས་རྣམས་ཐབ་ཚང་གི་མདུན་ཅོག་སྟེང་བསྒྲིགས་ཏེ་བེད་སྤྱོད་བྱེད་སྟ་གོན་བྱས། བུ་ཆུང་ནི་དྲྭ་ལམ་ལ་དཀའ་ངལ་ཞིག་འཕྲད་པས། ཞལ་པར་བརྒྱུད་མགྲོན་ཁང་གི་སྣེ་ལེན་ཚན་པར་འབྲེལ་ལམ་བྱེད་ཀྱིན་པ་མཐོང་། ཆུང་མ་ཁྲུས་ལ་ཞུགས། ངས་གཟུགས་མཐོང་བརྙན་འཕྲིན་གྱི་ཁ་ཕྱེ་ནས་ས་གནས་ཀྱི་གསར་འགྱུར་ལ་བལྟས། ཆུང་མས་གཟུགས་པོ་བཀྲུ་ཚར་རྗེས་ང་རང་སོང་ནས་གཟུགས་པོ་བཀྲུས། ང་ཚོར་ཁྲུས་ཁང་གཅིག་ལས་མེད་པས་ཅུང་སྟབས་མ་བདེ་ཞིག་འདུག་མོད། ཁྲུས་ཁང་དང་ཉལ་ཁང་གི་བར་ཐབ་ཚང་གིས་བཅད་ཡོད་པས་འཛེམ་ཟོན་དེ་ཙམ་ཞིག་མ་བྱས་ཀྱང་ཆོག མ་རྒན་གྱིས་སང་ཉིན་ནི་རང་དབང་གི་ཉིན་མོ་ཡིན་པས། ཞོགས་ཉལ་ཡག་པོ་ཞིག་གྲུབ་རྗེས། རང་འདོད་ལྟར་སྤྲོ་འཁྱམས་ལ་འགྲོ་དགོས། ད་ཚང་མ་ཉལ་རོགས་གནང་ཞེས་གསུངས། ཞོགས་པའི་ཆུ་ཚོད་གཅིག་ལ་སླེབས་ཉེར་མ་རྒན་གྱི་བཀའ་ལྟར་ང་ཚོ་ཚང་མ་ཉལ། སྦྱིན་བདག་ཚང་གི་ལས་འཆར་ལྟར་ན། ཕྱིར་ཉིན་ནི་ང་ཚོ་སྒེར་གྱི་ཉིན་མོ་ཅི་བྱེད་རང་དབང་ཡིན་པས། ངའི་རེ་བར་ཞོགས་ཉལ་སྐྱིད་ཐག་ཆོད་ཅིག་གཏོང་དགོས་འདོད་ཀྱང་། མ་རྒན་ཞོགས་པའི་ཆུ་ཚོད་ལྔ་ཡས་མས་ཤིག་ནས་ཡར་ལངས་ཏེ། ཁྲུས་བརྒྱབ་ནས་གཟབ་འཆོར་སྤྲས་ཏེ་ཕར་འགྲོ་ཚུར་ཡོང་གི་སྒྲ་ཙག་ཙིག་ཡང་ཡང་རྣ་ལམ་དུ་འོང་བས་གཉིད་མ་འོང་། དེ་ནས་ངའི་ཆུང་མའང་ཡར་ལངས་ཏེ། ཁོང་མ་སྨད་གཉིས་ཀྱིས་མདུན་ངོས་སྒེ་ཁུང་ཆེན་པོ་དེའི་སྒེ་ཡོལ་ཕྱེ་ནས་ཕྱི་ལ་ལྟད་མོར་ལྟ་བཞིན་ལྐོག་ལབ་ཅི་ཞིག་བྱེད་ཀྱིན་པ་ཐོས། ཇེ་ཞིག་ནས་ཁོང་གཉིས་ཀྱིས་ཇ་དང་ཁ་ཟས་རེ་ཁྱེར་ནས་སྒེ་ཁུང་ཕྱི་ངོས་ཀྱི་ཁྱམས་རར་བུད་སོང་། སྔར་བཞིན་ཕྱིའི་ལྟད་མོ་དང་འབྲེལ་ནས་ལབ་གླེང་སྣ་ཚོགས་བྱེད། བུ་ཆུང་དང་ངེད་གཉིས་ད་དུང་གཉིད་མ་སད་ཀྱི་ངང་ཡར་མ་ལངས་པར་ཉལ་ཁྲིའི་སྒང་བསྡད། དེ་ནས་ངས་ཁ་ཏོན་དང་། ཡོ་གའི་ཉམས་ལེན་སོགས་ནམ་རྒྱུན་གྱི་ཆོས་སྤྱོད་ཀྱི་བྱ་བའི་རྒྱུན་བསྐྱངས། ཁ་ཏོན་གྲུབ་རྗེས་དྲྭ་རྒྱ་བསྔོགས་ཏེ་ས་ཕྱོགས་འདིར་བོད་ཀྱི་ཆོས་ཚོགས་འདྲ་ཡོད་མེད་ཞིབ་འཇུག་བྱས། བོད་འབྲེལ་ཆོས་ཚོགས་འགའ་རེ་ཡོད་པ་འདྲའང་ཁ་བྱང་གསལ་བོ་ཞིག་ཤིན་ཏུ་རྙེད་དཀའ་བོ་རེད། ང་ཚོ་ཡུལ་སྐོར་དུ་མ་འོང་གོང་ངའི་ཆུང་མས “གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང”ཞེས་པའི་དགོན་པ་ཞིག་དང་དེའི་ཁ་བྱང་བཅས་དྲྭ་ངོས་ནས་བཤུས་ཏེ་ང་ལ་སྤྲད་སོང་མོད། ཁ་བྱང་དེ་བོར་བརླག་ཏུ་སོང་ནས་རྙེད་ཀྱི་མི་འདུག ཆོས་ཚོགས་དེར༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་མྱོང་བའི་ལོ་རྒྱུས་ཤིག་མཐོང་བས་ཆོས་ཚོགས་དེ་དང་། དེ་བཞིན་བོད་བརྒྱུད་ནང་བསྟན་དང་འབྲེལ་ལམ་ཡོད་པའི “ཕ་ལའི་ཁོ་ཞི་བདེའི་སྐྱེད་ཚལ”ཞེས་མིང་དུ་བཏགས་པའི་ས་གནས་ཤིག་རྙེད་པས། ཉིན་དེར་གནས་དེ་གཉིས་ཀར་མཇལ་སྐོར་དུ་བསྐྱོད་རྒྱུར་ཐག་བཅད་པ་ཡིན། དཀའ་ངལ་ཞིག་ཡོད་པ་ནི། གླིང་ཆེན་འདིར་ལམ་སྟོན་འཕྲུལ་འཁོར་ལ་བརྟེན་ནས་དམིགས་ཡུལ་ས་ཁུལ་དུ་སླེབས་དཀའ་བ་དེ་རེད། ང་ཚོས་ཁ་པར་བཏང་སྟེ་ཁ་བྱང་དང་ལམ་རྒྱུས་ཅུང་ཟད་ཅིག་ཤེས་སོང་། དེ་ནས་ངའང་ཕྱི་ངོས་ཀྱི་ཁྱམས་རར་ཕྱིན་ནས་གླིང་ཆེན་འདིའི་ལྗོངས་བཀོད་ལ་ཐོག་མའི་མིག་ཕྱེས་པ་ཡིན། ང་ཚོའི་ཁོར་ཡུག་ནི་ཐང་ཤིང་དང་། ཏ་ལའི་སྡོང་བོ། མིང་གིས་རྨོངས་པའི་མེ་ཏོག་སྣ་ཚོགས་ཀྱིས་ཡོངས་སུ་གང་ཞིང་། བྱ་བྱེའུ་དག་གིས་གསུང་སྐད་དིར་དིར་སྒྲོག ཤིང་ལོ་ཆེན་པོ་དག་གི་བར་སེང་ནས་སྤང་ལྗོངས་འབར་འབུར་དང་། མིས་བཟོས་གང་ལམ་ཆེ་ཆུང་། གཞུ་དབྱིབས་ཅན་གྱི་ཟམ་པ། བཟོ་རིག་གི་སྒྱུ་རྩལ་གྱི་རྨད་དུ་བྱུང་བའི་ལམ་ནས་བསྐྲུན་པའི་སྐུ་འདྲ་དང་། ལྡིང་ཁང་། མཚོ་ལམ། རྫིང་བུ་སོགས། མཁའ་དབྱིངས་སུ་ཤར་བའི་འཇའ་ཚོན་དང་། ཐང་གར་བྲིས་པའི་རྨི་ལམ་གྱི་ཞིང་ཁམས་ལྟ་བུར་མཐོང་། ད་དུང་ཕྱོགས་ཕེབས་མགྲོན་པོ་དག་བག་ཕེབས་ངང་རྐང་འགྲུལ་དང་། མཚོ་འགྲུལ། མེ་འཁོར་བརྒྱུད་ནས་ཡར་མར་ཕེབས་བཞིན་པར་བལྟས་ན། ང་ཚོ་ཡོད་ས་ནི་མིས་བཟོས་བཅོས་གླིང་ཤིན་ཏུ་རྒྱ་ཆེན་པོ་ཞིག་ཡིན་པར་ཧ་གོ དེ་ནས་ང་ཚོས་ཁ་ངོ་གཙང་མར་བཀྲུས། གོན་པ་གཙང་མ་རེ་གྱོན་ནས་ཕྱི་རོལ་དུ་ཞོགས་ཇ་དང་། སྤྲོ་འཁྱམས་ཀྱི་ཆེད་དུ་ཕྱིན་པ་ཡིན། ངས་ཤེས་རྟོགས་བྱུང་བ་ཞིག་ལ། ང་ཚོ་བསྡོད་སའི་བཅོས་གླིང་འདིའི་མིང་ལ “WALIO HILTON” ཞེས་འབོད་པ། བཅོས་གླིང་འདིའི་ནང་། མགྲོན་ཁང་སྙན་གྲགས་ཅན་མང་བོ་དང་། དེ་དག་རང་རང་ལ་དབང་བའི་ཁོར་ཡུག བསྐྱེད་ཚལ། ཞབས་ཞུའི་ལས་རིམ་མི་འདྲ་མང་བོ་ཡོད་པར་མ་ཟད། ཚོང་ཁྲོམ་གྱི་ཆ་ནས “ རྒྱལ་བོའི་ཁྲོམ”དང་། “རྒྱལ་མོའི་ཁྲོམ” ཞེས་པའི་ཚོང་ཁྲོམ་གྲགས་ཅན་དག་གིས་མཚོན། ཟ་ཁང་དང་ཚོང་ཁང་ཆེ་ཆུང་ཧ་ཅང་མང་བོ་འདུག ང་ཚོས་རླངས་འཁོར་བཏང་སྟེ་སྐར་མ་བཅོ་ལྔ་ཙམ་གྱི་ས་ལ་ཡོད་པའི་རྒྱལ་མོའི་ཁྲོམ་དུ་ཕྱིན། ཉིན་དེའི་གནམ་གཤིས་དྲོད་གྲང་ཤིན་ཏུ་སྙོམ་པོ་རེད། རླུང་ཤུགས་ཅུང་ཆེའང་རླུང་གྲང་མོ་མ་རེད། ང་ཚོ་ཁྲོམ་ར་དེའི་ནང་གི་ས་གནས་བཟའ་ཆས་ཚོང་ཁང་དུ་ཕྱིན། ཚོང་ཁང་དེ་ནི། བཟའ་བཏུང་དང་། གྱོན་ཆས། མཚམས་རྟགས་སོགས་ཡུལ་སྐོར་བར་མཁོ་ངེས་པའི་དངོས་པོ་ཕལ་ཆེར་ཞིག་ཉོ་རྒྱུ་ཡོད་སའི་སྣ་འཛོམས་ཚོང་ཁང་ཞིག་རེད། ཚོང་ཁང་དེའི་ལས་བྱེད་ཕལ་ཆེར་ས་གནས་ཡུལ་མི་དང་། ལྷག་པར་བུད་མེད་ལོ་གཞོན་སྒེག་ཉམས་འདི་རེད་ཅེས་སྟོན་དཀའ་ནའང་། ཕར་བལྟས་ཚོད་ལ་ཤིན་ཏུ་སྙིང་རྗེ་མོའི་རིགས་ཀྱི་བུ་མོ་རྐྱང་རྐྱང་གིས་ལས་ཀ་བྱེད་བཞིན་པ་མཐོང་། ངའི་བུ་དང་མ་རྒན་གཉིས་ཀྱིས་འཇར་པན་གྱི་སོས་ཤས་ཞེས་པའི་ཟས་རིགས་དང་། ཆུང་མས་ས་གནས་ཡུལ་མིའི་བཟའ་བཏུང་། ངས་ཤ་མི་ཟ་བས་དཀར་ཟས་ལ་ཕས་ཙ་ཞེས་གྲགས་པ། ཕྱི་གླིང་གི་སྐྱ་གོར་ཆེན་པོ་ཕྱུར་བ་དང་། སྔོ་ལྡུམ་གྱི་ཐོག་ཁེབ་ཅན་ཞིག་ལས་ཅིའང་མངགས་མ་ཤེས། ཁོང་གསུམ་གྱིས་མངགས་པའི་ཟས་རིགས་ཚང་མ་བཟོས་ཚར་ནས་ཟ་ཆོག་ཆོག་རེད། ངའི་ཕས་ཙ་གཞི་ནས་གློག་ཐབ་ནང་སྲེག་དགོས་སྟབས། ཁོང་ཚོས་རང་རང་གི་བཟའ་བཏུང་རྣམས་འཁྱེར་ནས་ཕྱི་ལོགས་ཀྱི་ཁྱམས་རའི་ནང་ཞོགས་ཟས་བཟའ་བར་ཕེབས། ངས་ཆུ་ཚོད་ཕྱེད་ཀ་ཙམ་སྒུག་རུང་ད་དུང་ཟས་མ་སླེབས། གནས་ཚུལ་འདི་ང་གཅིག་པུ་མ་རེད། སྐབས་ཐོག་དེར་གཡོ་སྦྱོར་དགོས་པའི་ཁ་ཟས་མངགས་གཏོང་གནང་མཁན་ཚང་མ་གཅིག་མཚུངས་རེད། གནས་སྟངས་འདི་ལས་བདག་གིས། ཡུལ་མིའི་སེམས་ཁམས་ཤིན་ཏུ་བག་ཕེབས་སོས་དལ་ཡིན་པ་ཚོར་བྱུང་། རེ་ཞིག་ནས་ངའི་ལག་པར་ཡོད་པའི་བརྡ་གཏོང་གློག་ཆས་ལས་ཟས་བཟོ་ཚར་སོང་བའི་བརྡ་བསྟན། ངས་ཕས་ཙ་བླངས་ནས་ཕྱི་ལ་འགྲོ་དུས། ཁོང་ཚོས་ཕལ་ཆེར་ཞོགས་ཇ་འཐུང་ཚར་ལ་ཉེ། ངའི་ཆུང་མ་མ་བུ་གཉིས་ཀྱིས་མདུན་ངོས་ལྡུམ་རའི་ནང་འབྲས་གཏོར་ནས་བྱ་བྱེའུ་རྣམས་གསོ་བཞིན་པ་མཐོང་། ངའི་ཕས་ཙ་བྲོ་བ་ཡག་པོ་འདུག ཕྱུར་བ་དང་སྔོ་ལྡུམ་མང་གྲགས་པས་ཚང་མ་ཟ་མ་ཐུབ། ནམ་རྒྱུན་ལྟོགས་སྐོམ་གྱིས་མནར་བའི་འགྲོ་བ་དང་། མིའི་ངལ་རྩོལ་མང་བོ་བརྒྱུད་ནས་བྱུང་བའི་དཀའ་ལས་ལ་བསམ་བློ་བཏང་སྟེ། བཟའ་བཏུང་གང་ཡང་འཕྲོ་བརླག་ཏུ་མི་འགྲོ་བའི་ཐབས་ལ་འབད་བརྩོན་གང་ཡོང་བྱེད་བཞིན་ཡོད་མོད། ད་ལམ་ངས་ཟ་མ་སྒུག་ཡུན་རིང་བ་དང་ཁོང་ཚོས་ང་སྒུག་ཡུན་རིང་བ། ང་ཚོ་ཆོས་ཚོགས་ཁ་ཤས་ཤིག་གི་ནང་འགྲོ་རྒྱུ་གཏན་ཁེལ་སྟབས་ཟས་ལྷག་གད་སྙིགས་སུ་མ་འཕངས་ཐུ་མེད་བྱུང་། ང་ཚོས་ཞོགས་ཟས་གྲུབ་ནས་འགྲིགས་ལ་མ་འགྲིགས་པའི་ལམ་སྟོན་འཕྲུལ་འཁོར་གྱི་རྗེས་སུ་འབྲངས་ཏེ། ཐོག་མར་ད་གའི་དྲྭ་རྒྱ་ལས་རྙེད་པའི “བྱེ་ནག་མཚོ་ཚལ”གྱི་ཕྱོགས་སུ་བསྐྱོད། ཡུལ་འདིར་འགྲིམ་འགྲུལ་གྱི་ལམ་ཕལ་ཆེར་གཙང་ཞིང་སྤུས་དག་པོ་འདུག གོ་ཐོས་སུ་གླིང་ཆེན་འདི་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཚུགས་ཤིག་ཡིན་པས། ས་གནས་གཞུང་གིས་ལམ་ཁར་བདག་ཉལ་ཡག་པོ་བྱེད་པ་དང་། ཁ་བ་མི་འབབ་པས་ལན་ཚྭ་བེད་སྤྱོད་གཏོང་མི་དགོས་པ། ལམ་བཟོས་རྒྱུ་སྤུས་གཙོ་བོ་མེ་རིས་བཞུས་པའི་བྲག་རྡོ་ཡིན་པས་ལམ་ཁ་ལྷག་པར་སྲ་བརྟན་ཡོད་པ་རེད་ཟེར།
སྤྲོ་འཁྱམས་མེད་ལོ་་་་འཆམ་རེད་་་་འཆམ་འཆམ་ལ་འགྲོ་་་་