ཙོང་ཁ་ཚེ་བརྟན་རྒྱལ།
—འདས་པོ་དྲིན་ཅན་སྙན་ངག་པ་ཡི་དམ་ཚེ་རིང་སྐུ་གཤེགས་བགྲང་བྱ་བཅུ་ལ་འབོད་པ།
ཕ་རོལ་དང་ཚུར་རོལ་གྱི་སེར་ཀ་བསམ་ན
གངས་རི་དེ་རི་མོ་རུ་འཁྲུལ
ངའི་རྒོད་པོ ངའི་རྒོད་པོ
མིག་ཆུ་མིད་པའི་ལས་སྐལ་ཁུར་ནས
བྲག་ཆ་ཞིག་ལ་ཉུལ
མིག་ཟུང་ལ་འགོས་པའི་ནམ་མཁའ
འདར་སིག་བྱེད་བཞིན
ངག་སྒྲུང་ཞིག་ཏུ སྤྱང་ཚོགས་ཤར་འོང
སོ་སྒྲ ངུ་ཟུག སྡེར་འབྲད་རེ་རེ་བགྲད་ན
མིག་ཆུ་དང་མིག་ཆུ་བར་ལ་འབྱར་འོང
ཨོ སྤྱན་རས་རས་གཟིགས།
ཨོ རྗེ་བཙུན་སྒྲོལ་མ
ད་ནི་སྙིང་རྗེ་ཁྱེར་ཤོག་དང
ངུ་སྐད་ཀྱིས་བཏུམ་པའི་རྣམ་ཤེས་ཚོགས
དོན་མེད་དུ་བར་དོ་ལ་མ་སྤྱུགས
ང་ལ་ལ་ཉི་མ་དགོས
རྒོད་པོ་ཕྱིར་རུ་འཕུར་འོང་ན
ང་ལ་ཟླ་བ་དགོས
རྣམ་ཤེས་ཚོགས་མི་ལུས་སུ་ཞུགས་ན
ཚེར་མ་ལྟར་སེམས་ལ་ཟུག་པའི་སྙན་ངག
སུ་ལའང་མི་སློང
2014,10,23—24
སྙན་ངག་འདི་ངོ་མ་ཡག་པོ་འདུག དགའ་བསུ་ཡོད།
ང་གནམ་ཡིན།
ང་འདི་ལྟར་ལོ་ལོན་ཐལ།
གྲྭ་བ་བྱེད་འདོད་མེད་པར་ལོ་ལོན་ཐལ།
བོད་མོ་གཡབ་འདོད་མེད་པར་ལོ་ལོན་ཐལ།
བོད་ལ་ལོག་འདོད་མེད་པར་ལོ་ལོན་ཐལ།
ངའི་ལས་ལོ།
ཀ་ཁ་ཤོག་བུ་གཅིག་གིས་ང་གཉིད་ལ་བརྫང་ཐུབ།
ངའི་ང་རྒྱལ།
ཆང་དམར་ཧུབ་གང་ཞིག་གིས་ང་འདྲེ་ལ་བསྒྱུར་ཐུབ།
ངའི་ཕུགས་བསམ།
ངས་འདས་ཟིན་པ་ནས་བསླབ་བྱ་བླང་མ་མྱོང་།
ངས་སང་ཉིན་གྱི་འཚོ་བར་སྔ་འདང་བརྒྱབ་མ་མྱོང་།
སྐབས་རེར།
ང་གྲོགས་པོ་མང་པོ་མང་པོ་མཉམ་དུ་བརྩེ་ནས་ཡོད།
ལན་རེར།
ང་དགྲ་བོ་མང་བོ་མང་བོ་མཉམ་དུ་འཁོན་ནས་ཡོད།
ང་འདི་ལྟར་ལོ་ལོན་ཐལ།
ང་ལ་བསགས་བཞག་པའི་རྒྱུ་ནོ་མེད།
ང་ལ་སེམས་མཐུན་པའི་དགའ་མ་མེད།
མྱི་ཚེ་ཐུང་ཐུང་འདི་འདྲ།
དུད་ནག་འདིའི་མགོར་མྱེ་ཞིག་སྒྲོན་དང་།
ང་དེ་རང་འཕུར་ན་འདོད་ཀི།
རླུང་ནང་གི་ལྷ་མོ། ཁུ་སིམ་པའི་བདེ་སྐྱིད།
བོད་ལ་རྒྱལ་ཁབ་མེད་ན།
ང་ལ་རྒྱལ་ཁ་མི་འདུག
ས་རྒྱང་མི་ཆོད་པའི་གནམ་ང་།
དགྱ་ནག་ལ་འགྱུར་བ་མི་འདུག
བཙན་བྱོལ་ན་འཚོ་བ་མི་འདུག།
མྱི་ཚེ་ཐུང་ཐུང་འདིས་འདང་རྒྱུ་མ་རེད།
ཐ་མ་ནག་པོ་འདིའི་མགོར་མྱེ་ཞིག་སྒྲོན་དང་།
ང་དེ་རང་བཟི་ན་འདོད་ཀི།
གོས་ཐང་གི་སྒྲོལ་མ། ཚེ་འདི་ཕྱིའི་ཡིད་དམ།
འདི་ནི་གནམ་༢༠༡༥་ལོའི༢༥འི་ཉིན་ལ་ངུས་བའི་ངུ་སྒྲ་ཡིན།
སྙན་ངག་པ་ཁོང་ལ་མངོན་པར་བསྟོད་དོ།
མྱི་ཙོང་ཁ་བའི་སྙན་ངག་མཐོང་བས་དགའ་ཡོད། སྤྱན་རས་གཟིགས་དང་རྗེ་བཙུན་མ་སོགས་གཟའ་སྤེན་པ་དང་ཉི་མ་ངལ་གསོ་ཡིན་པ་འདྲ་བས། སྙིང་རྗེ་ཟེར་བའི་ཐ་སྙད་དེའང་གང་ནས་རེག་མིན་ཤེས་མཁན་ཉུང་ཚོད་རེད།