རྔ་བ་རྒྱལ་ཁམས་པ།
གནམ་མཐའ་དང་འབྲེལ་བའི་རྒྱང་རིང་བོའི་རི་བོ་དང་རི་ཕྲན་དག་ནི། གཤོངས་པ་ཆེན་པོ་འདིའི་མཐའ་སྐྱོར་ལྟ་བུ། སྐབས་རེར་སྨུག་ཤར་རེ་བ་དང་སྐབས་རེར་སྐྱ་ཤར་རེ་བར་མངོན་ཞིང་། ལོ་ངོ་བརྒྱ་སྟོང་མང་བོའི་ཡར་སྔོན་དུ་བྱུང་བའི་མེ་རི་འབར་གས་ལས་གྲུབ་པའི་བྲག་ཞུན་ནག་པོ་རྗེས་ཤུལ་གཉེར་སུལ་ཅན་རྣམས་དང་། དེ་དག་ལས་སྐྱེས་པའི་བདུད་པོའི་དབུ་སྐྲ་ལྟ་བུའི་རྩྭ་ཁམ་སྐྱ་རྩུབ་རེག་དང་ལྡན་པ། གཉོམ་ལག་མ་རྒྱས་པའི་ཤིང་སྡོང་ཁེར་སྐྱེས་དག་གིས། ཡུལ་འདིའི་སྐམ་རྒྱུད་ཕལ་ཆེ་བ་བཀབ་ཡོད་པར་རྟོགས། ང་ཚོ་ཆུ་ཚོད་གཉིས་ལྷག་རིང་ལྷོ་རྒྱུད་དུ་ཕྱིན་མཐར། བྱེ་མ་ནག་པོའི་མཚོ་གླིངPunaluu Black Sand Beachཞེས་པར་གཞི་ནས་སླེབས། བྱེ་ནག་མཚོ་ཚལ་འདི་ཧ་བ་ཡས་ལྷོ་རྒྱུད་ཀྱི་རྒྱལ་ཡོངས་མེ་རིའི་གླིང་གར་གནས་ཤིང་། མཚོ་ཚལ་འདིའི་རྒྱབ་ངོས་བེ་ཏའི་ཤིང་སྡོང་དང་རྩི་ཤིང་མེ་ཏོག་ཅན་སྣ་ཚོགས་ཀྱིས་བསྐོར། འགྲུལ་བ་བརྒྱ་ཕྲག་མང་བོས་ཆུ་རྐྱལ་བྱེད་ཅིང་། གཟུགས་པོ་བྱེ་ནག་ཚ་དྲོད་ནང་ལྡེ་བ། མཐིང་མདོག་གི་རྒྱ་མཚོ་ལས་འོང་བའི་ཚིངས་ཐིག་ལྟ་བུའི་རྦ་རླབས་དཀར་བོ་དག་རྒྱབ་ལྗོངས་སུ་བླངས་ནས་པར་ལེན་པ། འཛམ་གླིང་ན་དཀོན་པའི་རུས་སྦལ་ལྗང་ཁུ་ཉི་མར་ལྡེ་བའི་ངོ་མཚར་ལ་བལྟ་བ། ད་དུང་ཡུལ་མི་ཉ་པ་དག་གིས་ཉ་འཛིན་པའི་རྐྱེན་པོའི་རྩལ་སོགས། ལྟད་མོ་མང་བོ་ཞིག་ཉམས་སུ་མྱོང་རྒྱུ་འདུག ང་ཚོས་ལྷམ་མགོ་ཕུད་ནས་བྱེ་ཚན་སྟེང་གོམ་པ་བརྒྱབ། ཚ་ཤུགས་ཤིན་ཏུ་ཆེ་བས་རྒྱུན་རིང་བོར་འགྲོ་མ་ཐུབ། མཚོ་རླབས་དང་འདྲེས་པའི་བྱེ་མའི་ངོགས་སུ་ཕྱིན་ནས། མེ་རིས་བཞུས་པ་ལས་བྱུང་བའི་བྲག་རྡོའི་བཀོད་པ་ངོ་མཚར་ཅན་དག་ལ་ཞིབ་ཏུ་བལྟས། རྟེན་འབྲེལ་དུ་བསམས་ནས་ངོ་མཚར་ཅན་གྱི་རི་མོ་ཡོད་པའི་རྡོ་ནག་ཐེབ་མགོ་ཙམ་ཞིག་ལྐོག་ཏུ་སྦས། ཁྲིམས་སྲོལ་ལྟར་ན་རྒྱབ་ཁབ་ཀྱིས་བདག་ཉར་བྱེད་པའི་གླིང་ག་ལས་དངོས་པོ་ཅིའང་བདག་ཉར་བྱེད་མི་རུང་བ་རེད། མཚོ་འགྲམ་དེར་རྡོ་རྭས་བསྐོར་བའི་བྱེ་ཁུག་ཅིག་ཏུ་རུས་སྦལ་ལྗང་ཁུ་ཆེ་ཆུང་ར་ལུག་ཐང་དུ་བསྡད་པའི་ཚད་ཙམ་ཞིག་མཐོང་། ང་ཚོས་རུས་སྦལ་དེར་ལྟད་མོར་རྒྱུན་རིང་བལྟས། པར་བརྒྱབ་བསྔོ་སྨོན་འདྲ་བཏོན་པ་ཡིན། དུས་དེ་ཙ་ན་ཡུལ་མི་གཟུགས་རིང་ཤ་སྐམ་པོ་ལོ་ན་བཞི་བཅུ་ཡས་མས་སུ་སླེབས་པ་ཞིག་ཡོང་སྟེ། ཁྱེད་ཚོས་ཉ་ཉོ་རྒྱུ་ཡིན་ནམ་ཞེས། ཉ་སྒྱེ་མོ་ཆུང་ངུ་ཞིག་གི་ཕྱེད་ཀ་ཡོད་པ་ཞིག་ང་ཚོར་བསྟན་ནས། ཉ་འདི་ནི་མཚོ་ཚལ་འདིའི་ཐུན་མོང་མ་ཡིན་པའི་ཉ་རེད། ས་ཁུལ་འདི་མ་གཏོགས་ཉ་རིགས་འདི་ཡོད་ས་ཞིག་ཡོད་པ་མ་རེད། ཉ་ཤིན་ཏུ་སྙན་གྲགས་ཆེན་པོ་བྲོ་བ་ཁྱད་པར་བ་ཡོད་པ་ཞིག་རེད། ཅེས་ལབ། ངས་བསྔོ་སྨོན་ཞིག་འདོན་ཞོར་ཉ་དེ་དག་ལ་ཞིབ་མོར་བལྟས་པས། ཉ་ཕལ་ཆེར་ཤི་ཚར་འདུག་པ་རྟོགས། ཉ་བ་རྒད་པོ་དེའི་གདོང་དང་། གཟུགས་པོའི་རྣམ་འགྱུར་སོགས་ལ་བརྟེན་ནས། ངའི་སེམས་པ་གཏིང་ནས་སྐྱོ་དགོས་པ་ཞིག་དང་། སྙིང་རྗེ་ཚད་མེད་པ་ཞིག་སྐྱེས། ཉ་ནི་ཉ་རང་རེད། དུད་འགྲོ་གླེན་ལྐུགས་ཀྱི་རང་བཞིན་ཅན་རེད། ཅིག་བྱས་ན་ཉ་འདི་ཚོ་ཉ་རིགས་སུ་སྐྱེ་བའི་མཐའ་མ་ད་ལྟའི་སྐྱེ་བ་འདི་ཡིན་ཡང་སྲིད། ང་ལྷག་པར་སྙིང་རྗེ་སྐྱེ་ཡུལ་ནི་ཉ་པ་ཚོ་རེད། ཐོབ་པར་དཀའ་བའི་མི་ལུས་ཤིག་ཐོབ་ཀྱང་། མ་རིག་རྨོངས་པའི་གཞན་དབང་དུ་ཚུད་ནས། ཉ་རིགས་འདི་འདྲའི་མང་བོ་ཉིན་རེ་བཞིན་གསོད་གཏུབ་བྱེད་ཀྱིན་ཡོད་པ་རེད། ནང་ཆོས་ནང་སྤྱིར་མི་ལུས་ཐོབ་དཀའ་བ་དང་། ལྷག་པར་དལ་འབྱོར་གྱི་རྟེན་ཞེས་པ་རྙེད་པ་སྲིད་མཐའ་ཙམ་ཡིན་པར་གསུངས་པའི་བློ་སྦྱོང་ཡིད་ལ་དྲན་ནས་དལ་ཅིག་ལུས། ཉ་པ་འདི་དག་གིས་ཐོབ་དཀའ་བའི་མི་ལུས་ཤིག་ཐོབ་ཀྱང་། མི་ལུས་སྡིག་གྲོགས་སུ་སོང་སྟེ་སྐྱེ་བ་གྲངས་མེད་པར་གསོད་གཏུབ་ཀྱི་དཀའ་སྡུག་རང་སྟེང་དུ་ལེན་དགོས་པར་བསམས་དུས། སེམས་གཏིང་ནས་སྐྱོ་ཞིང་སྙིང་རྗེ་དགོས་པ་ཞིག་བྱུང་། ངས་ཁོང་ཚོར་ཉ་གསར་དུ་བཟུང་བ་རྣམས་ཕྱིར་མཚོ་ནང་དུ་གཏོང་རོགས། གླ་ཆ་ངས་སྤྲོད་རྒྱུ་ཡིན་ཞེས་ཞུས་པར། འདི་ནི་ང་ཚོའི་འཚོ་བ་རེད། ཉ་འདི་ཚོ་ཉ་ཚགས་ཀྱིས་བཟུང་བ་ཡིན་སྟབས། ཕྱིར་མཚོ་ལ་བཏང་ཡང་འཆི་ངེས་ཡིན་པ་མ་ཟད། མཚོ་ཚལ་འདིའི་སྒྲིག་ཁྲིམས་དང་ཡང་འགལ་བས་བྱེད་ཐབས་ཡོད་པ་མ་རེད་ཅེས་ཟེར། ང་ལ་ཐབས་ཤེས་གཞན་ཅིའང་མི་འདུག ངེད་ཁྱོ་ཤུག་ཟུང་གིས་ཉ་དེ་དག་གི་རྣ་ལམ་དུ་མ་ནི་བསྔོ་སྨོན་ཅི་ཐུབ་ཅིག་འུར་འདོན་བྱས་པ་ཡིན། མཚོ་ཚལ་འདིའི་བྱེ་མ་ཚང་མ་ནག་པོ་ནག་རྐྱང་སོལ་བ་ལྟ་བུ་རེད། བྱེ་ཚན་ནང་ལུས་པོ་ལྡེ་ན་འཕྲོ་བསྟེན་ལ་ཤིན་ཏུ་ཕན་པོ་ཡོད་ནའང་། ཚ་དྲགས་པས་གཟུགས་པོ་ཧྲིལ་བོ་ལྡེ་མ་ཐུབ། བྱེ་ཚལ་དེར་ཆུ་ཚོད་གཅིག་དང་ཕྱེད་ཀར་བསྡད་རྗེས། ལམ་སྟོན་འཕྲུལ་འཁོར་བརྒྱུད་ཕ་ལེ་ཁོ་ཞི་བདེའི་གླིང་གPaleaku Gardens Peace Sanctuaryཞེས་པ། བོད་བརྒྱུད་ནང་བསྟན་དང་འབྲེལ་ལམ་ཡོད་པའི་བསྐྱེད་ཚལ་དེའི་ཕྱོགས་སུ་བསྐྱོད། ང་ཚོས་ལམ་སྟོན་འཕྲུལ་འཁོར་གྱི་རྗེད་དེད་ནས་རྒྱུན་རིང་ཞིག་སོང་ཡང་། ད་དུང་ས་ཁུལ་དེར་སླེབས་རྒྱུ་ཞིག་མི་འདུག དེ་ནས་རླངས་འཁོར་ལམ་འགྲམ་དུ་བཀག་ནས། གླིང་ག་དེའི་ཞབས་ཞུའི་མི་སྣར་སླར་ཡང་ཁ་པར་བཏང་སྟེ་དྲི་ཞིབ་བྱས་པས། ང་ཚོ་ད་དུང་མུ་མཐུད་བྱང་ཕྱོགས་སུ་བསྐྱོད་དགོས་པ་ཧ་གོ ཆུ་ཚོད་ཕྱེད་ཀ་ཙམ་ཕྱིན་རྗེས། ལམ་ཁ་གུ་དོག་པོ་རྙིང་རལ་དུ་ཕྱིན་པ་ཞིག་གི་ཐོག་ནས་འགྲོ་སྐབས། ཁང་རྙིང་རྒྱ་ཕིབས་དམར་སེར་ཅན་ཞིག་གི་ངོས་སུ། མིང་བྱང་དུ “ཆོས་བརྒྱུད་རིས་མེད་ཀྱི་དུར་འཇུག་ཞབས་ཞུའི་ལྟེ་བ”ཞེས་པ་ཞིག་མཐོང་། ལམ་སྟོན་འཕྲུལ་འཁོར་ལས་ཀྱང་ཁྱེད་ཚོ་དམིགས་ཡུལ་སྟེང་སླེབས་སོང་ཞེས་གྲགས། ང་ཚོའི་དེ་ཨེ་ཡིན་སྙམ་ནས་ར་བའི་ནང་དུ་སོང་སྟེ་བལྟས་ཀྱང་། ལན་སློག་མཁན་ཞིག་མ་བྱུང་། ངས་བུས་ང་ཚོ་ད་དུང་མདུན་དུ་བསྐྱོད་དགོས་པ་རེད། ས་ཁུལ་འདི་ང་ཚོས་འཚོལ་བཞིན་པའི་ས་ཆ་དེ་མ་རེད་ཅེས་ཨུ་ཚུགས་བྱས། ང་ཚོ་མུ་མཐུད་མདུན་དུ་མ་ལེ་ཁ་ཤས་ཤིག་སོང་འཕྲལ། ས་ཁད་ཅུང་དམའ་རུ་སོང་བའི་གཡས་ངོས་ཤིང་སྡོང་ཁྲལ་ཁྲོལ་སྦྲེལ་བའི་ར་བ་ཞིག་གི་ནང་། འཛུལ་སྒོ་གཞི་དབྱིབས་ཅན་ཞིག་གི་ཐོག་ཏུ། “ཕ་སེ་ཁོ་ཞི་བདེའི་གླིང་ག”ཅེས་པ་ཞིག་མཐོང་། ང་ཚོ་ར་བ་དེའི་ནང་དུ་ཕྱིན་ཏེ་ཁོད་དེ་ཙམ་སྙོམ་པོ་མིན་པའི་སྡོང་ཞབས་ཤིག་ཏུ་རླངས་འཁོར་བཞག འཛུལ་སྒོ་དེ་ནས་ནང་དུ་ཞུགས་པས། ནང་ངོས་གཡས་ཕྱོགས་སུ་མདུན་སྟེགས་ཤིག་གི་སྒང་། ལོ་ན་དྲུག་ཅུའི་སྨད་ཟིན་ལོས་ཡོད་སྙམ་པའི་བུད་མེད་ཅིག་མཐོང་། ང་ཚོར་ཕར་སོང་སྟེ་འཚམས་འདྲི་དང་འབྲེལ་འདི་བོད་ཀྱི་ཆོས་ཚོགས་ཤིག་ཡིན་ནམ། ཞེས་དྲིས་པར། མོས་མིག་ཤེལ་དཀར་བོ་དེ་མར་སྣ་སྣེར་ཅུང་ཕབ་ཙམ་བྱས་ཏེ། མིག་འབུར་ཚུགས་ཀྱིས་ང་ཚོར་གཟིགས་ནས་བརྗོད་རྒྱུར། གནས་འདི་སྔོན་ཆད་བོད་ཀྱི་བླ་མ་ཀ་ལི་རིན་པོ་ཆེའི་ཆོས་ཚོགས་ཡིན་པ་དང་། དུས་ཕྱིས་ས་གནས་གཞུང་གིས་བདག་ཉར་བྱེད་པའི་གླིང་ག་ཞིག་ཏུ་གྱུར་ཡོད་པར་བཤད། མོའི་སྐད་ཆ་དེས་ང་མགོ་རྨོངས་སུ་བཅུགས་ཀྱང་། ཞིབ་འདྲི་མ་ཁོམ་པར་བུ་དང་ཆུང་མ་མཉུལ་ཞིབ་ཏུ་བསྐྱོད་ཟིན་པའི་རྗེས་བསྙེགས། མདུན་ཅོག་དེའི་འཁྲིས་སུ་རྡོ་ལས་གྲུབ་པའི་འོ་ལམ་རྒུ་ཚིགས་ཀྱི་བཀོད་པ་སྙིང་རྗེ་མོ་ཞིག་འདུག ཁང་བ་དེའི་ནང་ངོས་ཚང་མར་ཡུལ་མི་དང་། ཨ་རིའི་གདོད་མའི་མི་རིགས། ལ་ཏིན་ཨ་རིའི་མི་རིགས། ནང་བའི་མཆོད་རྫས། དཔེ་ཆ། མཉེན་ལྡེར། བླ་མ་དག་གི་སྐུ་པར། ནང་བའི་རི་མོ་དང་འབྲེལ་བའི་ཚོན་ལྡན་ཤིས་ཤོག རྡོ་རིགས་སྣ་ཚོགས། ཤིང་ཏོག་མི་འདྲ་བ་བཅས། ཡུལ་སྲོལ་དང་རིག་གཞུང་མ་གཅིག་པའི་རྣམ་པ་མཚོན་པའི་ཅ་དངོས་ཡོད་སྤྱད་སྣ་ཚོགས་བཤམས་སྟོན་ཚོང་འགྲེམས་བྱེད་ཀྱིན་འདུག ཁང་བ་དེའི་ནང་ཆོད་བརྒལ་ན། གཡོན་ངོས་སུ་བོད་ཀྱི་དགེ་འདུན་པས་བཞེངས་པའི་སངས་རྒྱས་སྨན་བླའི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། རྗེ་བཙུན་སྒྲོལ་མ། རྒྱ་ལུགས་ཐུགས་རྗེ་ཆེན་པོ། བོད་ལུགས་ཆོས་སྐོར་ལ་འགྲོ་སྟངས་མཚོན་པའི་སྐོར་ལམ་གོར་གོར། དེའི་འཕྲོར་ཕར་བལྟས་ཚོད་ལ་བླ་མ་ཞིག་གཟིམས་ཁང་ཡིན་ནམ་སྙམ་པ། ཁང་བ་ཚིགས་གཅིག་རྒྱ་ཕིབས་དང་ལྡན་པ། འཛུལ་སྒོ་བོད་ཀྱི་ཡོལ་བ་སེར་བོས་བཅད་པ་ཞིག་མཐོང་། ང་ཚོས་འཆར་ཅན་ལྷ་ཁང་དུ་མཆོད་མཇལ་འགྲོ་སྟངས་ལྟར། ལྷམ་མགོ་ཕུད་ནས་ནང་སོང་བ་ཡིན། ཡིན་རྒྱུ་ནི་ཁང་བ་དེ་སྔོན་མའི་ཆོས་ཚོགས་ཀྱི་ཚོགས་ཁང་ཡིན་པ་འདྲ། ཁང་བ་དེའི་ཕྱི་ནང་བཟོ་དབྱིབས་དང་། རྒྱུ་སྤུས་དེ་ཙམ་བཟང་རྒྱུ་མེད་ཀྱང་ཚོགས་ཁང་ཡངས་པོ། ཕྱོགས་མཐུའི་སྒེ་ཁུང་ཁག་རྒྱ་ཆེ་བས་ནང་ངོས་ཤིན་ཏུ་དཀར་གཙང་འདུག་སྤྲོ་བ་ཞིག་རེད།
བླ་མ་ཀ་ལུའི་ཆོས་ཚོགས་དེར་བསྐྱོད་མ་མྱོང་། དེ་ཡོད་ལུགས་གོ་མྱོང་།
ཆོས་ཚོགས་དེའི་སྐོར་ལ་དགོད་བྲོ་བའི་སྐད་ཆ་མང་བོ་གོ་རྒྱུ་འདུག ངས་རྩད་གཅོད་བྱས་ཏེ་ཅུང་ཟད་ཅིག་བྲིས་ཡོད། རྗེས་སོར་འགོད་ཡོང་། ཉིད་ཀྱིས་བྲིས་པའི་ས་སྐྱ་བདག་ཆེན་གྱི་ལོ་རྒྱུས་ཉིན་ཐོ་མ་ཆ་ཚང་བཀླགས་པ་ཡིན། ས་སྐྱའི་སྐོར་ལ་གོ་རྟོགས་མང་བོ་ཞིག་འཕེལ་སོང་། བཀའ་དྲིན་ཆེ།
བཀའ་ལུའི་ཆོས་ཚོགས་དེར་ངས་ཀྱང་འགྲོ་མྱོང་མ་ཟད་བཀའ་ལུ་རིན་པོ་ཆེའི་སློབ་མ་ཕ་རན་སི་ཡིན་པ་བླ་མ་ཌེ་ཎི་སིའི་ཆོས་ཚོགས་སུའང་འགྲོ་མྱོང་རྣམ་ཐར་མང་པོ་འདུག བླ་མ་ཌེ་ཎི་སི་ཟེར་བ་ཆས་གོས་ཀྱང་མི་འདྲ་བ་ཞིག་གྱོན་སྲོལ་འདུག ཁོ་རང་གིས་ཟེར་ན་ཁོ་རང་གི་ནུབ་ཕྱོགས་པའི་ནང་བསྟན་པའི་བརྒྱུད་རིམ་ནང་ནས་རྩ་བ་ཐུག་ས་དེ་ཁོ་རང་ཡིན་ཟེར། ཁོ་རང་གི་ཆོས་ཚོགས་ལྟེ་བ་སྟེ་ཕ་རན་སི་དང་སུས་ཛ་ལེནཊ་གྱི་བར་དུ་ཡོད། ཁོ་རང་ཧ་ཅང་གི་ང་བོ་ཆེ་འདོད་ཡོད་པའི་མི་ཞིག་རེད། ཁོ་རང་གིས་ཟེར་ན་བོད་དང་རྒྱ་གར་རྒྱ་ནག་སོགས་རང་རང་གི་ཆོས་བྱེད་མི་སྣ་དག་གིས་ཆས་གོས་མི་འདྲ་བ་ནང་བཞིན་ནུབ་ཕྱོགས་སུའང་འདི་ལྟར་དགོས་ངེས་རེད་ཟེར། སྟོད་གོས་དང་སྨད་ཤམ་བཟོ་འདྲ་བོ་འགག་རིང་བཟོ་འདྲ་བ་ཞིག་གྱོན་སྲོལ་འདུག
༡༩༤༩་ལ་དབུས་གཙང་དུ་འགྲོ་བའི་སྐབས་ལ་དྭགས་དང་གར་ཞའི་བར་གྱི་ལམ་དུ་ཁ་བ་བབས་པས། ཐད་ཀར་འགྲོ་མ་ཐུབ་པར་ཟངས་དཀར་སྟོད་གར་ཞ་སོགས་ཀྱི་ལ་མཐོན་པོ་་མང་ཙམ་བརྒལ་ཏེ་རྒྱ་གར་བརྒྱུད་བོད་དུ་སླེབས། དེ་དུས་ང་ལ་མིག་ཤེལ་ནག་པོ་ཞིག་ཡོད་པ་ཕན་པ་ལ་ཚོད་མ་བྱུང་། ཁ་བར་ཉི་ཟེར་ཕོག་པ་མདངས་ཆེས་པས་ལམ་གྲོགས་ཚང་མའི་མིག་གིས་ལྟ་མི་ཐུབ་པ་ལོང་བ་ལྟར་ཆགས།
དེ་ནས་༡༩༦༠ རེ་གྲངས་སུ་ཝཱ་རཱ་ཎ་སཱིར་ མིག་ཤེལནག་པོ་ཞིག་་རྒྱབ་པ་ན། གྲོགས་དངོས་གྲུབ་ཀྱིས་མིག་ཤེཀ་ནག་པོ་བརྒྱབས་ཏེ། མིག་མེད་པར་མ་བཟོ་ན་ལེགས་ཞེས་པ་ཞིག་ཐོས། སྣང་རྟགས་མེད་པར་ཨ་རིར་ཡང་མིག་ཤེལ་ནག་པོ་ཞིག་ཡོད་པ་གཟིགས་ནས། སོག་པོ་དགེ་བཤེས་ཟླ་བ་བཟང་པོས་མིག་ཤེལ་ནག་པོས་མིག་ཤུགས་མེད་པར་འགྲོ་ཚུལ་གསུངས་པ་ནས། དེ་ནས་མིག་ཤེལ་ནག་པོ་རྒྱབ་པ་སྤངས་པ་ལྟ་བུ་ཡིན། ད་བར་ལོ་ལ་དཔགས་པས་བདག་རང་མིག་གསལ་ཐག་ཆོད་ཡོད། རྒྱུན་རིང་པོར་ལ་དྭགས་ཀྱི་ཐང་སྐམ་ལྟ་བུར་འགྲོ་དགོས་བྱུང་ན། ཉི་ཟེར་ལུས་ལ་ལ་ཕན་པར་མ་ཟད་མིག་ལ་ཡང་ཕན། ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་ཞབས་ཀྱིས་ཉི་ཟེར་ལ་བརྟེན་ནས་སྤྱན་ལ་སྨན་བཅོས་མཛད་ཅེས་གསུངས་པ་ཐོས།
གོང་གི་བུ་ལོ་ཆུང་དེས་མིག་ཤེལ་ནག་པོ་གྱོན་པ་མཐོང་ནས་འདི་ལྟར་བྲིས་པ་དགེ་བར་གྱུར་ཆིག །
ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཁྱེད་ཀྱིས་རང་ཉམས་དང་འབྲེལ་བའི་ཞལ་ཏ་གནང་བར་བཀའ་དྲིན་ཆེ་ཞུ། ངའི་བུ་ཆུང་གིས་གྱོན་པའི་མིག་ཤེལ་དེ་བཞིན་ཉི་ཟེར་དང་འཕྲད་སྐབས་མདོག་ནག་པོར་འགྱུར་འགྲོ་བ་དང་། ཉི་འོད་དང་མ་འཕྲད་ཚེ་ཁ་དོག་དཀར་བོར་འགྱུར་འགྲོ་བའི་སྟབས་བདེའི་མིག་ཤེལ་ཞིག་རེད། ངས་ཀྱང་མིག་ཤེལ་དེ་འདྲ་ཞིག་གྱོན་བཞིན་ཡོད། ད་ཕན་མིག་ལ་གནོད་སོང་སྙམ་པའི་ཚོར་སྣང་དེ་འདྲ་བྱུང་མ་སོང་། འོན་ཏེ། ཕྱི་ནས་དེ་སྐོར་ལ་དྲི་རྩད་དོ་སྣང་ངེས་པར་དུ་བྱ་ངེས་ཡིན། སླར་ཡང་ཐུགས་རྗེ་ཆེ་ཞུ།