སྤོབས་པ་མཐའ་ཡས།
སྤྱིར་བཏང་མཐའ་མཚམས་ཀྱི་ལོ་རྒྱུས་འདི་རྙོགས་འཛིངས་དང་གལ་གནད་ཤིན་ཏུ་ཆེ་བས་རང་གི་བློ་ངོས་ཤར་ཚོད་ཅིག་ཐོལ་བྱུང་གི་འདིར་བཀོད་པ་ཡིན། ཁྱོད་ཚོས་གང་ཤེས་འགོད་རོགས་གནོངས། ལྷག་པར་ཡང་ད་ལྟའི་བོད་རང་སྐྱོངས་ལྗོངས་ཀྱི་ཁོངས་སུ་མ་ཚུད་པའི་བོད་ཀྱི་ཡུལ་གྲུ་འདི་དག་ལ་ལ་མཚོ་སྔོན་དང༌། ལ་ལ་ཀན་སུའུ། ལ་ལ་སི་ཁྲོན། ལ་ལ་ཡུན་ནན་གྱི་ཁོངས་སུ་ཆད་པ་དེ་དག་རེ་རེ་བཞིན་རྒྱུ་མཚན་དང་རྒྱབ་ལྗོངས་རེ་རེ་མེད་པ་གཅིག་ཀྱང་མེད། ༡༩༥༩ལོར་བོད་རང་བཙན་ཤོར་སོང་ཞེས་པ་དེ་ལྷ་སའི་སྡེ་པ་གཞུང་འཐོར་ཞིག་ཏུ་སོང་བ་ཙམ་ལ་ཟེར་བ་ཡིན་པ་ལས་དེ་ལས་གཞན་པའི་བོད་ཀྱི་ཡུལ་གྲུ་མང་པོ་ཞིག་དེའི་སྔོན་ནས་རྒྱའི་ཞིང་ཆེན་ཁག་གི་ཁོངས་སུ་བཅུགས་པའམ་སུའི་ཁོངས་གཏོགས་ཡིན་མིན་ཙམ་ཡང་མ་ཤེས་པར་ལུས་ཡོད་པ་མང་པོ་ཡོད་སྟབས་ལས་སླ་པོར་ཤོད་ཐུབ་པ་ཞིག་མ་རེད། ཉེ་སྔོན་ངའི་གྲོགས་པོ་ཨ་མདོ་མཚོ་སྔོན་ནས་ཡོང་མཁན་ཞིག་གི་ཕྱི་རྒྱལ་བ་ཞིག་ལ་༡༩༥༩ལོའི་སྔོན་དུ་ང་ཚོ་ལ་བོད་རང་གི་གཞུང་ཞིག་ཡོད་ཀྱང་སྐབས་དེ་ནས་རྒྱ་དམར་གྱིས་བཙན་འཛུལ་བྱས་པ་རེད་ཅེས་བཤད་སོང༌། ཕྱི་རྒྱལ་བ་དེ་ཧ་ལས་མདོག་གིས་ང་ལ་དེའི་སྐོར་འགྲེལ་བཤད་གསལ་ཞིབ་ཅིག་གྱིས་དང་ཞེས་ཨུ་ཚུགས་རྒྱག་གི་འདུག ངའི་སེམས་ལ་ཨ་མདོ་མཚོ་སྔོན་པོའི་རྒྱུད་ལ་༡༩༥༩ལོ་བར་དུ་བོད་རང་གི་གཞུང་ཞིག་མེད་པས་ད་འགྲེལ་བཤད་ག་འདྲ་ཞིག་རྒྱག་དགོས་བསམ་ནས་གདོང་ཚ་ལམ་ལམ་བྱུང་སོང༌། ༡༧༥༠ལོར་ཕོ་ལྷའི་བུ་ངག་དབང་རྣམ་རྒྱལ་བསད་པའི་རྗེས་ནས་བོད་སྡོད་ཨམ་བན་གྱིས་བོད་སྲིད་ལ་ལག་པ་རྐྱོང་བའི་དབང་ཆ་དངོས་གནས་ཤིག་རག་འདུག་ཀྱང་༡༩༡༢ ལོ་ནས་ལྷསྡོད་ཨམ་བན་གྱི་མཇུག་བསྒྲིལ་བ་རེད། གོང་མ་ཆན་ལུང་འདི་ལྷ་འདྲེ་གང་ཡིན་མི་ཤེས་ཀྱང་གང་ལྟར་བོད་སོག་གི་ས་ལ་བཙན་འཛུལ་བྱེད་མགོ་བཙུགས་མཁན་དངོས་གནས་དེ་ཁོ་རེད་འདུག་ག ༡༩༩༡ལོར་གོར་བོད་དམག་འཁྲུགས་ལ་ཆན་ལུང་གི་དམག་རོགས་བཏང་བའི་རྗེས་སོར་དེ་ལས་དབང་ཤུགས་ཇེ་ཆེར་གྱུར་ནས་ཀྲུང་ཐང་རྒྱས་དཔྱད་ཅེས་དོན་ཚན་༢༩ཅན་གྱི་ཁྲིམས་ཡིག་ཀྱང་གཏན་འབེབས་བྱས་འདུག ཁྲིམས་ཡིག་དེ་ལས་ཨམ་བན་དང་ཏཱ་ལའི་བླ་མའི་དབང་ཆ་ཡང་ཕལ་ཆེར་འདྲ་མཉམ་ལྟ་བུ་གཏན་འབེབས་བྱས་འདུག སྐབས་དེ་དག་གིསྔོན་ལ་བོད་ཕར་ཞོག་རྒྱལ་རོང་ལ་ཡང་རྒྱ་ནག་གི་དབང་བསྒྱུར་བྱས་པའི་ལོ་རྒྱུས་དངོས་གནས་ཤིག་མི་འདུག ༡༧༧༡ལོར་རྒྱལ་རོང་གི་ཆུ་ཆེན་རབ་བརྟན་རྒྱལ་པོ་འདི་བོན་ནག་པའི་ལུགས་འཛིན་མཁན་ཡིན་སྟབས་ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་ཆིང་གོང་མའི་རྒྱུག་ཁྱི་བླ་རྒན་ཚོས་མཐུ་གཏད་འདྲ་བྱས། སྡེ་པ་གཞུང་གིས་དགེ་ལུགས་སྤེལ་བའི་འདུན་པས་མན་ཇུ་ལ་མཐུན་འགྱུར་བྱས། མན་ཆིང་གཞུང་གིས་རྒྱལ་ཡོངས་ཀྱི་དམག་མི་ཕྱེད་ཀ་བཏང་ནས་ལོ་བཅུ་གཉིས་འཐབ་རྗེས་གཞི་ནས་རྒྱལ་རོང་དབང་དུ་བསྡུ་ཐུབ་པ་བྱུང་བ་རེད། དེང་དུས་རྒྱ་ནག་གི་ཆབ་སྲིད་ཀྱི་ཆེད་དུ་ལོ་རྒྱུས་སྨྲ་བ་ཚོས་ཇིང་གིར་བ་དང། རྒྱལ་རོང༌། ང་ལུམ་སྦྱར་གསུམ་གྱིས་ངོ་ལོག་བསླངས་ནས་གོང་མས་དམག་དྲངས་ཚུལ་བྲིས་འདུག ཁོ་ཚོས་དེ་ལྟར་འབྲི་དགོས་དོན་ཡང་ས་ཁུལ་དེ་ཚོ་དུས་ཚོད་དེའི་སྔོན་ནས་རྒྱ་ནག་གི་ཁོངས་ཡིན་པའི་སྒྲུབ་བྱེད་དུ་བྲིས་པ་རེད་འདུག ཡིན་རྒྱུ་ངོ་མ་དེ་སྐབས་དེ་ནས་དྲག་ཤུགས་ཀྱིས་དབང་བསྒྱུར་བྱེད་མགོ་ཚུགས་པ་རེད་འདུག ཡིན་ན་ཡང་ལྷ་སྡོད་ཚོས་བོད་ཀྱི་སྲིད་དོན་ལ་འཇུ་ཐུབ་མི་ཐུབ་ཀྱི་དུས་ཚོད་འདྲ་མི་འདྲ་བྱུང་འདུག དེ་བཞིན་དར་རྩེ་མདོ་འདི་རྒྱལ་དབང་ལྔ་པའི་དུས་སུ་བོད་ཀྱི་ས་ཁོངས་ཡིན་ཡང་རྒྱལ་དབང་སྐུ་ཕྲེང་དྲུག་པའི་སྐུ་ཚེ་སྟོད་ནས་སི་ཁྲོན་རྒྱ་དཔོན་དང་ས་རྩོད་བྱུང་ནས་འབའ་ལི་རྒྱལ་གསུམ་གྱི་དམག་བསྐུལ་ཚུལ་ཞིག་སྡེ་སྲིད་སངས་རྒྱམ་པས་མཛད་པའི་རྒྱལ་དབང་དྲུག་པའི་སྐུ་ཚེ་སྟོད་ཀྱི་རྣམ་ཐར་དེའི་ནང་དུ་གསལ་པོར་བྲིས་འདུག དེ་ལས་ཤེས་ཐུབ་པ་ཞིག་སྐབས་དེར་འབའ་ལི་རྒྱལ་གསུམ་བོད་གཞུང་གི་འོག་ཏུ་ཡོད་ཐོག་དར་རྩེ་མདོ་རྩོད་གཞི་ཅན་དུ་གྱུར་ཚར་པ་ཤེས་ཐུབ། ཕལ་ཆེར་དུས་དེ་ནས་མི་རིང་བར་རྒྱ་ལག་ཏུ་ཤོར་སོང་བ་འདྲ། ཡིན་ན་ཡང་ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་ནས་ཀྱང་སྡེ་དགེ་འདན་ཁོག་སོགས་མའོ་ཙེ་ཏུང་གི་འདྲེ་དམག་མ་སླེབས་བར་སྡེ་བ་གཞུང་གི་འོག་ཏུ་གནས་ཡོད། སིམ་ལའི་ཆིངས་ཡིག་གི་བོད་ནང་མ་ཞེས་པ་དེར་ཡང་ངོ་ལོག་ཇག་བཅོམ་མ་བྱས་ན་རྒྱ་དམག་གཏོང་རྒྱུ་མིན་ཚུལ་བྲིས་ཡོད་སྟབས་དེ་ཚོ་གོ་མིན་ཏང་གི་ཁོངས་གཏོགས་ཡིན་པ་དངསྡེ་པ་གཞུང་གི་ཁོངས་གཏོགས་ཡིན་ཚུལ་གཉིས་ལ་བོད་ཁོངས་ཡིན་པའི་རྒྱུ་མཚན་མང་གི་རེད་སྙམ། བོད་ནང་མ་ཞེས་པ་དེའི་ཁོངས་སུ་ད་ལྟའི་དཀར་མཛེས་བོད་རིགས་རང་སྐྱོངས་ཁུལ་གྱི་ལྕགས་ཟམ་རྫོང་ཡན་ཆད་འདུས་ཡོད། མི་རིགས་ཀྱི་ཆ་ནས་ད་ལྟའི་ལྕགས་ཟམ་ཁ་རྫོང་འདིའི་ཁོངས་སུ་ཆངས་རིགས་དང་རྒྱ་རིགས་ལས་བོད་རིགས་མེད། མདོ་སྨད་མགོ་ལོག་ནི་མའོ་ཡི་འདྲེ་དམག་མ་སླེབས་བར་དུ་སྡེ་དཔོན་གྱིས་དབང་བསྒྱུར་བ་ལས་སྡེ་བ་གཞུང་གི་ཁོངས་དང་མན་ཇུ་གོ་མིན་ཏང་སོགས་གང་གི་ཁོངས་གཏོགས་ཀྱི་གསལ་ཁ་མེད། དེ་བཞིན་བོད་མདོ་ཁམས་ཀྱི་ཡུལ་གྲུ་མང་པོར་སྡེ་དཔོན་དང་སྐྱབས་མགོན་ཟུང་འབྲེལ་གྱིས་ཁྲལ་བསྡུ་ཁྲིམས་གནོད་བྱེད་ཅིང་སྡེ་དཔོན་དེ་ཚོ་ཕ་རབས་བུ་རྒྱུད་རང་འཇགས་ཐོག་སྐྱབས་མགོན་མཚན་གནས་དེ་བོད་དབུས་གཙང་ནས་ཆོས་ཕྱོགས་ཀྱི་མཚན་གནས་ཐོབ་ཐོག་ཕལ་ཆེར་ལ་མན་ཇུའི་གཞུང་གིས་གོ་གནས་ཀྱི་མཚན་རྟགས་སྤྲད་པ་རེད། རེབ་ཀོང་སྐྱབས་མགོན། བླ་བྲང་དུ་སྐྱབས་མགོན་འཇམ་དབྱངས་བཞད་པ། རྔ་བའི་ཀིརྟི་སྐྱབས་མགོན། ལི་ཐང་སྐྱབས་མགོན། བྲག་གཡབ་སྐྱབས་མགོན། ཆབ་མདོ་སྐྱབས་མགོན་སོགས་ཚང་མ་ལ་ཆབ་སྲིད་ཀྱི་དབང་ཆ་ཡོད་ལ་དེ་རྒྱ་བོད་གཉིས་ཀའི་ཕྱོགས་ལ་ལྟོས་དགོས་པ་ཞིག་རེད་འདུག་སྙམ། མདོ་སྨད་བྱང་རྒྱུད་ལ་སྐྱབས་མགོན་གྱིས་དབང་བསྒྱུར་བའི་ལུགས་དེ་མ་པུའུ་ཧྥང་གིས་མཚམས་འཇོག་བྱེད་བཅུག་པ་འདྲ། མཱ་པུའུ་ཧྥང་ལ་རྒྱབ་གཏོད་དང་རེབ་ཀོང་ཕྱོགས་དང་མཐུན་མིན་གྱི་རྐྱེན་ལས་ཨ་པ་ཨ་བློ་སོགས་ཀྱི་ལན་གྲུའི་ཙུང་ཐུང་ལ་མགོ་བཏགས་སྟབས་ད་ལྟའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འདི་ཀན་སུའི་ཁོངས་སུ་ཆད་པ་རེད་ཟེར་སྲོལ་འདུག་སྙམ།
མཐའ་མཚམས་ལོ་རྒྱུས་གལ་གནད་ཆེ་དང་གཅིག །
བོད་རྒྱའི་བདགདབང་རྩོད་གཞི་ཆེ་དང་གཉིས། །
སྲིད་དོན་མཁན་པོ་གཡོ་སྒྱུ་ཆེ་དང་གསུམ། །
ཆེ་བ་གསུམ་གྱི་ཁ་གཏད་སུ་ཡིས་གཅོག །
མདོ་ཁམས་ཡུལ་ཕྲན་རེ་ལ་རྒྱལ་ཕྲན་རེ། །
དེ་ལ་ལོ་རྒྱུསགཏམ་གྱི་གླེགས་བམ་རེ། །
དེལུགས་འཆད་པའི་བློ་དང་ལྗགས་རིང་ཡང༌། །
དཔྱིད་ཉི་རིང་མོའི་གྲོགས་གྱིས་མི་འཁྱོལ་སྙམ། །
ཕ་ཁྱིམ་དགྲ་ལ་ཤོར་བའི་སྙིང་རླུང་གིས། །
རྒྱུས་མེད་རྒྱང་དུ་བསྐྲད་པའི་ལས་ཀྱི་གྲོགས། །
གློག་གི་རླབས་རྒྱུན་གཅིག་གི་སྣེ་མོ་ནས། །
བཅོས་མིན་ནང་གི་དུང་སེམས་གཅིག་ཏུ་སྦྲེལ། །
འདི་ཡང་མཇུག་ཏུ་གླུ་ཆུང་ཞིག་བླངས་པ་ཙམ་མོ། །
སྤོབས་པ་མཐའ་ཡས་ལགས། ་་་༡༩༩༡ལོར་གོར་བོད་དམག་འཁྲུགས་ལ་ཆན་ལུང་གི་དམག་རོགས་བཏང་བ་་་ དེ་ནི་ཆན་ལུང་སྐུ་ཕྲེང་དྲུག་པའི་ཁོག་ལ་རྒྱ་འདྲེ་མཐུ་བོ་ཆེ་ཞིག་ཞུགས་ནས་སྔོན་མ་ ཆུ་བྱི་ ༡༧༩༢ ལོར་གོར་དམག་ཕྱིར་འབུད་གཏོང་སྐབས་རྒྱ་དམག་ཤི་ཚར་བ་དག་དུར་ས་ལས་བསླངས་ཏེ་ཡང་སྐྱར་དམག་འཁྲུག་རྒྱབ་པ་རེད། དེ་སྐབས་ང་རྒྱ་གར་ལ་བཙན་བྱོལ་དུ་ཡོང་སྐབས་ཀེང་རུས་སྐམ་པོ་སྟོང་ཕྲག་མང་པོས་ཀི་དིར་བྱས་ནས་ལ་ཕྱི་གངས་ཀྱི་ར་བའི་གངས་ངོས་ནས་ཕར་ཕྱོགས་ཤིག་ལ་རྒྱུགས་འགྲོ་གི་ཡོད་པ་ངས་དངོས་སུ་མཐོང་སོང་། དེ་མ་ཟད་མགོ་རུས་སྐམ་པོ་མང་པོ་ཁྲོག་སྒྲ་གྲག་བཞིན་གངས་ངོས་ནས་མར་འགྲིལ་ཡོང་གི་འདུག
ངའི་རྗེ་ངར་སྟེང་ལ་ཡང་མགོ་རུས་ཤིག་ཁེལ་ཏེ་ད་ལྟ་ཡང་གནམ་གཤིས་གྲང་མོ་བསྟན་ན་ན་ཟུག་གཏོང་གི་འདུག རྒྱ་བཙོག་དེ་ཚོ། ང་འཆི་ཁ་བླ་མ་ཅིག་གཏུགས་ནོ།
ཨ་རོགས་སྤོབས་པ་མཐའ་ཡས་ད་རུང་ཁ་གསབ་བྱེད་རྒྱུ་ཞིག་ནི། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་ལ་སྲས་བགྲེས་པ་འགྱུར་མེད་ཚེ་བརྟན་དང་གཞོན་པ་འགྱུར་མེད་རྣམ་རྒྱལ་གཉིས་ལས་གཞན་ད་རུང་ངག་དབང་རྣམ་རྒྱལ་ཟེར་བའི་སྲས་ཤིག་ཀྱང་ཡོད་པ་རེད་དམ། དེ་ཕལ་ཆེར་ཕོ་ལྷའི་ཨ་རོགས་ཤིག་གི་སྲས་ཡིན་རྒྱུ་རེད། ༡༧༥༠ ལོར་འགྱུར་མེད་རྣམ་རྒྱལ་ཏྰ་ཞིན་གཉིས་ཀྱིས་གཡོ་ཐབས་ཀྱིས་བཀྲོངས་སྐབས་ངག་དབང་རྣམ་རྒྱལ་ཟེར་བའི་ཐང་སྐྱེས་དེ་ལམ་ཉེས་སུ་ཕྱིན་པ་ཡིན་རྒྱུ་རེད། ཕལ་ཆེར་རྩྭ་ཟ་ས་ནས་མཛོ་རྒན་རྦབ་རིལ་ཐེབས་པ་མིན་འགྲོ
ངས་ཕྱག་གཉིས་པ་འདི་ལ་ནད་ཅིག་ཕོག་འདུག་ཅེས་ཁར་སང་བཤད་པ་མ་ཡིན་ནམ། པོ་ཏོ། ངས་མིང་དེ་ནོར་བ་རེད། དགོངས་དག ག་རེ་སྐད་ཆ་དཀྱོག་དཀྱོག་བྱས་ནས་ཤོད་ཁུལ་བྱས་པ་ཡིན། སྐྱོན་ག་རེ་མཐོང་ན་ཡང་མར་སྐྱུག་རོགས་གྱིས། སུ་གཅིག་གིས་ཁྱོད་ལ་རྗེས་འདེད་བཏང་ནས་གསད་མི་ཡོང་། མི་དགོས་ས་ལ་ཇོ་བཟང་གི་བརྟུལ་ཞུགས་འདྲ་ཞིག་འཛིན་ཁུལ་བྱེད་ཀྱིན་འདུག
བཀྲ་ཤིས་བདེ་ལེགས། འདི་ཚོད་ལྟ་ཡིན།
ཡེ་ཤེས་ལགས། ང་ཚོའི་བར་གོ་ནོར་ཐེབས་འགྲོ་གི་འདུག་སྙམ།
གཅིག ༼ ཨ་མདོ་རང་བཙན་༽ ཡིན་མིན་ཞེས་པའི་ཚིག་འདིར་ངོ་མས་གོ་དོན་ཞིག་ལེན་དཀའ་གི ཨ་མདོ་ལ་༼ རང་བཙན་ ༽ཞེས་པའི་ཚིག་འདི་འབྱོར་མོ་ཞིག་ཀྱང་མི་འདུག ཡག་ན་འདི་འདྲའི་མིང་ཚིག་ང་ཚོས་བེད་སྤྱོད་མ་བཏང་ན་བཟང་སྙམ། ཨ་མདོ་༼བོད་༽ ཁོངས་་ཡིན་ནམ་༼རྒྱ་༽ཁོངས་ཡིན། འདི་ད་བཟོད་བགྲོ་གླེང་བྱེད་རྒྱུ་ཞིག་རེད།
གཉིས། ལོ་རྒྱུས་ལ་རིགས་མང་པོ་འདུག སྐབས་ཐོག་གི་ང་ཚོའི་བརྗོད་གཞི་༼མདོ་སྨད་བོད་ཁོངས་༽ཡིན་མིན་དེ་རེད། འདི་སྲིད་དོན་དང་འབྲེལ་བ་ཤུགས་ཆེན་ཡོད་སྟབས་ང་ཚོས་ཀྱང་ཁྲིམས་དང་སྲིད་དོན་གཞི་ལ་བཞག་ནས་གླེང་སློང་བྱེད་དགོས་པ་ལས། མི་རེ་ངོ་རེ་དང་ས་གནས་ས་ཐོག་གི་བྱུང་བ་ཁག་ལ་འབྲེལ་བ་དེ་ཙམ་མེད་སྙམ།