བདེ་པོ་འཚོ།
སྤྲིན་ནག་ལྷོག་ལྷོག་ཏུ་འཁྲུགས་ཤིང་།
ཆར་བ་ཤག་ཤག་ཏུ་བབས་བྱུང་།
འབྲུག་སྒྲ་ལྡིར་ལྡིར་དུ་གྲག་དུས།
ཡུན་རིང་ལ་རྨོངས་གཉིད་དུ་ཤོར་བའི་ང་ནི།
ད་ལྟ་གཞི་ནས་རིག་པ་གསལ་བ་དང་མཚུངས་ཏེ།
སྒེའུ་ཁུང་ལས་ལྡིང་བའི་རླུང་བའི་རེག་བྱ།
གྲང་བསིལ་བསིལ་གྱིས་ངའི་ངོ་གདོང་དུ་འཕྱོ་བ་ཡང་ད་གཟོད་ཚོར།
སྐབས་འདིར་ང་ནི་སྨྱོན་པ་ཞིག་སྨྱོ་ལས་དྭངས་བ་བཞིན།
འདས་སོང་གི་དོན་དག་དུ་མ་ཞིག
དགའ་སྐྱོ་ཆགས་སྡང་གི་ཚོར་བའི་རླབས་ཀྱིས་དེད་ཡོང་བ་ནི།
ངའི་མིག་མདུན་ལ་རླུང་རླབས་ཀྱིས་འདེད་བཞིན་པའི་ཆར་ཟེགས་ལྟར།
ཕྱིར་དྲན་སྣ་ཚོགས་ཀྱི་ཀློང་ནས་འགོག་མེད་དུ་བབ་བྱུང་།
ཆལ་ཆིལ་དུ་བབ་བྱུང་།
ཀྱག་ཀྱོག་གི་ལམ་བུ་དག་གི་སྣེ་མོ་བརྟོལ་བའི་རྔུལ་ནག་གི་ཐིགས་པ་ནི།
རླུང་བུའི་རྒྱུ་ཕྱོགས་སུ་མཆེད་པའི་ཆར་ཐིགས་དང་འདྲ་ཞིང་།
ཉིན་མཚན་གྱི་དབྱེ་འཚམས་མེད་པའི་རྒྱང་བཞུད་ཀྱི་རྡོག་སྒྲ་དག་ནི།
ད་ལྟ་གཉོམ་ཆུང་གིས་ལྡིང་བཞིན་པའི་སྙིང་གི་འཕར་ལྡིང་ལས་མངོན་བྱུང་ཨང་།
རེད་ཡ། སྐབས་དེ་དུས།
རིན་ཐང་བྲལ་བའི་ཚེ་སྲོག་འབེན་ལ་བཞག
གཡང་གཟར་འཇིགས་རུང་གི་རི་ཆུ་སྟོང་ཕྲག་བརྒལ།
བཀྲེས་སྐོམ་ངལ་དུབ་ཀྱི་གདུང་བ་ཁྱད་དུ་བསད་པའི་བདེན་དཔང་ནི།
ལྷམ་མཐིལ་ཟད་པོའི་རྐང་རྗེས་ཀྱི་ཟུར་དུ་ཟགས་པའི།
ཁྲག་དང་ཆུ་སེར་གྱི་རི་མོ་ཉམས་ཆུང་ཞིག་
ད་ལྟའང་རི་བོ་ཧི་མ་ལ་ཡའི་རི་ཟོམ་དག་ན་ལུས་ཡོད་ཨང་།
འོན་ཏེ་་་སྐབས་དེ་དུས་།
རང་གི་ཤ་རུས་ཀྱིས་གསེང་ནས་འཕྱུར་བའི་ངར་ཤུགས་དང་འདུན་པ་ནི།
ད་ལྟ་མིག་ལམ་ན་འབབ་བཞིན་པའི་ཆར་རླུང་ལྟར་ཤུགས་ཆེ་ཞིང་།
ད་ལྟ་དྲན་ལམ་ན་མངོན་བཞིན་པའི་གངས་རི་ལྟར་གཟེངས་མཐོ་ཨང་།
རེད་འདུག ངོ་མ་རེད་འདུག སྐབས་དེ་དུས།
ང་ལ་ལྷན་སྐྱེས་ཀྱི་ངར་ཤུགས་དེ་འདྲ་ཞིག་ཡོད་པས།
ང་རང་ཕུགས་བསམ་ཞེས་པའི་འཐེན་ཤུགས་ཤིག་གི་ནང་དུ་ཐིམ་པས།
མདུན་བསྐྱོད་བྱེད་རྒྱུ་ནི་ཆེས་སླ་བའི་བྱ་གཞག་ཉག་གཅིག་སྟེ།
བར་སྣང་གི་མཐོངས་ལྟར་མཐོ་བའི་ཕུགས་བསམ་གྱི་སླད་དུ།
ངས་གང་ཡང་སྒྲུབ་འདོད་པའི་བསམ་འདུན་ལ་སུ་ཡིས་འགྲན་ནམ།
ངས་ཅི་ཡང་བསྒྲུབ་ཕོད་པའི་སྙིང་སྟོབས་ལ་གང་གིས་འགྲན་ནམ།
འོན་ཏང་། དོན་དངོས་སུ།
ཕ་མ་ཡི་རེ་བལྟོས་དང་དགེ་རྒན་གྱི་ཡིད་རྟོན།
མི་རིགས་ཀྱི་འགན་འཁྲི་དང་རང་ཉིད་ཀྱི་དམ་བཅའ།
ཡོད་ཚད་སྟོང་བསམ་དང་འཆར་སྣང་གི་ཁྲོད་ནས་འདས་ཤིང་།
མཐའ་ན། ཉིན་གཅིག་གི་ལྟོ་གོས་གཏམ་གསུམ་གྱི་འགན་ཡང་ལེན་མ་ཐུབ་པར་།
ལོ་ཟླ་དུ་མ་ཞིག་སྐད་ཅིག་ཏུ་འདས་པས།
དོན་ངོ་མ་ང་ལ་ཅི་ཞིག་ཐོབ་ཡོད་དམ།
དོན་ངོ་མ་ང་ནི་བར་སྣང་ནས་ངར་ཤུགས་ཀྱིས་ས་ལ་ཟགས་བཞིན་པའི་ཆར་ཐིགས་བཞིན།
ས་གསོབ་དུ་ཐིམ་ཞིང་གཤོང་ས་རུ་བཞུར་འགྲོ་བ་ཡིན་ནམ།
༢༠༡༤/༡༠/༢༠
ཅི་ཞིག་འབྲི་གི་ཡོད་རེད། གོ་བ་མི་འདུག
ཧ་ཅང་གི་གོ་བ་འདུག ཅི་བཤད་ཀྱི་ཡོད། རང་གི་ཡིག་ནོར་བདག་པོ་བྱོས། རང་གི་ལས་འགན་ལ་རང་གིས་གོ་བ་གནང་ཨ།
ཧཧཧཧ་་་་སྙན་ངག་བྲིས་འདུག་ཀ
༼ལྡང་བའི་་་་་་རླུང་བུའི་་་་༽
༼རེད་ཡ། (སྐབས་དེ་དུས།) ༽འདི་བོད་སྐད་དང་བོད་ཡིག་ཤེས་ནི་གཉིས་ཀས་ཚོད་དཔག་ཙམ་ལས་གོ་བ་མི་ལོན་ཁོ་ཐག་ཡིན།
༼(འོན་ཏང་།) དོན་དངོས་སུ།༽ འདི་བོད་སྐད་ཤེས་བ་ཙམ་གྱིས་མི་གོ། ཡི་གེ་ཤེས་ན། བརྡ་རྙིང་པར་གོ་ཟེར་ཡང་། ས་ཁུང་ལུང་རིག་གང་གིས་ཀྱང་བདེན་ཁ་སྟོན་མི་ཐུབ།
དེ་ནས། གོ་དོན་ཅི་ཡིན་ལ་ད་རུང་བསམ་བློ་གཏང་ཁོམ་མ་བྱུང་བས། གོ་བ་ཞིག་སྟེང་བྱུང་ན། ཁ་ཞིག་བླ་འི་ཡིན། བདེ་པོ་མ་འདི་པ་ལས་བ་ལ་སྡང་སེམས་ཆེ་ཙམ་ཡོད་པ་འདྲ། ཧ་ཧ་ཧ།
ཡག་པོ་བྲིས་འདུག
ཁྱེད་ཀྱི་སྐུ་ནི་སྤྲུལ་པ་བཞིན་དུ་ས་སྟེང་གང་སར་སྣང་བར་བྱེད།
དྭངས་གཙང་ཆུ་བོ་ཀླུང་ལ་རྒྱུག་པ་ཁྱེད་ཀྱི་དོ་ཟླ་ག་ལ་མཆིས།
བརྒྱད་བཅུའི་ལོ་གྲངས་ཉེ་ལ་བསླེབས་ཀྱང་བཅུ་དྲུག་གཞོན་ནུའི་ལང་ཚོ་ལྡན།
ལྷ་མོ་དོན་གྲུབ་འགྲོ་དོན་བྱེད་པ་གཞོན་ནུ་དོན་གྲུབ་ག་ལ་བདོ།