ཨ་ར་དཀར་པོ།
སྤྱིར་བྱ་བའི་ཚིག་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་དབང་གིས་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གཉིས་དང་། བྱེད་འབྲེལ་ལས་ཚིག་ལའང་ལྟོས་ས་ལྟོས་འཇོག་གི་སྒོ་ནས་བྱ་ལས་བྱེད་ལས་གཉིས་སུ་ཕྱེས་ཡོད་པའི་བྱེད་ལས་ལྟ་བུར་མཚོན་ན། ཚིག་གྲོགས་ཀྱི་དབང་གིས་དུས་གསུམ་ག་ལ་འཇུག་པ་ཡོད་ཁར་གཞན་བྱ་ལས་དང་བསྡུར་ན་བྱེད་ལས་ཉིད་འཇུག་པ་ཁྱབ་ཆེ་བའང་ཡིན་པ་སྔོན་བྱོན་མཁས་པའི་གསུང་རབ་ཚད་ལྡན་དག་ལས་ཤེས་ནུས་མོད། འོན་ཀྱང་སྔོན་གྱི་བརྡ་སྤྲོད་འགྲེལ་བ་ལ་ལར་བྱ་ལས་མ་འོངས་པ་དང་བྱེད་ལས་ད་ལྟ་བར་གསུངས་པའི་བསྟན་དོན་ཅི་ཡིན་མང་པོ་ཞིག་གིས་སྒྲ་དྲང་ཐད་དུ་བཟུང་བའི་དབང་གིས་བྱ་ལས་མ་འོངས་གསུངས་པ་ལྟར་བྱ་ལས་ཡིན་ན་དུས་མ་འོངས་པ་ཁོ་ན་ཡིན་ཤག་ཤག་དང་བྱེད་ལས་ད་ལྟ་གསུངས་པ་ལྟར་བྱེད་ལས་ཡིན་ན་དུས་ད་ལྟ་བ་ཁོ་ནར་འཇུག་ཤག་ཤག་ཏུ་བྱས་པའི་ཉེར་ལེན་ལས་ཕྱིས་བོད་ཀྱི་ཚིག་མཛོད་ཁག་ཏུའང་དེ་ལྟར་འཁོད་པ་དཔེར་ན།
གཅད་་་་་བྱེད་འབྲེལ་ལས་ཚིག ་ མ་འོངས་པ ) ༡ དངོས་རྫས་རིང་བོ་དུམ་བུར་གཏུབ་པའི་དོན་ཏེ། གཅད་བྱའི་ཤིང་ཞེས་པ་ལྟ་བུ། (གཅོད) ནི་ད་ལྟ་བ་སྟེ། ཞེས་དང་། ཡང་ གཅོད གཅད་ཀྱི་ད་ལྟ་བ།༼དག་གསར་ལས༽
གཅད་པ གཅོད་པའི་མ་འོངས་པ།༼ཚིག་མཛོད་ཆེན་མོ་ལས༽ ལྟ་བུ་བཀོད་པ་ལ་བརྟེན་ནས་མང་ཆེ་བས་ དཔེར་ན་ཤིང་འདི་གཅོད་དགོས་ཞེས་པ་ཡིག་ནོར་དུ་ལྟ་ཞིང་གཅད་དགོས་ཞེས་པ་ཁོ་ན་དག་པར་འདོད་པ་དང་། ཚེ་རིང་གིས་ཤིང་དེ་གཅོད་པར་འགྱུར་རོ་ལྟ་བུ་ཡིག་ནོར་དང་གཅད་པར་འགྱུར་ཞེས་པ་དག་པར་བརྩི།
དེ་བཞིན་དཔེར་ན། དེའི་དུས་ཀྱི་ཚེ། བྱང་ཆུབ་སེམས་དཔའ་ཆེ་གེ་མོ་བྱ་བ་འབྱོན་པར་འགྱུར་ཏེ་དེ་བྱོན་ནས་ཀྱང་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་སྟོན་པར་འགྱུར་རོ་ལྟ་བུའི་ཚབ་ཏུའང་བསྟན་པར་འགྱུར་རོ་ཞེས་བཅོས་དགོས་པ་ལྟ་བུ་ཡིན། དེ་ལྟར་མ་འོངས་པ་སྟོན་བྱེད་བྱ་ལས་ཁོ་ནར་འདོད་པ་ནི་ཧ་ཅང་གུ་དོག་པའི་ལམ་དུ་ཞུགས་པ་སྟེ། སྤྱིར་བྱ་ལས་མ་འོངས་པ་ཡིན་ཀྱང་མ་འོངས་པ་ཡིན་ན་བྱ་ལས་ཡིན་པས་མ་ཁྱབ་སྟེ། བྱེད་ལས་མ་འོངས་པ་ཞིག་ངེས་པར་ཡོད་ཆོག་ལ་ཡོད་དགོས་པའང་ཡིན་ནོ།
རྒྱུ་མཚན་ནི་བྱ་ལས་བྱེད་ལས་གཉིས་ནི་ལས་གང་ཞིག་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་པའི་བྱ་བ་གང་ཞིག་བརྗོད་པའི་ཚེ། སྤྱིར་བྱེད་པོ་དང་བྱ་ཡུལ་གཉིས་ཀ་མེད་པའི་ལས་དེ་འདྲ་ཞིག་མི་སྲིད་ཀྱང་སྐབས་ཐོག་དེར་བྱེད་པ་པོ་དང་བྱ་ཡུལ་ལམ་ལས་གཉིས་ལས་བྱ་ཡུལ་དེ་ཉིད་གཙོ་བོར་དམིགས་སུ་བཟུང་ནས་བརྗོད་པའི་ཚེ་བྱེད་པ་པོ་དངོས་སུ་མི་སྣང་བ་ལྟ་བུ་དང་། ཡུལ་དེའི་སྟེང་དུ་བྱ་བ་དེ་འདྲ་ཞིག་བྱ་རྒྱུ་བསྡད་ཡོད་པ་ལྟ་བུའི་རྒྱུ་མཚན་ལ་བརྟེན་ནས་བྱ་ལས་ཞེས་བཏགས་པ་ཡིན་ལ་དེའི་དོན་ནི་བྱ་བའི་ཡུལ་དང་འབྲེལ་བའི་བྱ་བའམ་ལས་ཞེས་པ་ཡིན།
ཡུལ་དེའི་སྟེང་བྱ་བ་དེ་འདྲ་ཞིག་བྱ་རྒྱུ་བསྡད་ཡོད་པ་ལྟ་བུ་གོ་བའི་ཆ་ནས་བྱ་ལས་མ་འོངས་པ་ཞེས་ཀྱང་བརྗོད་པ་ཡིན། དཔེར་ན་ཡུལ་གཅད་བྱའི་ཤིང་གང་ཡིན་པ་དེ་ཉིད་ལ་བལྟས་ཏེ་ཤིང་འདི་གཅད་པར་བྱའོ་ཞེས་བརྗོད་པ་ལྟ་བུ། དེ་བཞིན་བྱ་ཡུལ་མེད་པ་མིན་ཡང་གཙོ་བོ་བྱེད་པ་པོ་དེ་ཉིད་དམིགས་སུ་བཟུང་ནས་བརྗོད་པའི་བྱ་བ་དེར་བྱེད་ལས་ཞེས་བཏགས་པ་སྟེ། དོན་ནི་བྱེད་པ་པོ་དང་གཙོ་བོར་འབྲེལ་བའི་ལས་ཞེས་པའི་དོན། དཔེར་ན་ཚེ་རིང་གིས་ཤིང་གཅོད་དོ་འམ་གཅོད་པར་བྱེད་དོ་ཞེས་བརྗོད་པ་ལྟ་བུ། དེ་ལྟར་བརྗོད་པའི་ཚེ་གཙོ་བོ་བྱེད་པ་པོ་ཚེ་རིང་གི་སྩོལ་བ་ལ་བལྟས་ནས་སམ་བསམས་ནས་བརྗོད་པ་ཡིན་པ་གང་ཞིག་ལ་སྩོལ་བ་ཡུལ་ལ་འཇུག་བཞིན་པའི་དུས་དེ་ནི་ད་ལྟ་བར་གོ་བའི་རྒྱུ་མཚན་གྱིས་བྱེད་ལས་ད་ལྟ་བ་ཞེས་བཏགས་པ་ལས་བྱེད་པ་པོའི་སྩོལ་བ་ལ་གཙོ་བོར་དམིགས་ནས་དུས་མ་འོངས་པ་དང་འདས་པ་བཅས་བརྗོད་མི་ཆོག་པ་ལྟ་བུ་སུས་ཀྱང་ཐག་བཅད་མེད།
ལ་ལས་གང་ཞིག་བྱས་དང་བྱེད་འགྱུར་སྟོན་པའི་ཚེ་བྱ་ཡུལ་ལས་བྱེད་པོ་དེ་ཉིད་གཙོ་བོར་དམིགས་སུ་བཟུང་ནས་བརྗོད་པའི་སྒྲ་དཔེར་ན། ཚེ་རིང་གིས་ཤིང་གཅོད་པར་འགྱུར་ལྟ་བུ་དང་གཅོད་པར་བྱས་སོ་ལྟ་བུའང་མང་དུ་འབྱུང་བས་སོ། དེ་ལྟར་བྱ་བ་གང་ཞིག་བརྗོད་སྐབས་བྱེད་པ་པོ་གཙོ་བོར་དམིགས་སུ་བཟུང་ནས་བརྗོད་པ་ཤས་ཆེ་བའང་ཡིན་ཏེ། དཔེར་ན། ཆོས་སྟོན་པར་འགྱུར་རོ། ལས་བྱེད་པར་འགྱུར་རོ། དོན་སྒྲུབ་པར་འགྱུར་རོ། གསོད་པར་འགྱུར་རོ། ལྟ་བུ་རྣམས་ནི་རིམ་པ་བཞིན་ཆོས་བསྟན་པར་འགྱུར་རོ། ལས་བྱ་བར་འགྱུར་རོ་སོགས་དང་བསྡུར་ན་རྒྱུགས་ཆེ་ལ་བརྗོད་བདེ་བའང་ཡིན་པས་འདི་རིགས་ལ་བྱེད་ལས་མ་འོངས་པ་ཞེས་བརྗོད་ན་དོན་ལ་གནས་པའང་ཡིན་ནོ།
དེང་སང་ཁ་ཅིག་གིས་ཧ་ཅང་ཞིབ་ཆ་ཆེ་མདོག་གིས་སྔོན་གྱི་བཀའ་བསྟན་གསུང་རབས་དག་ལ་ཅི་མི་སྙམ་པར་བྱ་ལས་མ་འོངས་བྱེད་ལས་ད་ལྟ་ཞེས་པའི་ཚིག་དོན་དེའང་དཔྱིས་ཕྱིན་པ་ཞིག་མ་རྟོགས་པར་གྱ་ཚོམ་དུ་སྨྲ་བ་དང་གཞན་གྱི་དག་པ་ལའང་བརྡ་སྤྲོད་དང་མི་མཐུན་ཚུལ་སྨྲོས་ནས་གང་འདོད་དུ་བཟོ་བཅོས་བྱས་དང་བྱེད་བཞིན་པ་གང་མང་ཞིག་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་ལ་བརྟེན་ནས་རང་གི་བསམ་ཚུལ་ཅུང་ཟད་ཅིག་འདི་ལྟར་སྨྲ་བར་ཐལ་ལོ།
མཐར་འདི་ལ་འགལ་འཁྲུལ་གྱི་ཆ་མཆིས་ཚེ་བློ་གཟུ་བོའི་ཐོག་ནས་རང་གི་དགོངས་འཆར་ཅི་འདོད་དུ་ལྷུག་པོར་སྩོལ་ཅིག་ཅེས་ཀྱང་ཞུའོ།།
ཨ་ར་དཀར་པོ་མཆོག་གཅིག་ན། གཞོན་པ་ཨ་ར་ནག་པོ་ཞིག་ཡིན་ངེས། དིང་སང་དག་ཡིག་དང་སུམ་རྟགས་ཀྱི་འགྲེལ་པ་མང་པོ་དར་ཡོད་ཀྱང་། སྔར་དེ་འདྲ་མེད་པའི་སྐབས་སུ་བྲིས་པའི་ཡི་གེའི་དག་ཆ་རྣམས་ཤིན་དུ་དག་པར་མཐོང་། ཡི་གེ་འཇུག་ཚུལ་ལ་དཔྱད་པ་མང་བས། ཁོ་བོ་སོགས་རྣམ་དཔྱོད་ཀྱིས་དབེན་པ་དག་གིས་སྔོན་བྱོན་བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་དག་ཀློག དེ་དག་གི་ཡི་གེའི་དག་ཆ་ལ་བལྟ་ན། མགོ་མ་འཐོམས་པར་རྣམ་དཔྱོད་སྤེལ་ཐུབ། དེ་མིན་སོག་པོ་བོད་སྐད་ལ་ནང་བྱན་ཆུད་པ་བསྟན་དར་ལྷ་རམས་པས། གང་གི་གསུང་འབུམ་དེབ་གཟུགས་མ་ཤོག་གྲངས་༥༥༧ན། འ་ཡིག་གིས་འདས་ཚིག་གཏན་ནས་མི་འཕུལ་མོད། ཅེས་གསུངས་པའི་དགོངས་པ་གང་ཡིན་མ་ཤེས། བདག་གིས་ནི་དིང་དུས་ཀྱི་ཨ་རི་པ་མཁས་དབང་གོལ་སྟེཨིན་གྱི་བོད་ཨིན་ཚིག་མཛོད་ན། འདའ། འདས། འདའ། ཞེས་པ་ ད་ལྟ་འདས་མ་འོངས་གསུམ་གྱི་ཚིག་ཡིན་པར་ཚད་མར་བྱེད། དེ་བཞིན་བོད་སྔ་རབས་པ་དང་། མཁས་གྲུབ་རྗེ་དང་། འཇུ་མི་ཕམ་སོགས་ཀྱི་རྗེས་སུ་འབྲངས་ཏེ། འབྲེལ་པ་དང་། འགྲེལ་པ་སོགས་འབྲིའོ།
དཔེ་རེད། ངོ་མ་དོ་སྣང་ཞིབ་ཚགས་བསྙད་འདུག ཐུགས་རྗེ་ཆེ།
འདིར་འདྲི་བ་ཞིག་ཡོད།
དེང་སང་རྒྱུག་ཤུགས་ཆེ་བའི་ཚིག་སྦྱོར་ཏེ།
བཀྲ་ཤིས་ཀྱིས་ངེས་པར་དུ་བསམ་བློ་གཏོང་༼གཏང་༽དགོས། གང་རེད་དམ།
ལས་དོན་དེ་བསྒྲུབ་༼སྒྲུབ་༽དགོས།
སང་ཉིན་ཁ་པར་གཏོང་༼གཏང་༽དགོས།
འཕྲོད་བསྟེན་གྱི་ཤེས་བྱ་་ཡར་རྒྱས་གཏོང་༼གཏང་༽བར་ངེས་པར་དུ་སློབ་གསོ་རྒྱག་༼བརྒྱབ་༽དགོས།
ཚེ་རིང་སྐྱིད་ཁྱོ་ཀ་ཐུག་པར་ངེས་པར་དུ་ཆ་རྐྱེན་ཉུང་དུ་གཏོང་༼གཏང་༽དགོས།
གོང་གི་སྩོལ་བ་དེ་རྩོལ་བ་རེད། རྟགས་འཇུག་ཤེས་ནས་དག་ཡིག་མི་ཤེས་འགལ། །ཀུ་རེ་ཡིན།
གསུང་རབས་དེ་གསུང་རབ།
ཨ་ཁུ་ཀླུ་སྨྱོན་ལགས་བདེན དེ་དེ་བཞིན་ནོ།
མོས་མཐུན་ཡོད།
དེའི་དུས་ཀྱི་ཚེ། བྱང་ཆུབ་སེམས་དཔའ་ཆེ་གེ་མོ་བྱ་བ་འབྱོན་པར་འགྱུར་ཏེ་དེ་བྱོན་ནས་ཀྱང་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་སྟོན་པར་འགྱུར་རོ།། ཞེས་པས་སྟོན་འདི་ཉིད་དག་པར་སེམས་སྟེ།
ང་ལ་ཡོདཔའི་བརྒྱད་སྟོང་པ་བྲིས་མ་འདིར་ཡང་། ་་་་་་དགེ་བའི་ལས་ཆེན་པོ་མངོན་པར་འདུ་བྱེད་པ་ཡོངས་སུ་༼གཟུང་བར་མིན་མིན་པར་༽འཛིན་པར་འགྱུར་རོ། ཞེས་དང་། ་་་་་དེ་དག་ནི་རང་གི་རྒྱུད་བཅོམ་ནས་གཞན་གྱི་རྒྱུད་ཀྱང་༼གཞོམ་པར་མིན་པར་༽འཇོམས་པར་འགྱུར། གསུངས་པ་ལྟར་རོ།།
དངོས་པོ་བདག་གཞན་གཉིས་ཀྱི་ནང་ནས། འདིར་གཞན་ཡང་ཡིན་ལ། མ་འོངས་པ་ཡང་ཡིན་པ་ནི། གཅོད་པ་པོ་དང་། བྱེད་པ་པོ་དང་འབྲེལ་བའའི་གཅོད་པའི་བྱ་བ་གཉིས་དངོས་པ་བདག་དང་། དུས་ད་ལྟ་བ་ཡིན་པ་དང་།
གཅད་བྱའི་ཤིང་དང་། ཤིང་རིང་པོ་དེ་དུམ་བུ་གཉིས་སུ་སོ་སོར་སོང་བ་དེ་ཉིད་། གཅད་བྱ་ཤིང་གི་བྱ་བ་ཞེས་གཅད་བྱའི་བྱ་བ་ཞེས་གཅད་ཅེས་འབྲི་དགོས་པ་ལས། སང་ཉིན་ཚེ་རིང་གིས་ཤིང་ཞིག་གཅོད་པར་འགྱུར་རོ། འདིར་སང་ཉིན་ནི། དངོས་པོ་གཞན་མ་ཡིན་པར། དུས་མ་འོངས་པ་སང་ཉིན་གྱི་དུས་ལ། བྱ་བ་ད་ལྟ་བ་ཞིག་སྟོན་པས། གཅོད་པ་ཉིད་འཐད་པས། དེས་ཀུན་ལ་རིགས་འགྲེ་བར་བྱའོ།།
ཨ་ར་དཀར་པོས་ལེགས་སྐྱེས་གནང་འདུག ཐུགས་རྗེ་ཆེ། མདོར་ན་སུམ་རྟགས་མཁན་པོས་དངོས་པོ་བདག་བྱེད་པ་པོ་དང་འབྲེལ་བའི་ལས་སྟོན་པའི་བྱ་ཚིག་གི་ཡི་གེའི་དག་ཆར་དུས་ད་ལྟ་བ་འབྲི་དགོས་པ་དང་། དངོས་པོ་གཞན་བྱ་ཡུལ་དང་འབྲེལ་བའི་ལས་སྟོན་པའི་བྱ་ཚིག་གི་ཡི་གེའི་དག་ཆར་དུས་མ་འོངས་པ་འབྲི་དགོས་པར་བསྟན་ཀྱང་ཁྱབ་པ་མེད་དེ། ངས་བལྟས་ན། ཚང་མས་ངེས་པར་མཁྱེན་དགོས་པའི་རྒྱུ་མཚན་དང་པོ་ནི། དུས་གསུམ་ལ་ཚིག་(དག་ཆའི་)གི་སྒོ་ནས་དུས་གསུམ་སྦྱོར་ཚུལ་(ད་ཡོད་ཚིག་མཛོད་མང་ཆེ་བར་ཚིག་གི་དུས་གསུམ་འདི་ཁོ་ན་བསྒྲིགས་ཏེ་དོན་ལ་བརྗོད་པ་ཚིག་སྒྲུབ་གྱི་སྦྱོར་ཚུལ་རིང་པོ་ཞིག་འབྲི་དགོས་པའི་སྐབས་དག་ཆ་གདམ་ཀ་བྱེད་རྒྱུར་རང་རེ་མང་པོ་ཞིག་གི་མགོ་བོ་འཐོམ་དུ་འཇུག་གི་ཡོད་ལ་བརྗོད་པ་དངོས་ཀྱི་དོན་འཁྱོངས་མི་འཁྱོངས་ལའང་ནོར་འཁྲུམ་གཏོང་སྲིད་)ཞིག་དང་། གཉིས་པ་བརྗོད་པའི་(ཚིག་སྒྲུབ་ཀྱི་)སྒོ་ནས་(འགའ་ཞིག་གིས་འདི་ལ་དོན་གྱི་དུས་གསུམ་སྦྱོར་ཚུལ་ཡང་ཟེར་)དུས་གསུམ་སྦྱོར་ཚུལ་གཉིས་ཡོད། འདི་གཉིས་ལ་ཞིབ་ཚགས་པོས་དབྱེ་སྦྱོར་གནང་སྟངས་ཤེས་ན་བདག་གཞན་དུས་གསུམ་གྱི་རྣམ་གཞག་བཀྲལ་སྟངས་ཨ་ར་དཀར་པོའི་རྩོམ་འདི་ལྟ་བུ་ལ་ད་དུང་གོ་རྒྱུ་འཕར་མ་དང་གསལ་པོ་ཆགས་སྲིད་སྙམ། མདོར་ན། འདས་མ་འོངས་དུས་གསུམ་གྱི་བརྗོད་པ་རེ་རེ་ལའང་ནང་ཚན་འདས་པའི་འདས་པ། དཔེར་ན། སྔོན་མ་ནས་ཁོས་དེབ་ཐེར་དེ་བརྩམས་ཚར་བ་རེད། ཅེས་པ་ལྟ་བུ་དང་། འདས་པའི་མ་འོངས་པ། དཔེར་ན། སང་ལོ་ད་ཚོད་ཁོས་དེབ་ཐེར་དེ་བརྩམས་ཟིན་དང་ཟིན། ཅེས་པ་ལྟ་བུ་དང་། འདས་པའི་ད་ལྟ་བ། དཔེར་ན། ཁོས་དེབ་ཐེར་བརྩམས་མགོ་བཙུགས་སོང་། ཞེས་གསུམ་ཀར་ཚིག་གི་དག་ཆ་འདས་པ་ “བརྩམས་” ཤ་སྟག་བྲིས་ཡོད་པར་དོན་ལ་ནོར་འཁྲུལ་མེད་པར་བརྩིས་དགོས་ན། འདིའི་རིགས་འདྲེས་གནང་སྟེ་སྦྱོང་བདར་གནང་ན་ལག་ལེན་ཐོག་དཔེ་དེབ་ཁག་གི་བརྗོད་དོན་ལ་རྩོམ་པ་པོས་འདས་མ་ད་གསུམ་གྱི་བྱུང་བ་སོགས་གང་དང་གང་གསུངས་ཀྱི་ཡོད་མེད་ཀྱི་གོ་བ་ལྷག་པོ་ཞིག་རྙེད་སྲིད་པས་དཔྱད་པར་འཚལ་ལོ། །